འདན་ཀུན་དགའ།
རྩིས་འཕྲུལ་སྒྲོམ་སྟེགས་ཀྱི་མདུན་དུ་ཙོག་ཏེ་དྲ་གྲོགས་དུ་མའི་ལྷན་དུ་ཁ་བརྡ་བྱེད་ཀྱིན་ཡོད་ལ་ངས་གཏགས་ཀྱིན་པའི་ཡིག་འབྲུ་མཐའ་དག་དབྱིན་ཡིག་ཡིན་ལ་ཁོ་ཚོའང་དེ་བཞིན་རེད། མཚམས་ལན་རེེར་”ང་ཚོ་བོད་མི”་ཡིན་ཟེར་མཁན་ཁ་ཤས་འདུག་མོད། ཁོང་ཚོ་ལ་ངོ་རྟགས་དང་བདེན་དཔང་ཅི་ཡང་སྟོན་རྒྱུ་མེད་པས་རྐྱེན་དང་མིའི་སྤྱི་ཚོགས་སུ་དེང་སང་ཨེ་ཤ་ཡ་དང་ཡོ་རོབ། ཧྥེ་གླིང་བཅས་མི་རིགས་ཆེན་པོ་གསུམ་མ་གཏོགས་མེད་ལ། ཁོང་ཚོའི་ཐུན་མོང་གི་ཡི་གེའང་དབྱིན་ཡིག་ལས་མ་འདས་མོད། གླིང་ཆེན་ཁོངས་སོ་སོའི་ས་ཁུལ་རེ་ན་ད་དུང་སྐད་ཡིག་དུ་མའི་ཚེ་སྲོག་གསོན་གནས་བྱས་ཡོད་པར་ཐོས།
ཟླ་ངོ་ཁ་ཤས་ཀྱི་སྔོན་ཏེ་སྤྱི་ལོ་༢༥༡༣་ལོའི་ཟླ་༡༡ ་པའི་ནང་ཨེ་ཤ་ཡའི་གླིང་དུ་ས་དཔྱད་རིག་པ་བ་ཁ་ཤས་ཀྱིས་བརྟག་དཔྱད་བྱས་པར་གཞིགས་ན། གངས་བོད་མཐོ་སྒང་གི་རི་འདབས་ཤིག་ནས་རྙེད་པའི་མིའི་རྐང་རུས་ནི་ཨེ་ཤ་ཡའི་མིའི་རུས་རྐང་དང་གཏན་ནས་མི་མཚུངས་པའི་ཁྱད་ཆོས་དུ་མ་ཡོད་པར་བཤད་ལ། དེ་མ་ཐག་སྐད་རིགས་ཉམས་ཞིབ་པ་འགས་ཀྱང་ས་དེ་ནས་སྔོན་ཆད་ཤེས་རིག་ཅིག་གི་དཔལ་ཡོན་རྒྱས་པར་བརྩད་གཅོད་ཀྱིས་ཁུངས་སྐྱེལ་བྱས་ཤིང་དེ་རུ་ལོ་ངོ་བཞི་བརྒྱ་ལྷག་གི་ཡར་སྔོན་གྱི་ཡིག་རིགས་ཤིག་རྙེད། ཁོང་ཚོའི་ཞིབ་འཇུག་གི་སྙན་ཐོའི་ནང་དེ་ལ་”བོད་ཡིག”་ཟེར་ཞིང་མི་རིགས་ཤིག་གི་སྐད་ཡིག་ཡིན་པར་བཤད་ལ་དེའང་”བོད་མི་རིགས”་ཞེས་པ་དེ་ཡིན་པར་འདོད། དེ་མ་ཐག་སྔོན་ཆད་དྲ་གྲོགས་དེས་”ང་བོད་མི་ཡིན”་ཞེས་པའི་སྐད་ཆ་དུམ་བུ་དེ་དྲན་ཡོང།
རྗེས་སུ་བརྩད་གཅོད་རིམ་པར་བྱས་མཐར་ངའི་ཨ་ཕའང་མི་རིགས་དེའི་རྒྱུད་པ་རེད་ཟེར་ལ་”ངའང་བོད་མི་ཡིན”་པའི་ངེས་ཤེས་ཐོབ། སྤྱིར་བཏང་བདག་གི་ལས་རིགས་ནི་རྩོམ་རིག་སྒྱུ་རྩལ་ཐད་ཞིབ་འཇུག་བྱ་རྒྱུ་ཡིན་ཞིང་དེའི་ཐོག་སྐད་ཡིག་འདྲ་མིན་གྱི་རྩོམ་ཡིག་ཀློག་རྒྱུར་སྤྲོ་བ་ཤིན་ཏུ་ཆེ། དེའི་སྟབས་ཀྱིས་”བོད་ཡིག”་ཅེས་པའི་སྐད་ཡིག་དེ་ལ་བརྡ་སྤྲོད་ཀྱི་འགྲོ་སྟངས་ཡོད་མེད་དང། དེས་རྩོམ་ཡིག་འབྲི་ཐུབ་ཀྱི་ཡོད་དམ། ཡང་དེའི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་ཆོས་སོགས་ཇི་ལྟར་རམ་སྙམ་ནས་སྐད་རིགས་ཞིབ་འཇུག་པ་ཞིག་ལ་དྲ་འཕྲིན་བཏང། འཕྲིན་ལན་དུ་ད་བར་གྱི་ཉམས་ཞིབ་ཁྲོད་དུ་སྐད་ཡིག་འདིར་ཐུན་མིན་གྱི་ཁྱད་ཆོས་མང་ཞིང་དེའི་ལོ་རྒྱུས་ནི་རླབས་ཆེན་ཞིག་ཡིན་པར་བརྗོད་འདུག
སྐད་ཆ་དེ་དག་གོ་བ་དང་ང་ལ་སྔར་མེད་ཀྱི་འདུན་པ་ཞིག་གིས་གནའ་བོའི་བོད་ཡིག་སྐོར་གྱི་གནད་དོན་མང་དུ་ཤེས་རྒྱུ་དང་སྐད་ཡིག་དེ་ཀློག་ཐུབ་པར་སྦྱངས་པ་བྱ་ཐུབ་ན་སྙམ་སྟེ། ཆེད་དུ་གནའ་རྫས་བརྟག་དཔྱད་ཁང་གི་དཔེ་རྙིང་དག་དང་རྡོ་ཆས། ཤིང་དཔར་སོགས་གནའ་བོའི་ཅ་དངོས་ཅི་རིགས་ལ་དཔྱད་པའི་སྙན་ཐོ་དང་སྐད་རིགས་ཞིབ་འཇུག་པ་རྣམས་དང་ལྷན་བོད་ཡིག་སྐོར་ལ་ཉམས་ཞིབ་གནང་ཞོར་སྦྱངས་པ་ཡིན། མཐའ་མར་ངས་ཤེས་རྟོགས་ལྟར་ན། སྐད་ཡིག་དེའི་འབྱུང་ཁུངས་ནི་ལོ་ངོ་ཉིས་སྟོང་ཙམ་གྱི་ཡར་སྔོན་ལ་རྒྱལ་པོ་ཞིག་གི་བློན་པོ་༼ཐོན་མི་སམ་བྷོ་ཌ༽རིག་པ་རྣོན་པོ་ཞིག་གིས་གསར་བཏོད་གནང་ཞིང་དར་ཁྱབ་ཏུ་འགྱུར་བ་རེད་འདུག་ལ། རྗེས་སུ་དུས་རབས་ཉེར་གཅིག་དང་ཉེར་གཉིས་ཀྱི་དཀྱོག་མཚམས་སུ་རྒྱལ་ཁབ་དེའི་རང་བཙན་ཤོར་བ་དང་གོ་ལ་གཅིག་འགྱུར་གྱི་མིང་བྱང་འོག་ཏུ་བོད་ཡིག་ཉམས་ཤིང་རྒུད་པར་གྱུར་ཏེ་མཐར་རྩ་སྟོང་དུ་ཕྱིན་པར་གྲགས།
ད་ལྟའི་འཛམ་གླིང་གི་ཆོས་ལུགས་ཆེན་མོ་གསུམ་གྱི་ཡ་གྱལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱང་བོད་ཡིག་གི་ནང་དུ་དར་སྤེལ་གྱིས་ཁྱབ་ཆེར་བྱུང་འདུག་མོད། རྗེས་སུ་ནང་པའི་གཞུང་ཆ་ཚང་དབྱིན་ཡིག་ཏུ་བསྒྱུར་ཚར་བ་ན་དེ་ལ་རྒྱུན་འཛིན་དང་གཅེས་ཉར་བྱ་མཁན་ཇེ་ཉུང་ནས་ཇེ་དཀོན་དུ་ཆགས་པས། མཐར་བོད་ཡིག་གི་བསྟན་པ་ཉམས་པར་བཤད་ལ། བོད་ཡིག་རྩ་བརླག་ཏུ་སོང་རྗེས་ཀྱི་ལོ་བཅུ་ཕྲག་གཉིས་རིང་”བོད་མི”་དང་”བོད་མི་རིགས”་ཞེས་པའང་མིང་སྟོང་ཙམ་ལས་ལྷག་མེད་པར་བསམ། རིག་པས་བརྟག་ན་སྐབས་དེའི་ཐུན་མིན་གྱི་རིག་གཞུང་ཞིག་དང་ཁྱད་འཕགས་ཅན་གྱི་རིག་གནས་ཤིག་ཀྱང་བོད་ཡིག་དང་འདྲེས་ནས་ཉམས་ཆག་རྩ་མེད་ལ་རིམ་བཞིན་ཕྱིན་ནས་དེང་སང་གི་སྣ་ཉུང་རིག་གཞུང་འདི་དག་ལས་མེད་པ་ནི་ཇི་འདྲའི་ཕངས་འོས་པ་ཞིག་རེད་ཨང་།
ཟླ་ངོ་ཁ་ཤས་ཀྱི་སྔོན་ཏེ་སྤྱི་ལོ་ ༢༥༡༣ ལོའི་ཟླ་ ༡༡ ནང་ཟེར་བ་ནས་ད་ལྟ་སྤྱི་ལོ་ ༢༠༢༣/ ཡིན་ན་སྤྱི་ལོ་ ༢༥༡༣/ འདི་ག་འདྲ་རེད་གསལ་བཤད་གནང་དང་།