ཁྲོ་གཏུམ།
རྒྱ་མཚོའི་རླབས་ངོས་སུ་ཆུ་སྐྱུར་འཕུར་བ
གྲང་ངར་གྱི་གདོང་ཐད་ཀར་མངོན་པའི་དུས་ཚིགས་ཤིག་ལ
རླབས་ཀྱིས་སྐྱོམ་པའི་གཉེར་རིས་སུ
ཚིག་འབྲུ་ག་ཚོད་ག་ཚོད་ཡོད་པ་སུ་ཡིས་རྟོགས
མིག་ཚད་ཀྱིས་ཟིན་པའི་རྒྱ་མཚོའི་ཕ་རོལ་ཕ་རོལ་དེ་ན
སེམས་ཚོད་ཀྱིས་ཟིན་པའི་ཡུལ་གྲུ་སྐྱིད་པ་ཞིག
ན་ཚོད་དར་དུས་ཀྱི་བག་ཆགས་འཇོག་ས
ལོ་ཚོད་ལོན་དུས་ཀྱི་དྲན་ཤིང་ལྕི་མོ་དེ་རིགས
ཚོད་ཚོད་ལ་དྲན་སླ་ཞིང
མཚམས་མཚམས་སུ་ལོག་འདོད་པ
ན་ཚོད་གཞོན་དུས་དེར
མཐོ་སྒང་གི་རི་བོ་རྣམས་ཀྱི་རྩེད་མོར་ཅེར་ཞོར
རི་བོ་དང་རི་བོ་བརྒལ་ནས་ཅི་ཞིག་འཚོལ་འདོད
ད་ལྟའི་ན་ཚོད་ལ་ཞི་བདེ་རྒྱ་མཚོའི་རླབས་སྒྲའི་དབྱིངས་དང་བསྡུངས་ཏེ
ཕ་མཐའ་ནས་ཕ་མཐར་ལྟ་ཞོར་ཆུང་དུས་ཀྱི་ཡུལ་དེར་ལོག་བསམ
སེམས་པ་རླབས་ཀྱིས་སྒུལ་བའི་ཡུལ་གྲུ་ཞིག་ཏུ
སྔོ་ལྗང་གི་གཡུ་ལོ་རྒྱས་པའི་འབྲོག་ཐང་ལ་འཕྱན
འཚོ་བའི་རླབས་ངོས་སུ་ཤོག་བུ་དང་སྨྱུ་གུ་རྩེན་ཡང
ཚོར་བའི་འཕྱོ་སྟངས་ཤིག་གི་འགྲོས་སུ་གོམ་པ་དབོར
ཕྱི་ལོ་ ༢༠༢༠ ཟླ་ ༠༨ ཚེས་ ༡༨ཉིན།