ལུའུ་ཞུན་གྱིས་བརྩམས།
སྤྲིན་བྲལ་གྱིས་བསྒྱུར། མདོ་སྨད་ཟི་ལིང་།
ཁྱེད་ཀྱིས་ཕ་རོལ་ནི་བདེ་ཐང་ཞིག་རེད་འདོད་དམ། གཏན་ནས་མིན། དོན་ངོ་མར་དེ་ནི་བྱེ་སྒང་ཞིག་ཡིན་ལ་། དེའི་འོག་ནི་གནའ་བོའི་མཁར་རྙིང་ཞིག་ཡིན།
གནའ་སྔ་མོ་ཞིག་ནས་གནའ་བོའི་མཁར་རྙིང་དེ་རུ་མི་གསུམ་བསྡད་ཡོད། གནའ་བོའི་མཁར་རྙིང་དེའི་རྒྱ་ཁྱོན་ཆེ་རྒྱུ་མེད་རུང་དཔངས་ཧ་ཅང་མཐོ། སྒོ་གཅིག་མ་གཏོགས་མེད་ལ་། དེ་ཡང་འགག་སྒོ་ཞིག་ཡིན། སྔོ་ལ་ཞ་མདོག་གི་སྨག་རུམ་སྟུག་པོ་དེས་རྦ་རླབས་དྲག་པོ་དང་གཉིས་སུ་མེད་པར་བྱེ་མ་ཁུར་ནས་འོང་།
དར་མས། བྱེ་མ་ཐོན་ཐལ། གསོན་ཐབས་བྲལ། བྱིས་པ་མྱུར་དུ་ཕྲོས་ཟེར།
རྒན་པས། འཆལ་གཏམ། དེོན་དེ་འདྲ་གཏན་ནས་མེད་ཟེར།
དེ་ལྟར་ལོ་གསུམ་དང་ཟླ་བ་བཅུ་གཉིས། ད་དུང་ཉིན་བརྒྱད་འདས།
དར་མས། བྱེ་མའི་བརྩེགས་རིམ་ཇེ་མཐོ་རེད། གསོན་ཐབས་བྲལ། བྱིས་པ་མྱུར་དུ་ཕྲོས་ཟེར།
རྒན་པས། འཆལ་གཏམ། དོན་དེ་འདྲ་གཏན་ནས་མེད་ཟེར།
དར་མས་འགག་སྒོ་དེ་ཕྱེ་འདོད་ཀྱང་སྟེང་ལ་བྱེ་མ་མང་པོ་བརྩེགས་ཡོད་པས་ཇེ་ལྗིད་དུ་གྱུར་འདུག དར་མས་རང་ནུས་གང་ཡོད་ཀྱིས་ཤི་བརྩོན་བྱས་ཏེ་འགག་སྒོ་ཡར་བཀྱགས་ཀྱང་མཐོ་ཚད་ཁྲི་ཙི་གཉིས་ཡན་ལས་འགྱོག་མ་ཐུབ།
དར་མས་བྱིས་བ་དེ་ལག་པས་བླངས་ཏེ་ཕྱིར་བསྐྲད་རྗེས། མྱུར་དུ་ཕྲོས་ཟེར།
རྒན་པས། བྱིས་བ་ཕྱིར་འཐེན་ཏེ། དོན་དེ་འདྲ་གཏན་ནས་མེད་ཟེར།
དར་མས། འདི་གཞུང་ལུགས་མ་རེད། དོན་དངོས་མིག་ཐོག་ལ་ཤར་བ་རེད་། མྱུར་དུ་ཕྲོས་ཟེར།
སྔོ་ལ་ཞ་མདོག་གི་སྨག་རུམ་སྟུག་པོ་དེས་རྦ་རླབས་དྲག་པོ་དང་གཉིས་སུ་མེད་པར་བྱེ་མ་ཁུར་ནས་འོང་། རྗེས་ཕྱོགས་ཀྱི་གནས་ཚུལ་ང་ལ་གསལ་ཆ་མེད། ཁྱེད་ཀྱིས་ཤེས་འདོད་ན། བྱེ་སྒང་དེ་བསློག་ནས་གནའ་བོའི་མཁར་རྙིང་དེར་ལྟོས་དང་། འགག་སྒོའི་འོག་ན་ཕལ་ཆེར་བེམ་པོ་ཞིག་ཡོད་སྲིད། འགག་སྒོའི་ནང་ན་མི་གཉིས་ཡོད་དམ་མི་གཅིག་ཡོད།