ཚེ་དབང་།
འཛམ་གླིང་ཡོངས་སུ་ཁྲིམས་ཀྱི་ལམ་སྲོལ་དེའི་གྲགས་པ་ས་སྟེང་དུ་ཁྱབ་པའི་ཨི་ཏྲ་ལི་ཡན་གྱི་ཕྱེད་གླིང་དེ་འགྲོ་བ་མི་རྣམས་ཀྱི་ཁྱིམ་གཞིས་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། ལོ་རྒྱུས་ནང་གི་གྲོང་ཚོ་ཆུང་ཆུང་རོམ་ཞེས་པ་དེ་རིམ་བཞིན་ཆེས་སྟོབས་ཤུགས་ཆེ་བའི་རྒྱལ་ཁམས་ཤིག་ཏུ་གྱུར་ཡོད་ལ། དེ་ནི་དམག་གི་འཐབ་རྩལ་ལེགས་པ། ཐབས་ཇུས་ལ་མཁས་པ། གོ་སྐབས་བཟང་བ་བཅས་ལ་བརྟེན་ནས་བྱུང་བར་བཤད། གནའ་བོའི་གཏམ་རྒྱུད་དུ་བཤད་སྲོལ་ལྟར་ན། རོམ་ཞེས་པའི་རྒྱལ་ཁམས་དེ་ཉིད་ཕོ་གཞོན་རོ་མུ་ལུ་སི་ཞེས་པ་དེས་བཙུགས་པ་དང་། གཏམ་རྒྱུད་དེའི་ནང་དུ་རོ་མུ་ལུ་སི་ཡིས་ཁོང་ཚོའི་གྲོང་ཚོ་་ཉིད་ལ་གྱང་ར་འཛུགས་སྐྲུན་གྱིས་ཕྱོགས་ཡོངས་ནས་ར་བ་བསྐོར། ཁོའི་སྤུན་མཆེད་དེ་གྱང་རའི་ཐོག་ནས་མཆོང་བས་ན། རོ་མུ་ལུ་སི་ཁོང་ཁྲོ་ལངས་ནས་སྤུན་མཆེད་ཀྱི་ཚེ་སྲོག་བཀུམ། དེ་ནས་བཟུང་རོ་མུ་ལུ་སི་བཤད་རྒྱུར། སྐྱེ་བོ་སུ་ཞིག་གིས་རོམ་གྱི་གྱང་ར་འདི་གཏོར་སྐྱོན་དང་ལུགས་མཐུན་མ་ཡིན་པ་བྱས་ན་ཁོ་བོས་སྤུན་མཆེད་ལ་གང་བྱུང་བའི་ཆག་སྒོ་དེ་ཡོང་རྒྱུ་རེད། ཅེས་ཞེད་སྣང་སྐུལ་བར་གྲགས།
གནའ་བོའི་གཏམ་རྒྱུད་ནས་བཤད་པའི་རོ་མུ་ལུ་སི་ཞེས་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་མིན་གང་ལྟར་ཡང་། མི་རྒྱུད་དཔྱད་རིགས་པ་དང་ལོ་རྒྱུས་སྨྲ་བ་མང་ཆེ་བས་རོམ་ཞེས་པའི་རྒྱལ་ཁམས་དེ་ཐོག་མར་གྲོང་ཚོ་ཆུང་བ་ཁག་འགའ་ཞིག་གི་མཐའ་སྐོར་དུ་རི་བོ་བདུན་གྱིས་བསྐོར་བའི་ཡུལ་ལུང་ཞིག་ལས་གྲུབ་པ་དང་། རིམ་བཞིན་གྲོང་ཚོ་ཆུང་བ་རྣམས་མཉམ་དུ་ཟླ་སྒྲིལ་གྱིས་རྒྱ་ཆེ་རུ་ཕྱིན་ནས་གྲོང་ཁྱེར་ཆེན་པོ་ཞིག་ཆགས་པའི་གཏམ་རྒྱུད་དེ་ལ་ཡིད་ཆེས་བྱེད།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་750 ཡས་མས་སུ་གྲོང་བརྡལ་གྱི་མགོ་པ་རྣམས་མཉམ་དུ་འཛོམས་ནས་ཁོང་ཚོའི་གྲོང་ཚོ་ཡོངས་ཀྱི་སྤྱི་ལ་ཁྱབ་པའི་གཞུང་ཞིག་འཛུགས་པའི་གྲོས་མཐུན་བྱུང་། སྲིད་གཞུང་གཅིག་གི་འོག་ནས་གྲོང་བརྡལ་ཚང་མ་གཅིག་སྒྲིལ་བྱེད་ཐུབ་པ་བྱུང་བ་དེ་ནི་རོམ་གྱི་རྒྱལ་ཁམས་ཐོག་མ་དེ་ངོས་འཛིན་བྱེད་བཞིན་ཡོད།
དབང་བསྒྱུར་བ་ཨི་ཁྲི་ར་སི་ཀན། Etruscan།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་620 ལ་རོམ་རྒྱལ་ཁམས་དེ་ཕྱིར་ཕྱོགས་ནས་བཙན་འཛུལ་གྱིས་ཨི་ཁྲི་ར་སི་ཀན་ Etruscan ཞེས་པའི་དཔོན་པོ་དེས་དབང་བསྒྱུར་བྱས། དབང་བསྒྱུར་བ་ཨི་ཁྲི་ར་སི་ཀན་ Etruscan གྱིས་ཨི་ཏྲ་ལི་ཡི་བྱང་ཕྱོགས་ཀྱི་མངའ་ཁུལ་ཡོངས་རྫོགས་དབང་བསྒྱུར་ནས་རོམ་གྱི་རྒྱལ་པོ་བྱས། རྒྱལ་པོ་དེ་ནི་མངའ་བདག་གི་ཁྱིམ་རྒྱུད་ཏྲར་ཁུ་ཨིན་ཇིའི་རྒྱུད་པ་ཡིན་པར་བཤད།
དེ་ནས་བཟུང་ཨི་ཁྲི་ར་སི་ཀན་ Etruscan གྱིས་མི་ལོ་111 རིང་རོམ་རྒྱལ་ཁམས་དེ་དབང་བསྒྱུར་བྱས་པ་དང་། མི་ལོ་111 དེའི་རིང་། ཁོང་ཚོས་རོམ་རྒྱལ་ཁམས་འཛུགས་སྐྲུན་བྱས་ནས་ཨི་ཏྲ་ལའི་ནང་གི་གྲོང་ཁྱེར་ཕྱུག་ཤོས་དེ་ཆགས་ཡོད། དེ་བཞིན་རོམ་གྱི་མི་རྣམས་ལ་ཇོ་མོ་བཟོ་སྟངས་དང་ཁང་པའི་ཐོག་རྫ་མ་འགེབས་པ། ལམ་ཁ་དང་གྲོང་ཁྱེར་སོགས་ཀྱི་བཟོ་བཀོད་དང་རྣམ་པ། མི་དམངས་ཀྱི་ལས་དཀའ་འཕེལ་རྒྱས་གཏོང་ཚུལ་སོགས་བསླབས་པར་གྲགས། མ་ཟད་ཨི་ཏྲི་རུ་སི་ཁོན་གྱིས་ཁོང་ཚོའི་རིག་གཞུང་དང་སྲོལ་རྒྱུན། ཆོས་ལུགས། སྒྱུ་རྩལ། རྩོམ་རིག་དང་སྙན་ཚིག དེ་བཞིན་འཁྲབ་སྟོན་སོགས་ཀྱང་བསླབས་པར་བཤད།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་534 ནང་རོམ་གྱི་ཡུལ་ནས་རྒྱལ་པོ་གསར་པ་སྟོབས་ཤུགས་ཅན་ཞིག་བྱུང་ཞིང་དེ་ནི་ཁེངས་དྲེག་ཆེ་བའི་མངའ་བདག་གི་ཁྱིམ་རྒྱུད་ཏྲར་ཁུ་ཨིན་གྱི་རྒྱུད་པ་ཡིན།
རྒྱལ་པོ་འདི་གདུག་རྩུབ་ཆེ་བའི་རྐྱེན་གྱིས་ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ 509 ལ་རོམ་གྱི་མི་སེར་རྣམས་ཀྱིས་རྒྱལ་པོ་ལ་ངོ་ལོག་བྱས་ནས་ཨི་ཏྲི་རུ་སིའི་རྒྱུད་པས་རོམ་དབང་བསྒྱུར་བྱས་པའི་དུས་ཡུན་དེ་མཇུག་བསྒྲིལ།
ཕ་ཏྲི་རི་ཤན།
རོམ་གྱི་རྒྱལ་ཁམས་དུ་ཨི་ཁྲི་ར་སི་ཀན་ Etruscan གྱིས་དབང་བསྒྱུར་བྱེད་པའི་སྐབས། རོམ་གྱི་ཤེས་ཡོན་དང་དཔལ་འབྱོར་སོགས་ཡུལ་ཁམས་དེ་ཉིད་སྔར་དང་མ་འདྲ་བའི་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལ་རོམ་གྱི་ཤེས་ཡོན་དང་རྒྱུ་ནོར་སོགས་མང་ཆེ་བ་ཕ་ཏྲི་རིན་ཤན་གྱིས་དབང་བསྒྱུར་དུས་རིམ་སྐབས་སུ་བྱུང་ཡོད། ཨི་ཏྲི་རུ་སི་ཁན་ཕམ་ཉེས་སུ་བཏང་རྗེས། རོམ་གྱི་མི་རྣམས་ཀྱིས་ཕར་ཏྲི་རི་ཤོན་ལ་མངའ་སྡེའི་དུས་འགྱུར་ལ་འགོ་ཁྲིད་ནས་རྒྱལ་ཁམས་ལེགས་ལམ་དུ་ཁྲིད་པའི་རེ་བ་གསར་པ་ཞིག་བརྒྱབ་བཞིན་ཡོད། ཕར་ཏྲི་རི་ཤོན་གྱིས་མི་རྣམས་ལ་རོམ་གྱི་ཡུལ་ཁམས་དུ་སྲིད་གཞུང་གསར་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས། སྲིད་གཞུང་གསར་པ་དེ་ལ་མི་སེར་རྒྱལ་ཁབ་ཅེས་འབོད། མི་སེར་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཐོག་མར་གྷི་རིགས་ཀྱི་མཚན་ཉིད་རིག་པ་ཆེན་པོ་ཨ་རོ་སི་ཏྲོལ་ཏྲེ་ཡིས་གཏན་ལ་ཕབ་པ་ཞིག་ཡིན། མི་སེར་རྒྱལ་ཁབ་དེ་ཡི་གཞི་རྩའི་གྲུབ་ཆ་ནི་ཚོགས་པ་བྱེ་བྲག་པའི་མགོ་ཁྲིད་རྣམས་འདེམས་སྒྲུག་གིས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་མཁན་དེ་བཀུར་བཞིན་ཡོད།
རོམ་གྱི་སྲིད་གཞུང་ལམ་ལུགས།
རོམ་གྱི་མི་དམངས་སྲིད་གཞུང་དེ་ཚོགས་སྡེ་བྱེ་བྲག་པའི་མགོ་ཁྲིད་ཚོས་སྟངས་འཛིན་བྱེད་བཞིན་པ་དང་དེ་དག་ནི་ཕས་ཏི་རི་ཤོན་གྱི་ཚོགས་སྡེ་དག་ཡིན་པ་རེད། མགོ་ཁྲིད་དེ་དག་གིས་གྲོས་ཚོགས་གོང་མའམ་ཁྲིམས་བཟོ་སྟངས་འཛིན་ལྷན་ཚོགས་ཀྱི་མི་སྣ་འདེམས་སྒྲུག་བྱེད་ཀྱི་ཡོད། གྲོས་ཚོགས་དེ་ནི་ཧ་ལམ་མགོ་ཁྲིད་མི་སྣ་༣༠༠ ཙམ་གྱིས་གྲུབ་ཡོད།
གྲོས་ཚོགས་གོང་མ་དེས་ཁྲིམས་དང་། དམག་གི་སྟོབས་ཤུགས། རྒྱལ་ཁབ་ཀྱི་ལས་གཞི། ཁྲལ་བསྡུའི་སྐོར། དེ་བཞིན་སྲིད་གཞུང་གི་ལམ་ལུགས་དང་གནད་དོན་སོགས་ལ་འོས་ཤོག་ལམ་ནས་ཐག་གཅོད་བཞིན་ཡོད།
མ་ཟད་རོམ་གྱི་གྲོས་ཚོགས་གོང་མ་ནས་མི་གཉིས་འདེམས་སྒྲུག་བྱེད་བཞིན་ཡོད་པ་དང་། མགོ་ཁྲིད་དེ་གཉིས་ལ་ཁྲིམས་དཔོན་ཞེས་འབོད། ཁྲིམས་དཔོན་གཉིས་ཀྱི་དུས་ཡུན་ལོ་གཅིག་གི་རིང་འགན་ཁུར་དགོས་པ་དང་། སྲིད་གཞུང་གི་འཛིན་སྐྱོང་ནང་གི་ཡན་ལག་གཙོ་བོ་ཞིག་ཏུ་གྲུབ་ཡོད། ཁོང་གཉིས་ལ་སྲིད་གཞུང་གི་སྤྱི་ཆབ་ལ་བལྟ་བའི་དབང་ཚད་ཡོད་ལ། ལས་བྱེད་དང་། ཁྲལ་བསྡུ་བ། དེ་བཞིན་ཁྲིམས་ལུགས་སོགས་ནན་ཏུར་གྱི་དྲང་བདེན་ཡོང་བ་སོགས་ལ་འགན་འཁྲི་ཆེན་པོ་ཡོད་པར་བཤད། ཁྲིམས་དཔོན་གཉིས་དང་དེ་བཞིན་ཚོགས་པ་གཞན་དང་མཉམ་དུ་ལས་དོན་མཉམ་མོས་བྱུང་ན་དབང་ཚད་ཆེན་པོ་ཡོད་པ་ཡིན། གལ་ཏེ་ཚོགས་མི་གཞན་གྱིས་ལས་དོན་ལ་མོས་མཐུན་དང་མཉམ་རོགས་མ་བྱས་ན་ཁྲིམས་དཔོན་གཉིས་ཀྱིས་ལས་དོན་གང་ཡང་བསྒྲུབ་ཐུབ་པའི་ནུས་པ་མེད། དེ་མིན་ཁོང་གཉིས་ཀྱི་ལས་དོན་ལ་ཚོགས་མི་གཞན་རྣམས་ཀྱིས་མང་མོས་འོས་ཤོག་ལམ་ནས་ལས་དོན་ལ་ཞིབ་བཤེར་དང་། དེར་རོགས་རམ་རྒྱུད་ཐག་ཆོད་བྱེད་དགོས།
རྒྱལ་ཁབ་ཀྱི་དོན་གནད་ཆེན་པོ་དང་། དེ་བཞིན་དམག་གི་ཡོ་ལང་བྱུང་བའི་སྐབས་སུ་རོམ་གྱི་མི་དམངས་རྣམས་ཀྱིས་འོས་ཤོག་ལམ་ནས་དབང་འཛིན་མི་སྣ་ཞིག་འདེམས་བསྐོ་བྱེད་ཀྱི་ཡོད་ལ། སྲིད་གཞུང་གི་དབང་ཆ་ཡོངས་རྫོགས་ཁོང་ལ་ཡོད་པ་དང་། དེ་ནི་སྲིད་དབང་སྒེར་འཛིན་དང་འདྲ་མཉམ་ཡིན། ཁོས་གང་ཞིག་བཤད་པ་དེ་ཁྲིམས་ལུགས་སུ་འགྱུར། སུས་ཀྱང་དེ་ལ་བཀག་འགོག་བྱེད་མི་ཆོག ། གང་ལྟར་ཁོང་གིས་རྒྱལ་ཁམས་ལ་ཉེན་ཁ་དང་ཛ་དྲག་ཆེ་བའི་དོན་གནད་སེལ་བའི་ཐབས་ལམ་དེ་བཏོན་དགོས་ཤིང་། དེ་སེལ་རྗེས་ཁོང་གི་དབང་ཆ་དེ་སྔར་ལམ་བཞིན་གྲོས་ཚོགས་གོང་མ་དང་དེ་བཞིན་འཐུས་མི་རྣམས་ལ་ཡོད་པ་ཡིན། བསྐྱར་དུ་གྲོས་ཚོགས་གོང་མའི་འཐུས་མི་ཚོས་་ཁྲིམས་དཔོན་ཆེ་ཤོས་གཉིས་འདེམས་སྒྲུག་གི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད། རོམ་མི་དམངས་སྲིད་གཞུང་དེ་ཉིད་ཧ་ལམ་མི་ལོ་500 ཙམ་དུ་གནས་ནས་རོམ་གྱི་རྒྱལ་ཁམས་དེ་ཉིད་བརྟན་བརླིང་དང་། ཞི་བདེ། དེ་བཞིན་རང་དབང་སོགས་ཀྱིས་ཕྱུག་པའི་རྒྱལ་ཁམས་ཤིག་ཏུ་གྱུར་ཡོད།
རོམ་གྱི་ཆོས་ལུགས།
རོམ་གྱི་ཆོས་ལུགས་དེ་ནི་ཡུལ་ཕྱོགས་གཞན་ནས་ཡོང་བའི་མི་རྣམས་ཀྱིས་ཆོས་ལུགས་རྒྱུད་ནས་བྱུང་བར་བཤད་ལ། ཁོང་ཚོས་ཆོས་ཀྱི་བྱེད་སྒོ་དེ་ནི་སྔོན་གྱི་དབང་བསྒྱུར་བ་ཨི་ཁྲི་རུ་སི་ཀན་ཚོས་ཆོས་ཀྱི་བྱེད་སྒོ་དང་གཅིག་པ་ཡིན། མ་ཟད་ཁོང་ཚོས་གྷི་རིས་སིའི་ལྷ་ལ་མཆོད་འབུལ་བྱེད་པ་དང་། ལྷ་དེ་དག་ལ་རོམ་གྱི་མིང་གསར་པ་རེ་འདོགས་བཞིན་ཡོད། དཔེར་ན། ཛུ་སི་ཞེས་པ་དེ་གཟའ་ཕུར་བུ་དང་། ཨ་རི་སི་ཞེས་པ་གཟའ་མིག་དམར། ཨ་ཕི་རོ་དྷི་ཏི་ཞེས་པ་དེ་གཟའ་པ་སངས་སོགས་མང་པོ་ཞིག་བརྩི་ཚུལ་ཡོད་པར་གྲགས།
རོམ་གྱི་ཁྱིམ་ཚང་།
རོམ་གྱི་རྒྱལ་ཁམས་སུ་ཁྱིམ་རྒྱུད་ནི་ཧ་ཅང་གི་གལ་གནད་ཅན་ཞིག་ཏུ་བརྩི་བཞིན་ཡོད་ལ། རོམ་གྱི་ཁྱིམ་ཚང་ལ་མཚོན་ན་ཁྱིམ་མི་ཡོངས་རྫོགས་ཁ་འཐོར་དུ་མ་ཡིན་པ་གཅིག་ཏུ་སྒྲིལ་ནས་འཚོ་བ་ནི་ཆེས་གལ་གནད་ཆེ་བའི་མི་ཚེ་སྐྱེལ་སྟངས་ཤིག་ཡིན། རོམ་གྱི་ཁྱིམ་ཚང་ལ་ཕ་མ་གཉིས་གཙོས་པའི་ཆང་ས་མ་བརྒྱབ་པའི་བུ་ཕྲུག་ཡོངས་རྫོགས་དང་། དེ་བཞིན་ཁྱིམ་ཚང་ལ་གཡོག་གླ་བྱེད་མཁན་ནམ་བྲན་གཡོག་སོགས་ཡོད།
རོམ་གྱི་ཁྱིམ་ཚང་ནང་གི་གནད་དོན་ཡོངས་རྫོགས་ཐག་གཅོད་བྱེད་མཁན་དེ་ཕ་རྒན་ཡིན་ལ། ཁོང་གིས་དངུལ་ག་ཚད་འགྲོ་སོང་གཏོང་མིན་དང་། དེ་བཞིན་ཕར་བཙོང་ཚུར་ཉོ། ཁྱིམ་ཚང་གི་བྲན་གཡོག་སོགས་བཀོལ་སྤྱོད་དང་གསོད་པ། གཞན་ལ་ཚོང་སྒྱུར་བྱེད་པ་སོགས་དབང་ཆ་ཡོངས་རྫོགས་ཁོང་ལ་ཡོད་པར་བཤད།
སྐྱེ་དམན་རྣམས་གཙོ་བོ་ཁྱིམ་ལས་བྱས་ནས་སྡོད་དགོས་པ་དང་། དེ་བཞིན་ཚོང་ཁྲོམ་དུ་དངོས་པོ་ཙག་ཙིག་ཉོ་རུ་འགྲོ་ཆོག་པར་བཤད། སྲོལ་ལམ་དེར་བསྐྱོད་པའི་བུད་མེད་རྣམས་ལ་སྤྱི་ཚོགས་ནང་དུ་ཆེ་མཐོང་དང་གུས་བརྩི་བྱེད། བུད་མེད་རྒྱུ་ཆེན་འགའ་ཞིག་ནི་རང་རང་གི་རྒྱུ་ནོར་མཁོ་སྒྲུབ་ཀྱི་བྱ་བ་ལ་ཞུགས་ནས་བསྡད་ཡོད།
རོམ་གྱི་མི་རྣམས་ཀྱིས་རང་རང་གི་བྱིས་པ་རྣམས་ལ་རང་གི་ཁྱིམ་ཚང་དེ་ཉིད་ཆེ་མཐོང་ལྡན་པ་ཞིག་བཟོ་དགོས་ཚུལ་དང་། དེ་བཞིན་སྲིད་དོན་མི་སྣ་ཞིག་ཆགས་ཐབས་བྱེད་པ་སོགས་སློབ་ཀྱི་ཡོད། མ་ཟད་ཁོང་ཚོས་ཆེ་མཐོང་དང་ཀུན་སྤྱོད་ལྡན་པ། གཞན་དང་མཉམ་དུ་དྲང་བདེན་སྐྱོང་ཚུལ། གཞན་གྱི་གུས་བརྩི་ཐོབ་པའི་མི་སྣ་ཞིག་ཡོང་བའི་གསོ་སྐྱོང་བྱེད།
རོམ་གྱིས་དབང་བསྒྱུར་དང་རྒྱ་སྐྱེད།
རོམ་གྱི་རྒྱལ་ཁམས་དེ་ལ་ཕྱོགས་གང་སར་ནས་གཞན་གྱི་བཙན་འཛུལ་དང་། དེ་བཞིན་འཇིགས་སྐུལ་ཡོང་བཞིན་ཡོད་ལ། དེ་དག་ནི་ཨི་ཏྲ་ལིའི་གླིང་ཕྱེད་དུ་གནས་པའི་ཚོ་བ་དག་ཡིན། དེ་དག་ལས་སྲུང་སྐྱོབ་བྱེད་པའི་ཆེད་དུ་རོམ་གྱི་རྒྱལ་ཁམས་ཀྱིས་དམག་གི་སྟོབས་ཤུགས་འཕེལ་རྒྱས་བཏང་བའི་མགོ་ཚུགས།
རོམ་གྱི་མི་སེར་ཡོངས་ལ་ཕྱོགས་གང་སར་ནས་གཞན་གྱིས་བཙན་འཛུལ་གྱིས་ཡོ་ལང་ཁྲོད་དུ་དམག་གི་དགོས་མཁོ་ཆེན་པོ་ཡོད་པ་དང་། དམག་མི་རྣམས་ཀྱིས་མི་དམངས་སྲུང་སྐྱོབས་དང་ས་མཚམས་བརྟན་སྲུང་བྱས་ནས་རོམ་གྱི་རྒྱལ་ཁམས་ལ་དྲག་པོའི་དམག་གི་ལམ་ལུགས་དེ་མུ་མཐུད་དུ་གནས་དགོས་པ་ནི་ལྡོག་མེད་ཞིག་ཏུ་གྱུར་ཡོད། ཧ་ལམ་དུས་རབས་གཉིས་སམ། ཡང་ན་དུས་རབས་གཅིག་དང་ཕྱེད་ཙམ་གྱི་རྗེས་སུ་རོམ་གྱི་དྲག་པོའི་དམག་གི་ནུས་སྟོབས་ཀྱིས་རིམ་བཞིན་ཨི་ཏྲ་ལི་གླིང་ཕྱེད་དུ་གནས་པའི་དགྲ་བོ་ཡོངས་རྫོགས་དབང་སྒྱུར་བྱས་ཏེ་རྩ་མེད་བཟོ་ཐུབ་པ་བྱུང་བ་དང་། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་265 ལ་རོམ་གྱི་རྒྱལ་ཁམས་དེ་རྩོད་མེད་ཡོངས་གྲགས་ཀྱིས་མཚོ་གླིང་ཕྱེད་དུ་གནས་པའི་དབང་བསྒྱུར་བ་སྟོབས་ཤུགས་ཆེ་ཤོས་དེ་ཆགས།
རོམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་རྣམས་དབང་བསྒྱུར་བའི་དུས་རབས་སྐབས་སུ་དབང་བསྒྱུར་བའི་ལུང་པ་རྣམས་དང་འབྲེལ་ལམ་ལེགས་པའི་ཡུལ་ལུང་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དུས་རབས་འདིའི་སྐབས་ཀྱི་ལོ་རྒྱུས་ནང་དུ་རྒྱལ་ཁབ་གཅིག་གི་ཡུལ་གཞན་ལ་དབང་བསྒྱུར་བྱེད་སྐབས་དམག་མི་རྣམས་ཀྱིས་དགྲ་བོ་རྣམས་དམར་གསོད་བཏང་ནས་རྩ་མེད་དུ་གཏོང་བ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད། འོན་ཀྱང་རོམ་གྱིས་དེ་ལྟར་མ་ཡིན་པར་ཁོང་ཚོ་སྔར་བཞིན་འཚོ་བ་ལ་དོ་ཕོག་གང་ཡང་མི་གཏོང་བར་རོམ་གྱི་དབང་བསྒྱུར་འོག་ཏུ་གནས་ཆོག་ལ་དེ་བཞིན་ཁོང་ཚོའི་དད་ཡུལ་གྱི་ཆོས་ལུགས་དང་སྲོལ་རྒྱུན་རིག་གཞུང་སོགས་སྔར་བཞིན་རྒྱུད་འཛིན་བྱེད་ཆོག ཆ་རྐྱེན་ཞིག་གིས་འོག་དབང་སྒྱུར་བྱས་པའི་མི་རྣམས་རོམ་གྱི་མི་སེར་ཡང་བྱེད་ཆོག་པའི་ཐོབ་ཐང་སྤྲོད་བཞིན་ཡོད། རྒྱུ་རྐྱེན་དེ་འདྲ་ཞིག་གི་འོག་རོམ་གྱི་རྒྱལ་ཁམས་དེས་མངའ་འོག་ཏུ་ཡོད་པའི་ཡུལ་ལུང་རྣམས་ཆིག་སྒྲིལ་བྱེད་ཐུབ་པ་བྱུང་བ་མ་ཟད་རོམ་གྱི་གོང་མའི་ཁ་རྗེ་དབང་ཐང་སོགས་ཆེས་སྙན་གྲགས་ཅན་ཞིག་ཏུ་གྱུར།
པུ་ནི་ཀའི་དམག་འཁྲུག
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་264 ནས་རོམ་རྒྱལ་ཁམས་དེ་འཛམ་གླིང་ཐོག་ཏུ་ནུས་སྟོབས་ལྡན་པའི་རྒྱལ་ཁབ་ཞིག་ཆགས། ཁོང་ཚོས་ཨི་ཏྲ་ལི་ཡན་མཚོ་གླིང་ཕྱེད་ཡོངས་རྫོགས་དབང་སྒྱུར་བྱས་ཡོད་ལ། དྲག་པོའི་དམག་གི་རྟེན་གཞི་རྒྱ་ཆེན་འཛུགས་སྐྲུན་བྱས། རོམ་རྒྱལ་ཁམས་དེ་འཛམ་གླིང་སྟེང་དུ་ཆེས་སྟོབས་ཤུགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ཡུལ་ཕྱོགས་དེར་རོམ་གྱི་སྟོབས་ཤུགས་ལ་འགྲན་ནུས་བྱེད་མཁན་ནི་ Carthage ཁར་ཐེ་རྗེ་ཞེས་པའི་རྒྱལ་ཁབ་དེ་ལས་གཞན་སུ་ཡང་མེད་པར་བཤད།
ཁར་ཐེ་རྗེའི་རྒྱལ་ཁམས་དེས་མེ་དྷི་ཁྲི་རན་ནི་ཡན་ཕྱོགས་སུ་མི་སེར་སྤེལ་བའི་ལམ་ལུགས་ཐོག་དབང་འཛིན་བྱེད་ཀྱི་ཡོད་ལ། ཁོང་ཚོས་མཚོ་དམག་གི་རྟེན་གཞི་གཞི་རྒྱ་ཆེ་བ་ཞིག་འཛུགས་སྐྲུན་བྱས། འཛམ་གླིང་དུ་མཚོ་དམག་གི་རྟེན་གཞི་ཆེ་ཤོས་ཡིན། རོམ་གྱི་སྲིད་གཞུང་གིས་ཨི་ཏྲ་ལི་དང་སི་སི་ལི་བར་དུ་ཡོད་པའི་མེ་སི་ན་གི་སི་ཁྲི་ར་ཏྲི་བདག་བཟུང་བྱེད་པའི་དོགས་པ་དང་ཉེན་ཁ་ཞིག་ཏུ་བརྩི་བཞིན་ཡོད། དེར་བརྟེན་ས་ཁུལ་དེ་སྲུང་སྐྱོབས་བྱེད་པའི་ཆེད་དུ་རོམ་གྱི་དམག་སྤྱི་ནས་ལྷོ་ཕྱོགས་རྟེན་གཞི་བྱས་པའི་དམག་སྒར་ལ་དམག་བརྒྱབ་དགོས་པའི་བཀའ་བཏང་ནས་ཁ་ཐེ་རྗི་ནི་ཡན་གྱི་མི་སེར་སྤེལ་བའི་ཡུལ་ལུང་དུ་དམག་བརྒྱབ་ནས་མང་པོ་ཞིག་རྩ་བརླག་ཏུ་བཏང་ཡོད།
དེ་ནས་བཟུང་རོམ་གྱིས་ཁ་ཐེ་རྗི་དང་དམག་འཁྲུགས་བྱས་ནས་ཧ་ལམ་མི་ལོ་25 ཙམ་ཞིག་ཕྱིན། དུས་སྐབས་དེར་རོམ་གྱི་དམག་གི་སྟོབས་ཤུགས་ཧ་ཅང་ཆེ། ཁོང་ཚོས་༼འཚོ་ཁར་༽ཁེར་རྐྱང་གི་དམག་བརྒྱབ་སྟེ་མི་སེར་སྤེལ་བའི་ལམ་ལུགས་བསྟར་མཁན་ཚོ་ཕམ་པར་བཏང་རྗེས་དམག་ཕྱིར་འཐེན་བྱས་ནས་མི་སེར་རྣམས་བདེ་འཇགས་དང་ཉེན་ཁ་མེད་པའི་ཐོག་ཏུ་གནས་ཆོག་པར་བྱུང་།
དམག་འཁྲུགས་ཀྱི་ཐབས་བྱུས་ལ་གདོང་ལེན་བྱེད་ཆེད་རོམ་གྱི་རྒྱལ་ཁམས་རང་ངོས་ནས་མཚོ་གྲུ་དམག་སྡེ་མང་པོ་ཞིག་འཛུགས་སྐྲུན་བྱས། མ་ཟད་ཁོང་ཚོས་མཚོ་ཐོག་ཏུ་དམག་འཁྲུགས་ཀྱི་ཆེད་ཐུན་མོང་མ་ཡིན་པའི་ལག་ཆ་གསར་གཟོ་ཐོག་འཕེལ་རྒྱས་གཏོང་ནས་དེ་དག་གིས་ས་ཐོག་དམག་འཁྲུགས་ཀྱི་ནུས་རྩལ་དེ་མཚོ་ཐོག་དམག་འཁྲུགས་སྐབས་སུ་བེད་སྤྱོད་བྱེད་ཆོག་པར་བྱུང་། རོམ་གྱིས་སྦར་འཛིན་ལྕགས་ཀྱུ་བེད་སྤྱད་ནས་དགྲ་བོའི་དམག་གྲུའི་ཐོག་ཏུ་བསྐྱོད་ཐུབ་པ་དང་གྲུ་ཐོག་ཏུ་ཡོང་ནས་ཕན་ཚུན་གདོང་གཏུག་གིས་དམར་འཛིང་བྱེད་བཞིན་ཡོད།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་241 ལོར་རོམ་གྱིས་བཙན་ཤུགས་ཀྱིས་ཁ་ཐེ་རྗི་ཕམ་ཉེས་སུ་བཏང་ནས་མཐར་མགོ་བླང་ཞིང་དེ་དང་མཉམ་དུ་ས་ཆ་དང་རྒྱུ་ནོར་ཕོན་ཆེན་ཞིག་རོམ་ལ་སྤྲོད་དགོས་བྱུང་།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་220 ནང་ཁ་ཐེ་རྗི་ནེ་ཡན་གྱི་ལོ་གཞོན་ཧན་ནི་བྷལ་ཞེས་པ་དེས་སྣེ་ཁྲིད་ནས་བསྐྱར་དུ་རོམ་ལ་དམག་འཁྲུགས་རྒྱབ་ནས་རྒྱལ་ཁ་ཐོབ་པའི་འབད་བརྩོན་བྱས། ཁོས་དམག་མི་40000 བཞི་ཁྲི་དང་གླང་ཆེན་༤༠ ཙམཁྲིད་ནས་རི་བོ་alps་ཨེ་ལ་པོ་སི་བརྒལ་ནས་རོམ་གྱི་ས་ཆར་བཙན་འཛུལ་བྱས།
དམག་འཁྲུགས་འདི་ཡིས་རོམ་གྱི་རྒྱལ་ཁམས་ལ་དཀའ་ཁག་ཆེན་པོ་བཟོས་ནས་ཕྱོགས་མང་པོ་ཞིག་ནས་ཕམ་ཉེས་ཕྱིན། འདི་ནི་ཆེས་དམག་འཁྲུགས་ཀྱི་ཡོ་ལང་དྲན་མི་བཟོད་པ་ཞིག་ཏུ་གྱུར། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་216 ལོར་ཧན་ནི་བྷལ་གྱི་དམག་མིས་རོམ་གྱི་རྒྱལ་ཁམས་དེ་ཧ་ལམ་རྩ་གཏོར་དུ་གཏོང་ལ་ཉེ་བར་གྱུར། གང་ལྟར་རོམ་གྱི་དམག་མི་ཚོས་དཔའ་ངར་ཆེར་བསྐྱེད་ཀྱིས་མུ་མཐུད་ནས་དམག་འཁྲུགས་ལ་རྒོལ་ལན་བྱས། དེ་བཞིན་རོམ་གྱི་སྲིད་གཞུང་གི་མངའ་ཁུལ་དང་ཆ་ཤས་སུ་གནས་པའི་མི་སེར་ཡོང་ནས་དམག་མི་བསྡུ་རུབ་ཀྱིས་རང་ཉིད་ཀྱི་རྒྱལ་ཁམས་སྲུང་སྐྱོབས་བྱེད་དགོས་པའི་སྐུལ་སློང་དང་བཀའ་འབེབས་སོགས་བྱས།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་202 ལོར་རོམ་གྱིས་དམག་དཔོན་སི་ཀོ་པི་ཡོས་Scipioསྣེ་ཁྲིད་རྒྱུད་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཁྲུགས་དྲག་པོས་རྒྱུད་རྒྱལ་ཁ་ལོན་མགོ་ཚུགས་ནས་ཧན་ནི་བྷལ་ཕམ་ཉེས་སུ་བཏང་ཐུབ་པ་བྱུང་།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་146 ཁ་ཐེ་རྗི་ཡིས་ཕམ་ཉེས་ལ་མགོ་སྒུར་མ་འདོད་པར་སླར་ཡང་དྲག་པོའི་དམག་མི་བསྡུ་རུབ་དང་། གོ་མཚོན་གྲ་བསྒྲིགས་སོགས་བྱས་ནས་དྲག་དམག་གི་སྟོབས་ཤུགས་སླར་གསོ་བྱས། རོམ་གྱི་མི་རྣམས་སླར་ཡང་ཁ་ཐེ་རྗེ་ཡིས་དམག་འཁྲུགས་སློང་རྒྱུའི་སེམས་ཁྲལ་གྱི་འོག་ཏུ་ལྷུང་དགོས་བྱུང་། འོན་ཀྱང་དོན་དངོས་སུ་མི་རྣམས་ཀྱིས་བསམ་གཞིག་ལྟར་མ་བྱུང་། རོམ་གྱི་སྲིད་གཞུང་ངོས་ནས་དམག་གི་གྲ་བསྒྲིགས་གང་ལེགས་ཐོགས་ཁ་ཐེ་རྗེ་ལ་དམག་རྒྱག་རྒྱུའི་ཐག་གཅོད་བྱས་ནས་རོམ་ལ་ཉེན་ཁ་བཟོ་མཁན་གྱི་ཁ་ཐེ་རྗེ་དེ་ཡུལ་དེར་རྩ་མེད་དུ་གཏོང་བའི་དམིགས་འདུན་བཅང་ཡོད།
རོམ་གྱིས་དྲག་དམག་རྒྱ་ཆེན་བསྡུ་རུབ་དང་གོ་མཚོན་གྱི་སྤུས་ཚད་བཟང་པོའི་ཐོག་ཁ་ཐེ་རྗེའི་ཡུལ་དུ་གཡུལ་གཤམ་ནས་དམག་འཁྲུགས་ཀྱི་འཁོར་ལོ་བསྐོར་བས་ཁ་ཐེ་རྗེ་ཕམ་ཉེས་ཆེན་པོ་ཕྱིན། དེར་བརྟེན་རོམ་གྱི་དམག་མི་ཚོས་ཁ་ཐེ་རྗེ་མི་ཡོད་ཚད་བྲན་གཡོག་ཏུ་ཚོང་བསྒྱུར་བྱས། དེས་ཀྱང་ཡིད་མ་ཚིམ་པར་ཞིང་ཁ་ཡོངས་རྫོགས་ལ་ཚ་བཏབ་ནས་ས་ཁུལ་དེར་བསྐྱར་དུ་ཞིང་ཁ་འདེབས་ལས་བྱེད་པའི་གོ་སྐབས་གཏན་མེད་དུ་བཟོས་པ་དང་། དུས་དེ་ནས་རོམ་ལ་ཉན་ཁ་ཅན་གྱི་གནས་སྟངས་དེ་མེད་པ་ཆགས་ནས་པུ་ནིག་གི་དམག་འཁྲུགས་ཞེས་པ་དེ་ཡོངས་སུ་མཇུག་སྒྲིལ་བར་གྲགས།
རོམ་གྱི་རྒྱལ་ཁམས་སུ་དཀའ་རྙོག
རོམ་རྒྱལ་ཁམས་དེ་རྒྱལ་ཕྲན་ཆུང་ཆུང་ཞིག་གི་རྒྱུད་ནས་ལམ་སེང་ཡར་རྒྱས་ཕྱིན་ནས་རིམ་བཞིན་རྒྱལ་སྤྱི་རང་བཞིན་ལྡན་པའི་རྒྱལ་ཁམས་ཤིག་ཆགས། རོམ་གྱི་སྲིད་གཞུང་དེ་རྒྱལ་ཕྲན་ཆུང་ཆུང་ཞིག་གི་ཁྲིམས་ལུགས་དབང་བསྒྱུར་ཐོག་ནས་བྱུང་བ་ཞིག་ཡིན་ལ། དེ་མིན་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཡོད་པའི་རྒྱལ་ཁམས་དང་ལེ་དབར་སྟོང་ཕྲག་གི་ཆོད་པའི་གོང་མའི་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁམས་ནུས་སྟོབས་ཅན་ཞིག་མིན། རོམ་གྱིས་ཁྲིམས་ལུགས་རང་བཞིན་ལྡན་པའི་རྒྱལ་ཁམས་ཤིག་ཆགས་པར་འབད་རྩོན་བྱེད་བཞིན་ཡོད་ལ་དེ་བཞིན་གཞི་རྒྱ་ཆེ་བའི་མངའ་ཁུལ་རྣམས་སྲུང་སྐྱོབས་བྱེད་བཞིན་ཡོད།
རོམ་གྱི་སྲིད་གཞུང་ནས་ཞི་བདེ་དང་མི་དམངས་སྲུང་སྐྱོབས་ཆེད་དུ་དམག་མི་རྣམས་རོམ་གྱི་རྒྱལ་ཁོངས་སུ་འདུས་པའི་རྒྱང་ཐག་རིང་བའི་ཡུལ་ལུང་དུ་མགོ་ཁྲིད་དུ་བཏང་། དབང་ཆ་ཡོད་པའི་དམག་མི་དེ་དག་གིས་སྲིད་གཞུང་གི་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་དབང་བསྒྱུར་བའི་ཡུལ་ལུང་དེ་དག་ལ་ལྐོག་ཟ་རུལ་སུངས་བྱས་ནས་དངུལ་དངོས་དང་ས་ཞིང་། དེ་བཞིན་རྩ་ཆེ་བའི་རྒྱུ་དངོས་སོགས་ཁྲིམས་ལུགས་དང་འགལ་བའི་བྱ་བ་མ་རུངས་པའི་ལམ་དུ་ཞུགས་ནས་ཡུལ་མི་རྣམས་ཞེ་འཁོན་དང་མི་དགའ་བ་ཆེན་པོ་བཟོས།
བྲན་གཡོག་མིན་པའི་ཚོང་ལས་ཀྱི་བྱ་བ་གཉེར་མཁན་རྣམས་ལ་རོམ་གྱི་ཕྱུག་བདག་དང་དབང་ཤུགས་ཅན་ཚོས་ཚོང་ལས་ཀྱི་ལམ་ནས་བྲན་གཡོག་མིན་པའི་ཚོང་ལས་བྱེད་མཁན་རྣམས་ལ་ཁེ་སང་མེད་པར་བཟོས་ནས་རིམ་བཞིན་ཚོང་ལས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་བྱུང་ཡོད། རོམ་གྱི་ཕྱུག་བདག་དབང་ཤུགས་ཅན་ཚོས་ས་ཞིང་རྣམས་དབང་ཤུགས་ཀྱིས་བདག་དབང་བྱས་ནས་མི་རྣམས་བྲན་གཡོག་ཏུ་བཀོལ་བཞིན་ཡོད། བྲན་གཡོག་དེ་དག་ལ་གླ་ཆ་ཅི་ཡང་སྤྲོད་དགོས་ཀྱི་མེད་པས་རོམ་གྱི་དཔོན་པོ་རྣམས་ཕྱུག་བདག་ཅན་དུ་གྱུར་ནས་ཡོང་འབབ་ཆེན་པོ་རག་བཞིན་ཡོད།
གྲོང་གསེབ་ས་ཁུལ་གྱི་ཚོང་ལས་ཙག་ཙིག་གི་བྱ་བ་གཉེར་མཁན་རྣམས་རིམ་བཞིན་ཚོང་ལས་དང་ཁ་བྲལ་ནས་རོམ་གྱི་གྲོང་ཁྱེར་རུ་གཞིས་ཆགས་མགོ་ཚུགས། གྲོང་ཁྱེར་རུ་མི་ཚོགས་མང་དུ་འཕེལ་ནས་དབུལ་ཕོངས་ཀྱི་གྲངས་ཀ་ཇེ་མང་དུ་ཕྱིན་པ་དང་ལས་མེད་ཀྱི་མི་ཡང་ཇེ་མང་དུ་གྱུར། མི་དེ་དག་ཁྲོམ་དུ་སྤྲོ་སྐྱིད་གཏོང་ས་དང་དེ་བཞིན་བྲོ་གར་འཁྲབ་ས་སོགས་ལ་རིན་མེད་ཐོག་ཏུ་ཞུགས་ནས་བག་ལེབ་རིན་གོང་ཆུང་ཆུང་དག་ཉོས་ནས་དུས་འདའ་བར་བྱེད། མགོ་ཁྲིད་ཚོས་རང་ཉིད་ལ་འོས་ཤོག་ཐོབ་ཆེད་མི་རྣམས་ལ་ཟས་རིགས་སོགས་རིན་གོང་དམའ་རུ་བཏང་སྟེ་ཚོང་བསྒྱུར་བྱེད་རྒྱུའི་ཁས་ལེན་དང་། དེ་བཞིན་རིག་རྩལ་འཁྲབ་སྟོན་སོགས་ལ་རིམ་གོང་སྤྲོད་མི་དགོས་པར་རང་དབང་ཐོག་ནས་སྤྲོ་སྐྱིད་གཏོང་ཆོག་པའི་ལས་འགུལ་སྤེལ་བཞིན་ཡོད་པར་བཤད།
སྐབས་དེར་རོམ་གྱི་མགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་ཀྱི་ལམ་དུ་ཞུགས་ནས་སྤྱི་ཚོགས་དེ་དབུལ་ཕོངས་ཀྱི་གྲངས་ཀ་ཇེ་འཕེལ་གྱིས་དུས་མི་བདེ་བར་རླུང་དམར་འཚུབས་པ་ལྟ་བུ་ཞིག་འབྱུང་བཞིན་ཡོད། རོམ་གྱི་མགོ་ཁྲིད་འགའ་ཞིག་གིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་གཙང་སེལ་ཆེད་དུ་བསྒྱུར་བཅོས་གཏོང་བའི་འབད་རྩོན་བྱས་ནས་དབུལ་ཕོངས་ཚོ་ལ་ས་ཞིང་སྤྲོད་པ་སོགས་ཐབས་ཤེས་བྱས། གང་ལྟར་ཡང་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་མཁན་མི་སྣ་རྣམས་གྲོས་ཚོགས་གོང་མའི་མི་སྣ་ཚོས་ཚེ་སྲོག་ལ་རྒོལ་ནས་རྩ་མེད་དུ་བཏང་བའི་གནས་ཚུལ་འབྱུང་བཞིན་ཡོད།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་107 ནང་དུ་གྷ་འུ་སི་མ་རི་སུ་ཞེས་པའི་དམག་དཔོན་དེ་རོམ་གྱི་ཁྲིམས་དཔོན་ལྟ་བུ་མགོ་ཁྲིད་དུ་འདེམས་ཐོན་བྱུང་། ཁོས་དབུལ་ཕོངས་རྣམས་ལ་རོམ་གྱི་དམག་སྒར་ནང་དུ་ལས་ཀ་སྤྲོད་པ་དང་དེ་བཞིན་ཕྱོགས་མང་པོ་ཞིག་ནས་རོགས་ཕན་གྱི་བྱ་འགུལ་སྤེལ། དེ་བཞིན་ལས་མི་རྣམས་ལ་གླ་ཕོག་སྤྲོད་པ་དང་དུས་ཡུན་རྒྱས་བཅད་ཀྱིས་ལོ་དུས་ཚང་རྗེས་ཁོང་ཚོ་ལ་ས་ཞིང་སོགས་སྤྲོད་རྒྱུའི་ཁས་ལེན་ཡང་བྱས།
རྗུ་ལུའུ་སིག་སེ།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་60་ནང་དུ་ཕུག་འདུན་ཟབ་པའི་དམག་དཔོན་རྗུ་ལུའུ་སིག་སེ་ཞེས་པའི་ལོ་གཞོན་ཞིག་བྱུང་བ་དང་། ཁོང་གི་མི་ཚེ་ལམ་བུ་དེ་ཆབ་སྲིད་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་ནས་དགྲ་བོ་དང་དྲག་པོའི་གཡུལ་འགྱེད་ཀྱི་ཁྲོད་དུ་རྒྱལ་ཁ་ཆེན་པོ་ལོན་ཡོད་ལ་རོམ་གྱི་རྒྱལ་ཁམས་རྒྱ་བསྐྱེད་ཀྱིས་ས་ཁོངས་གཞི་རྒྱ་ཆེ་རུ་བཏང་ཡོད་པར་བཤད།
རོམ་གོང་མའི་སྲིད་གཞུང་ངོས་ནས་འཇོན་ཐང་ཅན་གྱི་དམག་དཔོན་སིག་སེ་གྱིས་དམག་གི་སྟོབས་ཤུགས་བཀོལ་ནས་རོམ་གོང་མའི་སྤྱི་མཐུན་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ཉེན་ཁ་ལ་ཞེད་སྣང་སྐྱེ་མགོ་ཚུགས། དེར་བརྟེན་གོང་མའི་སྲིད་གཞུང་ནས་ཉེན་ཁ་དེ་སྔོན་འགོག་གི་ཆེད་དུ་དམག་དཔོན་སིག་སེ་ལ་དམག་དཔུང་དེ་གཙང་པོ་རུ་བྷི་ཁམ་ནུབ་ཕྱོགས་སུ་བསྐྱོད་ནས་སྡོད་དགོས་པ་དང་དམག་དཔོན་སིག་སེ་གཅིག་པོ་རོམ་གྱི་སྲིད་གཞུང་དུ་ཚུར་ལོག་དགོས་པའི་བཀའ་ཁྱབ་བཏང་། རྗུ་ལུ་སི་སིག་སེ་ཡིས་བཀའ་ཁྱབ་དེ་ངོས་ལེན་མ་བྱས་པར་དེ་ལས་ལྡོག་སྟེ་གཙང་པོ་རུ་བྷི་ཁམ་གྱི་ཕྱོགས་སུ་ཡོད་པའི་དྲག་དམག་གི་སྣེ་ཁྲིད་ནས་རོམ་གོང་མའི་སྲིད་གཞུང་ལ་ངོ་ལོག་རྒྱབ་གཏོད་ཀྱི་ལམ་དུ་ཞུགས། གནད་དོན་དེའི་རྐྱེན་པས་རོམ་དུ་མི་སེར་དམག་འཁྲུགས་ཀྱི་ཁྱབ་བསྒྲགས་བྱས།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་45 ལ་སིག་སེ་ཡིས་མཐའ་མཇུག་ཏུ་ངོ་ལོག་རྒྱབ་གཏོད་ཀྱི་ལམ་དུ་ཞུགས་ནས་བཙན་ཤུགས་ཀྱི་ལམ་ནས་རོམ་གོང་མའི་སྲིད་གཞུང་གཏོར་ཕམ་བཏང་ཐུབ་པ་བྱུང་ཞིང་། རོམ་རྒྱལ་ཁམས་ཡོངས་རྫོགས་དབང་བསྒྱུར་བྱས་ཏེ་སིག་སེ་ཁོ་རང་ཉིད་ཀྱིས་རྒྱལ་ཁམས་སྐྱོང་བའི་རྗེ་བོ་ཡིན་པའི་ཁྱབ་བསྒྲགས་བྱས་ཏེ་སྲིད་དབང་གཅིག་སྡུད་ཀྱི་ལམ་དུ་ཞུགས། དེར་བརྟེན་རོམ་གོང་མའི་སྲིད་གཞུང་གི་དབང་ཆ་ཡོངས་རྫོགས་ཁོ་པ་མི་གཅིག་གིས་བཟུང་སྟེ་རྒྱལ་ཁམས་ཁ་ལོ་བསྒྱུར་ཞིང་ཁོང་གི་དབུལ་ཕོངས་ཚོ་ལ་རོགས་སྐྱོར་ཤུགས་ཆེར་བྱས་ཤིང་ལས་མེད་ལ་ལས་དཀའ་སྤྲོད་པ་དང་། དེ་བཞིན་ས་ཞིང་མེད་པའི་སྐྱེ་བོ་ཚོ་ལ་ས་ཞིང་སྤྲོད་པ་སོགས་རོམ་གྱི་རྒྱལ་ཁམས་དེ་རིམ་བཞིན་བཅོས་བསྒྱུར་བྱས།སིག་སེ་ཡིས་རོམ་སྲིད་གཞུང་གི་དབང་བསྒྱུར་ལམ་ལུགས་དེ་དུས་ཐུང་ཞིག་ལས་བྱུང་ཐུབ་མེད་པར་བཤད། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་44 ནང་ལ་དམག་དཔོན་ཆེན་པོ་རྗུ་ལི་སིག་སེ་མཆོག་རོམ་གོང་མའི་སྲིད་གཞུང་གི་གྲོས་ཚོགས་ཀྱི་མི་སྣ་མར་ཁུ་སི་དང་རྗི་འུསི་ས་སུ་གཉིས་ཀྱིས་མགོ་ཁྲིད་དེ་སྐུ་སྲོག་བཅད། དོན་རྐྱེན་དེ་འབྱུང་དགོས་པའི་རྒྱུན་མཚན་ནི་རྗུ་ལི་སིག་སེ་ཡིས་རོམ་གྱི་སྤྱི་མཐུན་རྒྱལ་ཁབ་དེ་རྩ་གཏོར་གཏོང་རྒྱུའི་ཉེན་ཁ་ལ་ཞེད་ནས་ཡིན་པར་གྲགས།
སུམ་འབྲེལ་གྱི་དབང་འཛིན་སྲིད་གཞུང་།
རྗུ་ལི་སི་སིག་སེར་དམར་གསོད་ཀྱི་དོན་རྐྱེན་བྱུང་རྗེས་རོམ་གོང་མའི་རྒྱལ་ཁམས་ཀྱི་སྲིད་གཞུང་གི་འགན་དབང་དེ་དབྱེ་བ་གསུམ་གྱི་ཆ་བགོས་ཐོག་འཛིན་སྐྱོང་བྱེད་པའི་ལམ་ལུགས་ཐོག་ཏུ་བསྐྱོད་ནས། སྤྱི་ཁྱབས་མགོ་ཁྲིད་དེ་གསུམ་ནི་ཨོག་ཏྲ་ཝན་ Octavian, དང་མག་ཨན་ཏྲོ་ནན་ Marc Antony། མར་ཁུས་ལེ་ཕི་ཌུ་སི་ Marcus Lepidus བཅས་ཡིན། དབང་འཛིན་མི་སྣ་གསུམ་གྱི་འཛིན་སྐྱོང་བྱེད་པའི་ལམ་ལུགས་དེ་ལ་སུམ་འབྲེལ་དབང་འཛིན་སྲིད་གཞུང་ཞེས་འབོད།
སུམ་འབྲེལ་དབང་འཛིན་སྲིད་གཞུང་དེའང་ཡུན་རིང་ཞིག་ཏུ་གནས་ཐུབ་མེད། མགོ་ཁྲིད་ཨོག་ཏྲ་ཝན་Octavian ཡིས་དབང་ཤུགས་ཐོག་མར་ཁུས་ལེ་ཕི་ཌུ་སི་ Marcus Lepidus མཆོག་རོམ་སྤྱི་མཐུན་སྲིད་གཞུང་ནས་རྒན་ཡོལ་ཞུ་བཅུག་པ་དང་། དེ་ནས་རིམ་བཞིན་མག་ཨན་ཏྲོ་ནན་ Marc Antony ལ་ནང་འཁྲུགས་ཀྱི་རྒྱུད་ནས་རྩ་མེད་དུ་གཏོང་རྒྱུའི་ཐབས་བྱུས་བཀོད། མག་ཨན་ཏྲོ་ནན་Marc Antony ནི་ཡུལ་ཨེ་རྗིབ་ཀྱི་རྒྱལ་པོའི་སྲས་མོ་ཁུ་ལེ་ཕ་ཏྲ་ར་Cleopatra ཞེས་པ་ལ་སེམས་ཤོར་ནས་གཉེན་སྒྲིག་བྱས། ཨོག་ཏྲ་ཝན་ Octavian ཡིས་མི་རྣམས་ལ་ཨོག་ཏྲ་ཝན་ Marc Antony ཡིས་ཨེ་རྗིབ་ཀྱི་སྲས་མོ་དང་གཉེན་བསྒྲིགས་རྒྱུད་རོམ་གྱི་སྲིད་གཞུང་མགོ་གཏིང་སློག་ནས་ཨེ་རྗིབ་ཀྱི་དབང་འཛིན་པའི་ངན་ཤུགས་སླེབས་རྒྱུའི་ཇུས་ངན་ཡོད་ཚུལ་ངན་ལབ་བརྒྱབ་ནས་ཡིད་ཆེས་སུ་བཅུགས་ཡོད། དེ་ནས་ཨོག་ཏྲ་ཝན་Octavian ཡིས་རོམ་གྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་ཡོད་པའི་མག་ཨན་ཏྲོ་ནན་ Marc Antony ལ་ཁ་གཏད་ཀྱིས་དམག་འཁྲུགས་སློང་རྒྱུའི་ཁྱབ་བསྒྲགས་བྱས། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་31 ནས་ཨོག་ཏྲ་ཝན་Octavian ཡིས་གྷི་རིག་སི་དུ་མག་ཨན་ཏྲོ་ནན་Marc Antony ཕམ་ཉེས་སུ་བཏང་། མག་ཨན་ཏྲོ་ནན་Marc Antony དང་ Cleopatra གཉིས་ཀྱིས་ཨོག་ཏྲ་ཝན་Octavian ཡིས་འཇུ་བཟུང་བྱེད་པའི་ཉེན་ཁ་ལས་གཡོལ་ཆེད་རང་སྲོག་བཅད་པར་གྲགས།
དེ་ནས་ཨོག་ཏྲ་ཝན་ Octavian རྩོད་མེད་ཐོག་རོམ་གྱི་དབང་འཛིན་པ་ཆགས། རོམ་སྤྱི་མཐུན་སྲིད་གཞུང་དེ་རྒྱལ་ཕྲན་མང་པོ་ལས་གྲུབ་པའི་སྲིད་གཞུང་ཞིག་ཆགས་ཡོད་ལ། དབང་བསྒྱུར་ལམ་ལུགས་རྒྱུད་རྙོག་འཛིང་ལྡན་པའི་རོམ་གྱི་མངའ་འབངས་གཞི་རྒྱ་ཆེ་བས་དེ་ཙམ་ལམ་ལྷོང་ཡོང་གི་མེད། དེར་བརྟེན་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་རྒྱུད་སྲིད་གཞུང་དེ་ཉིད་སྤྱི་མཐུན་སྲིད་གཞུང་ལམ་ལུགས་འོག་ཆབ་སྲིད་སྐྱོང་བ་དང་ཨོག་ཏྲ་ཝན་ Octavian མཆོག་ནས་ལམ་སྟོན་ཐོག་གྲོས་ཚོགས་གོང་མའི་ཚོགས་མི་ཚོས་འདེམས་སྒྲུག་གིས་སྲིད་གཞུང་གི་དབང་ཆ་མཐོ་ཤོས་ཡོད་པའི་རོམ་གྱི་དབང་འཛིན་པ་བསྐོ་བཞག་བྱེད་བཞིན་ཡོད་པ་དང་། ཨོག་ཏྲ་ཝན་Octavian མཆོག་གྲོས་ཚོགས་གོང་མས་ཚོགས་མི་ཚོས་རོམ་གྱི་དབང་ཆ་མཐོ་ཤོས་ཀྱི་མགོ་ཁྲིད་འདེམས་ནས་རོམ་གྱི་དབང་འཛིན་པ་གཙོ་བོ་དེ་ཆགས།
རྒྱལ་པོ་ Augustus Caesar
ཨོག་ཏྲ་ཝན་Octavian རོམ་གྱི་སྲིད་གཞུང་གི་ཆེས་མཐོས་ཁྲིམས་དཔོན་དུ་འོས་ཤོག་ལམ་ནས་འདེམས་ཐོན་བྱུང་རྗེས་ཁོས་རང་ཉིད་ཀྱི་མིང་བསྒྱུར་ནས་ Augustus Caesar ཞེས་བཏགས། དེའི་དོན་ནི་[དཔལ་དང་ལྡན་པའི་སྐྱེ་བོ] ཞེས་པའི་དོན་ཡིན་ལ། ཁོས་རོམ་རྒྱལ་ཁམས་དེ་ཉིད་ཕྱི་ལོ་མ་བྱུང་སྔོན་གྱི་ལོ་27 ནས་ཕྱི་ལོ་14 བར་ཁོང་གི་སྐུ་ཚེ་ཕ་རོལ་དུ་མ་ཕྱིན་བར་དུ་སྲིད་སྐྱོང་བར་བཤད།
Augustus Caesar སྲིད་དབང་སྐྱོང་བའི་སྐབས་སུ་ཁོང་གིས་རོམ་གྱི་སྤྱི་མཐུན་སྲིད་གཞུང་དེ་ཉིད་བཅོས་བསྒྱུར་མང་པོ་ཞིག་བཏང་ནས་རོམ་སྲིད་གཞུང་སྲ་བརྟན་དུ་གཏོང་བ་དང་། དེ་བཞིན་དབུལ་ཕོངས་སོགས་རོགས་སྐྱོར་དང་། ལས་མེད་ལ་ལས་དཀའ་སྤྲོད་པ་སོགས་ཕྱོགས་གང་ཐད་ནས་མི་དམངས་ཀྱི་འཚོ་གནས་ཇེ་ལེགས་སུ་གཏོང་ཐབས་བྱས་ཡོད། མ་ཟད་ཁོང་གིས་ཁང་ཆེན་མང་པོ་ཞིག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་དང་ཕུགས་རེ་ཡོད་པར། ཁོང་གི་འཆར་གཞི་ལྟར་ལས་དོན་མགོ་འཛུགས་སྐབས་ཁྱབ་བསྒྲགས་འདི་ལྟར་བྱས་ཡོད། བདག་གིས་ས་ཕག་གི་ཁྲོད་དུ་རྙེད་པའི་གྲོང་ཁྱེར་དེ་དག་རྡོ་ཀ་མ་རུ་ལ་བསྒྱུར་རྒྱུ་ཡིན། ཞེས་སོ།
གོང་མ་རྗུ་ལི་ཡན།
Augustus Caesar ཕྱི་མའི་ཡུལ་དུ་གཤེགས་རྗེས་རོམ་རྒྱལ་ཁམས་དེ་གོང་མ་ཆེན་མོ་བཞི་ཡིས་དབང་བསྒྱུར་ཐོག་རྒྱལ་ཁམས་བསྐྱང་ཡོད་པར་ལོ་རྒྱུས་ཐོག་ནས་གོང་མ་རྗུ་ལི་ཡན་ཞེས་པ་དེ་ཡིན། གོང་མ་རྗུ་ལི་ཡན་ཞེས་འབོད་པའི་དོན་གནད་ནི་གོང་མ་ཆེན་མོ་བཞི་བོ་དེ་དག་ནི་རྗུ་ལི་སི་སིག་སེར་དང་འབྲེལ་བ་ཡོད་པས་ན་མིང་དེ་ལྟར་འབོད་པར་བཤད།
གོང་མ་བཞི་པོའི་ནང་ནས་Tiberius ཁྲི་བྷེ་རུ་སི་ཞེས་པ་དེ་གོང་མ་དང་པོ་དེ་ཡིན་ལ། ཁོང་ནི་Augustus ཡི་བུ་ཚབ་ཏུ་ཉར་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ལ། གོང་མའི་རྒྱལ་ཁྲི་ལ་མངའ་གསོལ་ལེགས་པར་གྲུབ་པ་དང་ཁོང་ནི་ཆེས་གདུག་རྩུབ་ཅན་ཞིག་དང་ཕྲག་དོག་ཆེན་པོ་ཡོད་མཁན་ཞིག་ཡིན་པས་ན་ཉེས་མེད་མི་སྣ་མང་པོ་ཞིག་ལ་རྒྱལ་ཁབ་ལ་ངོ་ལོག་དང་དེ་བཞིན་གོང་མ་ཁོང་ལ་ཁ་གཏད་ཀྱི་བྱ་བ་བྱེད་བཞིན་ཡོད་པའི་ཉེས་འགེལ་བྱས་ཡོད།
གོང་མ་ Tiberius་གི་ཚ་བོ་Caligula ཞེས་པ་དེས་རྒྱལ་ཁྲི་ལ་གོང་མས་མངའ་གསོལ་བྱས། ཁོང་ནི་བློ་རྒྱ་ཆུང་བའི་འཇོན་ནུས་མེད་པའི་རྒྱལ་པོ་ཞིག་ཡིན་པས་ན། མཐའ་མཇུག་ཏུ་ཁོང་གི་སྐུ་སྲུང་དམག་མི་ཞིག་གིས་ཚེ་སྲོག་བཀུམ་པར་གྲགས།
གོང་མ་Caligula ནི་Claudius ཞེས་པས་གོང་མའི་རྒྱལ་ཁྲི་ལས་གནས་དབྱུང་བཏང་བར་གྲགས།
ཁོང་ནི་འཇོན་ཐང་དང་བློ་རྒྱ་མེད་པའི་རྒྱལ་པོ་ཞིག་ཡིན། རྒྱུན་དུ་འཚོ་བ་རྒྱས་སྤྲོས་དང་བག་མེད་ལོངས་སྤྱོད་ལ་དུས་འདའ་བཞིན་གོང་མའི་ལས་འགན་དང་ཡོངས་སུ་འགལ་བའི་རྒྱལ་པོ་ཞིག་ཡིན། གོང་མ་Claudius ནི་ Nero ཞེས་པ་དེས་གནས་དབྱུང་བཏང་བ་དང་། ནེ་རོ་ཞེས་པའི་མི་དེ་དྲག་རྩུབ་ལ་དགའ་ཞིིང་འཚེ་བའི་ལས་ལ་འཇུག་པར་དགའ་བའི་མགོ་ཁྲིད་གདུག་རྩུབ་ཅན་ཞིག་ཡིན། ཁོས་རྟ་རྒྱུག་གི་འགྲན་བསྡུར་དང་དེ་བཞིན་གླུ་བྲོ་དང་རོལ་དབྱངས་ཀྱི་ལས་ལ་ཞུགས་ནས་གོང་མའི་མཛོད་ཁང་དེ་སྟོང་པ་བཟོས་པར་གྲགས།
ཆེས་བཟང་བའི་གོང་མ། རྗུ་ལི་ཡན་གྱི་གོང་མའི་རྒྱལ་ཁམས།
ཕྱི་མ་མ་བྱུང་སྔོན་གྱི་ལོ་30 ནས་ཕྱི་ལོ་180 བར་དུ་རོམ་རྒྱལ་ཁམས་དེ་ཉིད་འཕེལ་རྒྱས་ཀྱི་རྩེ་མོར་བསྐྱོད་བཞིན་ཞི་བདེའི་རླུང་བུ་རྒྱ་ཁམས་ལ་ཁྱབ་པའི་དུས་རིམ་ཞིག་ཡིན་པར་བཤད་ལ། དུས་དེ་ནི་ལོ་རྒྱུས་རིག་པ་ཚོས་ Pax Romana ཞེས་པ་དེའི་སྐབས་སུ་ངོས་འཛིན་བྱེད་པ་དང་། ཡང་ན་རོམ་གྱི་ཞི་བདེ་ཞེས་ཀྱང་ཟེར།
ཞི་བདེའི་དུས་རིམ་དེ་མི་ལོ་200 ལྷག་རིང་རོམ་རྒྱལ་ཁམས་དེ་རྒྱལ་ཁབ་སྲ་བརྟན་དང་། དེ་བཞིན་བཟོ་ལས་ཀྱི་འཕེལ་ཚད་ཆེན་པོ་ཡིན་ལ། ཞིང་ལས་དང་ཚན་རིག ། སྒྱུ་རྩལ་སོགས་ཀྱི་ཡར་རྒྱས་ཆེན་པོ་ཞིག་ཕྱིན་ཡོད་ཟེར། རོམ་གྱི་རྒྱལ་ཁམས་དེ་སྐབས་དེའི་དུས་རིང་དུ་དཔལ་ཡོན་གྱི་འཕེལ་རྒྱས་ཆེན་པོ་ཕྱིན་པའི་དུས་རིམ་ཞིག་ཡིན་ལ་མི་སེར་ཚོའི་འཚོ་བ་ནི་བདེ་སྐྱིད་ལྡན་ཞིང་ཡིད་སྨོན་དགོས་པ་ཞིག་བྱུང་ཡོད།
ཡེ་ཤུ། ཆོས་ལུགས་གསར་པ།
ཨི་ཏྲ་ལན་གྱི་ཕྱེད་གླིང་དུས་ཆོས་ལུགས་ཀྱི་ལོ་རྒྱུས་དང་འཕེལ་རིམ་དེ་ཆེས་རིང་པོ་ཞིག་ཡོད་ལ། གནའ་བོའི་རོམ་གྱི་མི་རྣམས་ཀྱིས་ཁྱིམ་ཚེས་རྒྱལ་ཁབ་ནུབ་ཕྱོགས་སུ་ཡོད་པའི་ Etruscans གྱི་ལྷ་ལ་མཆོད་འབུལ་དང་དད་པ་བྱེད་བཞིན་ཡོད་པར་བཤད།
ཕྱིས་སུ་རོམ་རྒྱལ་ཁམས་ཀྱིས་གྷི་རིག་སིའི་ལྷ་ལ་རོམ་གྱི་ལྷ་བཞིན་དད་པ་བྱེད་པའི་ལམ་ལུགས་དར། གང་ལྟར་རོམ་གྱི་སྲོལ་རྒྱུན་ཁྲོད་ནས་མི་རྣམས་ལ་རང་རང་གི་འདོད་པ་ལྟར་ལྷ་དང་ལྷ་མོ་འདྲ་མིན་མང་པོ་ཞིག་ལ་རང་གི་མགོན་སྐྱོབས་སུ་བསྟེན་ཆོག་གི་་ཡོད། ཆོས་ལུགས་དད་པ་རང་དབང་གི་སྲོལ་རྒྱུན་ལམ་ལུགས་འདི་ཡི་ཁྲོད་རོམ་གྱི་རྒྱལ་ཁམས་སུ་ཆོས་ལུགས་འདྲ་མིན་སྣ་ཚོགས་ཞིག་དར་བའི་མགོ་ཚུགས་ཡོད། ཧ་ལམ་ཕྱི་ལོ་30 ཡས་མས་སུ་རྒྱང་ཐག་རིང་བའི་རོམ་གྱི་རྒྱལ་མཚམས་ནས་རྗིའུ་སི་མི་རིགས་རྒྱུད་ནས་ཆོས་ལུགས་གསར་པ་ཞིག་དར་སྤེལ་བྱུང་མགོ་ཚུགས། རྗིའུ་སི་མི་རིགས་རྣམས་Jesus Christ ཞེས་པའི་སྐྱེ་བོ་དེས་ཆོས་སློབ་ནས་དེའི་རྗེས་འབྲངས་པ་མང་པོ་ཞིག་བྱུང་། རིམ་བཞིན་ཆོས་ལུགས་དར་ཁྱབས་ཆེན་པོ་ཕྱིན་ནས་རྗིའུ་མི་རིགས་ཕྱོགས་གང་སར་ཡོད་པ་རྣམས་ཀྱིས་དེའི་རྗེས་སུ་འབྲང་ནས་ཆོས་ལུགས་གསར་པ་ཞིག་རྨང་གཞི་དེ་རིམ་བཞིན་སྤྱི་ཚོགས་ནང་དུ་སྲ་བརྟན་དུ་གྱུར། ཆོས་ལུགས་དེ་ནི་དེང་སང་ཡེ་ཤུ་ཆོས་ལུགས་ཞེས་པ་དེ་ཡིན།
རྗི་སི་སི་ཕྱི་མའི་ཡུལ་དུ་ཕྱིན་རྗེས་ཁོང་གི་རྗེས་འཇུག་པ་ཚོས་མུ་མཐུད་དུ་ཁོང་གིས་བསླབ་པའི་ཆོས་རྣམས་གཞན་རྣམས་ལ་བསླབ་སྟེ་ཆབ་སྤེལ་བཏང་། དེ་བཞིན་ཁོང་ཚོས་སློབ་མ་དང་མི་དམངས་རྣམས་ལ་ Jesus Christ དེ་ནི་དཀོན་མཆོག་གི་སྲས་སམ་ཕོ་ཉ་ཞིག་ཡིན་པར་བཤད་བཞིན་ཡོད།
མི་མང་པོ་ཞིག་གིས་ཡུལ་ Mediterranean ནས་ཆོས་ལུགས་གསར་པ་དེ་དར་ཁྱབ་འགྲོ་བ་དེ་ལ་དགག་བྱ་མེད་པར་ངོས་ལེན་བྱས་པ་ཡེ་ཤུའི་ཆོས་ལུགས་ཞེས་པ་དེ་ཡིན་པར་འདོད། མི་ལོ་300ཙམ་གྱི་རྗེས་སུ་ཡེ་ཤུའི་ཆོས་ལུགས་དེ་ཡུལ་མི་ཁྲོད་དུ་སྒེར་ངོས་ནས་རྗེས་འབྲང་པ་ཕོན་ཆེན་ཞིག་བྱུང་བར་བཤད། རོམ་གྱི་སྲིད་གཞུང་ནས་ཡེ་ཤུ་ཆོས་ལུགས་དེ་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་བྱས་ཏེ་ཡེ་ཤུས་རྗེས་འབྲང་དང་དེ་བཞིན་ཆོས་དཔོན་མང་པོ་ཞིག་ལ་རྒྱུན་དུ་སུན་བཙིར་དང་རྩ་མེད་དུ་གཏོང་བའི་ཐབས་ཤེས་བྱེད་བཞིན་ཡོད། ཡིན་ཡང་ཡེ་ཤུ་རྗེས་འབྲང་བའི་སྣེ་ཁྲིད་པ་ཚོ་རྣམ་དཔྱོད་ལྡན་ཞིང་ཐབས་བྱུས་ལ་མཁས་པ་ཡིན་པས་ཁོང་ཚོས་མུ་མཐུད་ནས་དགོན་པ་བཞེངས་པ་དང་། ཆོས་དཔེ་ཁྲིད་ནས་རྗེས་འབྲང་པ་ཇེ་མང་དུ་བཏང་ནས་ཆོས་ལུགས་དེ་རིམ་བཞིན་ཁྱབ་རྒྱ་ཇེ་ཆེ་རུ་བཏང་ཐུབ་པ་བྱུང་།
ཕྱི་ལོ་312 ལོར་རོམ་གྱི་ཆེས་གནད་ཡོད་ཆེ་བའི་དམག་དཔོན་ Constantine ཞེས་པ་དེ་དམག་འཁྲུགས་ཀྱི་དུས་རིམ་རྒྱུད་ཆོས་ལུགས་ལ་དད་ནས་ཡེ་ཤུའི་ཆོས་ལུགས་སུ་ཞུགས། ལོ་དེའི་ནང་ Constantine ཡིས་རོམ་རྒྱལ་ཁམས་ཀྱི་གོང་མའི་སྲིད་ཁྲི་བཟུང་བར་གྲགས། ཁོང་གི་མགོ་ཁྲིད་འོག་ནས་ཡེ་ཤུའི་ཆོས་ལུགས་ལ་སྲུང་སྐྱོབས་དང་ཆེ་མཐོང་ཆེན་པོ་སྤྲད་ནས་རོམ་གྱི་རྒྱལ་ཁམས་ཕྱོགས་ཀྱི་མངའ་ཁོངས་སུ་ཡེ་ཤུའི་དགོན་པ་རྒྱབ་ཆོག་པ་དང་དེ་བཞིན་ཆོས་ལུགས་དར་སྤེལ་གཏོང་ཆོག་པའི་རང་དབང་སྤྲད་པས་ན་ཡེ་ཤུའི་ཆོས་ལུགས་དེ་དུས་ཐུང་ཞིག་གི་ནང་དར་ཁྱབ་ཆེན་པོ་བྱུང་།
ཕྱི་ལོ་392 ལོར་ཡེ་ཤུའི་ཆོས་ལུགས་དེ་ཁྱབ་རྒྱ་ཇེ་ཆེ་དང་སྟོབས་ཤུགས་ཆེན་པོར་ཆགས་ནས་རོམ་གྱི་སྲིད་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས། ཆོས་ལུགས་དེ་རོམ་རྒྱལ་ཁམས་དང་དེ་བཞིན་ཁྱིམས་མཚེས་རྒྱལ་ཁབ་སོགས་ལ་ཁྱབས་སྤེལ་ཆེན་པོ་བྱུང་། ལོ་དེར་གོང་མ་ Theodosius ཞེས་པ་དེས་ཡེ་ཤུའི་ཆོས་ཀྱི་རྒྱལ་ཁམས་ཤིག་ཡིན་པའི་གསལ་བསྒྲགས་བྱས་པ་དང་། དེ་བཞིན་ཆོས་ལུགས་གཞན་བྱེད་མི་ཆོག་པ་དང་ཅི་སྟེ་བྱས་ན་ཁྲིམས་འགལ་དུ་ངོས་འཛིན་བྱས་ནས་རྒྱང་ཕུད་དང་ཉེས་ཆད་བཅད་བཞིན་ཡོད། ཡེ་ཤུ་ཆོས་པ་ཚོས་ཐོག་མར་དགོན་པའི་ཆོས་སྡེ་ཞེས་པའི་ཚོགས་པ་འཛུགས་པ་དང་དེ་ནི་བླ་ཆེན་མཐོ་ཤོས་དེའི་ལྟ་རྟོག་འོག་ཏུ་ཡོད། དགོན་པའི་ཆོས་སྡེ་འགའ་ཞིག་གིས་ཆོས་གཞིས་ཞེས་ཀྱང་འབོད། ཆོས་གཞིས་སམ་ཆོས་སྡེ་རེ་རེ་རྫོང་ཕྲན་གཅིག་གིས་ཡེ་ཤུས་ཆོས་དཔོན་ནས་སྤྱི་ཁྱབ་ཏུ་མགོ་འཛིན་ནམ་ལྟ་རྟོག་བྱེད་བཞིན་ཡོད་པར་བཤད།
མཐའ་མཇུག་ཏུ་རོམ་རྒྱལ་ཁམས་སུ་ཡོད་པའི་བླ་ཆེན་གྱི་བླ་ཆེན་གཞན་ལས་དབང་ཚད་ཆེ་བ་ཡོད་པའི་བཤད་སྒྲོས་སྣ་ཚོགས་བྱུང་བ་དང་། དེ་བཞིན་ཁོང་ལ་མཚན་བླ་ཆེན་པོབ་ཞེས་འབོད་ནས་མཚན་གནས་དེ་རྒྱུན་འཇག་སུ་གྱུར། ནུབ་ཕྱོགས་པའི་དགོན་སྡེ་ཁག་གིས་དེ་ལ་མོས་མཐུན་བྱས་ཀྱང་ཤར་ཕྱོགས་ཀྱི་དགོན་སྡེ་ཁག་གིས་ངོས་ལེན་མ་བྱས། ནུབ་ཕྱོགས་ཡེ་ཤུའི་དགོན་པ་དེ་དག་མཐའ་མཇུག་ཏུ་རོམ་ཁ་ཐོ་ལིག་ཆོས་རྒྱུད་ཞེས་པ་དེ་བྱུང་བ་དང་། དེ་དང་དུས་མཉམ་དུ་ཤར་ཕྱོགས་ཀྱི་ཡེ་ཤུའི་དགོན་སྡེ་ཁག་རྣམས་ཕྱོགས་གཅིག་ཏུ་གྱུར་ནས་ཤར་ཕྱོགས་ཨོ་ཐོ་ཌོག་སེ་ཆོས་རྒྱུད་དེ་བྱུང་།
མཐའ་མཇུག་གི་རོམ་རྒྱལ་ཁམས།
Pax Romana ཕ་ཁེ་སི་རོ་མ་ན་ཞེས་པའི་ཞི་བདེའི་དུས་རིམ་དེ་མཇུག་རྫོགས་རྗེས། མི་ལོ་༢༠༠ ལྷག་ཙམ་རིང་ནས་རོམ་གྱི་རྒྱལ་ཁམས་དེ་རྒུད་པ་ནས་རྒུད་པར་གྱུར་ཏེ་རིམ་བཞིན་ནུས་མེད་དུ་གྱུར། རོམ་གྱིས་རྒྱལ་མཚམས་བསྟན་སྲུང་གྱི་ཆེད་དུ་དམག་མི་རྣམས་བཏང་ནས་ཕྱི་ཕྱོགས་ཀྱི་བཙན་འཛུལ་ཕྱོགས་ཁག་བར་དུ་དམག་འཁྲུགས་ཀྱི་ལས་ལ་ཞུགས། ཕྱི་ཕྱོགས་ནས་བཙན་འཛུལ་བ་ཕྱོགས་ཁག་མང་པོས་རིམ་བཞིན་གང་ས་ནས་བཙན་འཛུལ་གྱིས་རོམ་རྒྱལ་ཁམས་དེ་རྩ་གཏོར་དང་ཕམ་ཉེས་ཆེན་པོ་བཏང་བར་གྲགས། བཙན་འཛུལ་བྱེད་མཁན་ནི་ཝི་སི་གོ་ཐ་Visigoths དང་། དེ་བཞིན་ཧན་ས་ Huns། འཇར་མན་Germans དང་ པར་ཤི་ཡན་Persians། Slavs དང་ཨ་ཝར་Avars སོགས་ཡིན།
ཕྱི་ལོ་400 རྗེས་ནས་རོམ་གོང་མའི་རྒྱལ་ཁམས་དེ་ཕྱི་ཕྱོགས་བཙན་འཛུལ་རྒྱུད་ཡོངས་སུ་མཇུག་བསྒྲིལ་ནས་གོང་མའི་རྒྱལ་ཁམས་དེ་གཏན་དུ་རྒྱུན་ཆད་པར་གྲགས། ཕྱི་ལོ་476 ལོར་འཇར་མན་དྲག་པོའི་དམག་དཔོན་ Odoacer ཞེས་པ་དེས་རོམ་གྱི་གྲོང་ཁྱེར་བཙན་བཟུང་དང་དེ་བཞིན་གོང་མའི་ཚེ་སྲོག་བཀུམ། ཁོང་གི་མིང་ལ་ཨི་ཏྲ་ལི་རྒྱལ་པོ་ཞེས་ཁོ་རང་ཉིད་ནས་འབོད་པ་ཞིག་ཡིན་ལ་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་རོམ་གྱི་རྒྱལ་ཁམས་དེ་ཉམས་དམས་སུ་གྱུར་པའི་དུས་རིམ་དེར་ངོས་འཛིན་བྱེད་བཞིན་ཡོད་དོ།།
ལོ་རྒྱུས་སྙན་པོ་འདུག བཀའ་དྲིན་ཆེ།
ཡག་པོ་བསྒྱུར་འདུག མུ་ནས་མུ་མཐུད་ཡིན་ད
དཔུང་རྩོད་དང་ཁ་རྩོད་ལས་འདི་འདྲ་ཡག་འདུག
ཚེ་དབང་ལེགས་ཀྱིས་སྔོན་ཨི་ཊ་ལི་རུ་དར་བའི་གནའ་བའི་རོམ། བོད་སྐད་དུ་བཀོད་པར་ ངོ་མཚར་ཆེ་བའི་གནས་སུ་མཆིས།
རང་རེའི་ཡུལ་དུ་ཡོངས་གྲགས་ཆགས་པའི་གེ་སར་རྒྱལ་པོའི་དཔའ་རྩལ་གྱི་སྒྲུང་དེ་ཡང་ རྒྱལ་པོ་ Caesarཞེས་པ་ལས་མཆེད་པར་སྨྲ་མཁན་ཡོད་པ་ཡང་ཐོས། བདེན་པ་ཡིན་མ་ཡིན་བརྟག་དཔྱད་དགོས།
ཚིག་འགའ་ཞིག་ལ་བརྩད་ན།
འཛམ་གླིང་། འཛམ་ཞེས་པ་རྒྱ་གར་ཚིག་ཡིན་པས། སྔོན་འཇུག་འ་དོན་མེད་ཡིན། སྔར་གྱི་བཀའ་འགྱུར་སྣར་ཐང་དང་། དེབ་ཐེར་སྔོན་པོ་སོགས་སུ། ཛམ་གླིང་ཞེས་སོ།
གྲ་བསྒྲིགས། ཞེས་པ་དིང་སང་ཕལ་སྐད་དུ། གྲལ་ཞེས་རྗེས་འཇུག་ལ་ཁ་ནས་འཐོན་པ་མེད་པས། དེ་ཉིད་ཡི་གེར་འབྲི་བ་ན་གྲ་ཞེས་སོ། ལ་དྭགས་སོགས་ལུང་ཁུག་དག་ཏུ་གྲལ་ཞེས་སྔར་གྱི་འབོད་ཚུལ་ལུས་པ་མཆིས།། སི་ཏུ་པཎ་ཆེན་གྱིས། སུམ་རྟགས་འགྲེལ་པ་དེབ་གཟུགས་མར། གྲལ་བསྒྲིགས། ཤོག་གྲངས་༡༦༩་དང། བསྒྲིག་བྱའི་གྲལ། ཤོག་གྲངས་༡༧༤་ན་མཐོང་། དཔེ་ཆ་དེར་གྲ་བསྒྲིགས་ཞེས་པ་ཞིག་གཏན་ནས་མ་མཐོང་།
ཕྱི་ལོ་ཞེས་པ་ཡང་སྔར་བོད་ཕྱི་རྒྱལ་དང་འབྲེལ་ཆེར་མེད་པའི་སྐབས་སུ་ཕྱི་གླིང་པ་དང་། ཕྱི་གླིང་པ་དེ་དག་གི་ལོ་རྩིས་ལ་ཕྱི་ལོ་ཞེས་འཐད་ཀྱང་། ད་ལྟར་བོད་ཛམ་གླིང་སྤྱི་དང་འབྲེལ་ཆེས་ཆེར་ཡོད་པས། སྤྱི་ལོ་ཞེས་དགོས་པ་གལ་ཆེ། སྔར་ཡེ་ཤུའི་འདས་ལོར། A.D.་དང་B.C. བཅས་འབྲི་སྲོལ་་ཡོད་ན་ཡང་། ད་ལྟར་ Common Era་ བསྡུས་ཚིག C.E སྟེ། སྤྱི་ལོ་ཞེས་འབྲི་བ་ལྟར་རོ།
ཨི་ཏྲ་ལི་ཚབ་ཏུ། ཨི་ཊ་ལི། ཡང་ན། ཨི་ཏ་ལི། ཞེས་འབྲི་ན་བཟང་ངོ་།