རྔ་བ་རྒྱལ་ཁམས་པ།
ཡུལ་དང་ཡུལ་ཅན་ཚོགས་པའི་རང་བཞིན་ཡང་ལོག་ཤེས་བྱའི་རྣམ་པ་གང་།།
ལྟོས་མེད་སེམས་ཀྱི་གསང་བ་དམ་པོས་ཐོག་མར་ཀུན་བྱེད་ཆོ་ག་ལས།།
གསལ་རིག་སྣང་བས་གདུང་བ་ཡོངས་འཕྲོག་འཇིག་རྟེན་དགེ་བའི་དཔལ་འཛིན་པ།།
སྐྱེ་དགུའི་ཡོན་གནས་ལྷ་དང་དྲང་སྲོང་རིག་འཛིན་ཚོགས་རྣམས་ཕྱིར་ཡང་དྲན།།
དམར་ནག་དྲག་ཁྲོས་གཏུམ་སྤྱོད་མེ་ལྕེ་ཆེར་འཁྲིགས་གོ་ལའི་སྤྱི་གཙུག་རྣམ་མཛེས་རྫ་བྲག་གངས།།
མ་བྱས་སྐྱེད་ཚལ་དག་གཙང་འབབ་ལྡན་མཚོ་རྫིང་ཡིད་འོང་རིན་ཆེན་གཟི་ལྡན་ནོར་འཛིན་མ།།
བདག་པོ་བཅས་པའི་རང་འཚོའི་སྲོག་ཟུངས་དྭངས་བཅུད་ཕལ་ཆེར་ཀུན་ནས་སྐེམ་ཞིང་བཀྲག་མདངས་ཉམས།།
བརྣག་དཀའི་སྡུག་གདུངས་དགའ་བ་ཡོངས་འཕྲོག་ཁྲག་དང་མིག་ཆུའི་རྒྱུན་དག་འགྲུབ་ནས་རིང་ཞིག་ལོན།།
དེ་ལྟ་ན་ཡང་དར་བ་དག་ནི་ངེས་པར་རྒུད་མཐོང་རྒུད་རྣམས་དར་བར་འགྱུར་མཐོང་ཞིང་།།
བདེ་སྡུག་རྒྱལ་ཕམ་མཐོ་དམན་ལེགས་ཉེས་གཅིག་ཏུ་མ་ངེས་རྟེན་འབྲེལ་ཆོས་ནི་རྣམ་འགྱུར་བས།།
མེས་པོས་བཀའ་ལུང་ཞི་དྲག་ཕྱག་རྒྱས་མི་འཁྲུག་རྒྱ་བཏབས་གདོད་མའི་པིར་རྒྱལ་མངའ་རིས་སུ།།
དུས་བསྟུན་འཛུགས་སྐྲུན་ལུགས་ཟུང་ཆབ་སྤེལ་མཚར་སྡུག་རྟོག་ལྗོངས་རི་མོར་བྱེད་པ་དོན་ལྡན་ཉིད།།
གང་ཕྱིར་ཆོས་ནི་རྣམ་འཚེ་མེད་ཅིང་མཐའ་ཟོལ་བྲལ་བ་འཕྲལ་ཕུགས་དགེ་བའི་རྐང་སྟེགས་ཉིད།།
འཇིག་རྟེན་ཉེ་ཞོས་ནམ་ཡང་གོས་མིན་སྲིད་ནི་ལྡོག་ཅིང་དགྲ་གཉེན་རིས་གཅོད་དེ་ལྟར་ན་ཡང་།།
ཆེན་པོ་དག་ནི་ཐབས་མཁས་ཉིད་ཀྱིས་འགལ་ནོངས་མེད་ཅིང་རླབས་ཆེན་འགྲུབ་པའི་རྒྱུར་འགྱུར་ཕྱིར།།
ཇི་སྲིད་ཞི་མོས་མཆོག་གསུམ་སྐྱབས་བྱས་དེ་སྲིད་ཟུང་སྤྱོད་ཕྱོགས་འཚོས་གཏན་དགའ་བརླག་མི་བྱེད།།
ངལ་བརྒྱས་རྣམ་སྨིན་དྲ་མའི་བཤུལ་ལམ་མཚུན་གྱི་གཙུག་ལག་དུངས་སྦྱོར་དམ་པོས་འཁྱུད་འོས་གང་།།
གུས་པས་མཆོད་བགྱིད་ཡིད་འོང་སྐྱེད་བྱེད་དུས་མཚམས་གསར་རིག་ཕྱོགས་རྩེ་རྣམས་བླངས་འཇུག་ཅིང་བཟློག།
གང་ཞིག་དེ་ལས་སྤྱི་བྱེའི་ལས་རིགས་ཅི་ཞིག་རྩོམ་བྱེད་ངེས་རྒྱལ་འགྱུར་ཞིང་ཉོན་མོངས་མེད།།
མཐོང་དང་མ་མཐོང་རྟེན་འབྲེལ་ཉིད་ཀྱིས་དར་རྒུད་བཟང་ངན་རང་བཞིན་རྣམ་འགྱུར་སྣ་ཚོགས་འཛིན།།
བྲག་སྲིན་སྤྲེའུའི་ཁམས་ཀྱི་ནུས་པས་མཐོ་རིས་སྲོག་གཅིག་དགྲ་གཉེན་ལྟ་བས་ཅི་ཕྱིར་གཅོད།།
འཐད་དངོས་མ་བསྡམས་བཙན་གྱིས་བཞག་གང་འཁྱམས་ཤིང་འཚོ་བྲལ་དགའ་གཉེན་འདེམས་འཆིང་ཀུན་ཏུ་གློད།།
ཐབས་ཤེས་མ་ཚོགས་འཇིག་རྟེན་དཔལ་དག་རྣམ་པར་བརླག་མཐོང་རོ་ལྡན་མ་རྣམས་བཀུར་འོས་ཉིད།།
མཆོག་དམན་ཀུན་ལ་རྨོངས་བས་འཇུག་ཕམ་ཤེས་བཞིན་སྤྱོད་པས་བརྟན་ཐོབ་མ་འཚེངས་མོད་མི་འགྱོད།།
གཡུལ་འཁྲུགས་དག་གིས་བདག་གཞན་རྣམ་འཇོམས་དེ་ཡིས་ཅི་ཕན་ཞི་འཇམ་གཅུགས་ཟམ་ཕྱོགས་མཐར་བསྐྲུན།།
དབང་མེད་གསོན་ཡང་སྡུག་བསྔལ་ཉིད་རྟོགས་སེམས་ལྡན་གང་ལའང་མཐུན་དབང་དངོས་རྣམས་སྲོག་དང་མཚུངས།།
ཆུང་ངུས་ཆེ་རིགས་ཐུབ་པ་འགལ་ཞིང་སྐྱོན་རྣམས་ཕྱིར་འབྱུང་དོན་སྤྱོད་མང་མོས་འགྲོས་དང་བསྟུན།།
མི་ཡི་འདྲ་ཐོབ་སྟོབས་འབྱོར་རིགས་རུས་རྟགས་ཀྱིས་མ་ཡིན་ཀུན་མཉམ་མཁའ་ཡི་རང་གཤིས་འཛིན།།
ཐུབ་ཆེན་བཀའ་ཡི་ཟབ་བརླིང་དགོངས་པ་ྐླུ་ཐོགས་རིགས་པས་རང་དགར་ཕྱེ་བ་ཚུལ་གཉིས་སྲོལ།།
མ་འཁྲུགས་ལེགས་བཟུང་འཕགས་རིགས་དག་གི་རྒྱུད་ལས་འོངས་པ་ས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད།།
ཁམས་དབང་མོས་ངོར་རྗོད་པས་ཕྱེ་ཙམ་དོན་དམ་རྣམ་བྱང་ཉེར་ཞིར་གཞོལ་ཐབས་ཆུ་དང་མཚོ།།
མཐའ་ཐོག་འཇུག་འབྱུང་གཅིག་མཐུན་མི་མཐུན་ལྟར་སྣང་སྟོན་དང་དུག་གསུམ་དག་གིས་གཅོད་མི་རིགས།།
མརྒད་སྤུ་ལོང་འཁྲིགས་པའི་ངོས་ལ་ཁ་དོག་སྣ་ཚོགས་གཟི་མདངས་དང་ལྡན་ཟེ་འདབ་དག།
དངུལ་ཐིག་འོད་ལྡན་རྣམས་ཀྱིས་ཉེར་མཛེས་རླུང་གིས་གཙུབ་པའི་མཚར་སྡུག་མེ་ཏོག་དྲི་བཟང་སྐྱེས།།
སྟོབ་པའི་ས་འཛིན་སྤང་ཐང་ཁྱིམ་བྱས་འབྲོག་མང་བསྟེན་བྱ་དུས་ཀྱིས་བཅད་པའི་ས་ཚིགས་གང་།།
སྟབས་བདེའི་སྦྲ་གུར་གྲང་སྐྱོབ་ཁང་ཁྱིམ་སྒྲ་གཟུགས་སྡུད་འཕྲུལ་གློག་འོད་སྣང་བས་ཀུན་ཏུ་སྤྲོ།།
ར྄ྭ་དང་རྨིག་ལྡན་རྐང་བཞིའི་ཐོན་དངོས་ཕྱི་རོལ་འཕོ་མིན་སྐྱ་འཕེལ་རང་བཟོའི་སྒྱུ་རྩལ་གྱིས།།
རྒྱུན་སྤྱོད་ཉེར་ཆས་སྲོལ་གཟུགས་རྣམ་པར་དུས་གསར་རྣམ་མཚོན་ཉམས་འགྱུར་དག་ནི་ཡིད་འོང་བས།།
རྫིང་ཡུར་ཞིང་གི་སྣོད་བཅུད་ཡོངས་གང་ཐོན་རིགས་སྤུས་བཟང་ཕྱི་ནང་དགའ་བསུའི་ཐལ་སྒྲ་ཡིས།།
ལག་འགྲོ་ཕྲོག་པའི་བསོད་མིན་མཆོད་སྦྱིན་བསོད་ནམས་འབྲལ་ལྡན་མཆོག་དཀར་ཕུང་བོར་རྣམ་སྨིན་མཛོད།།
གངས་རིའི་ཟས་བྱིངས་སྦྲང་རྩམ་ཉིད་ཕྱིར་དེ་སོན་མཐོར་བསྐྱེད་གཤིན་ས་དག་ནི་བདག་གི་སྲོག།
གཉིས་པ་ཡིན་པས་དང་བོས་དམིགས་པ་སོ་ནམས་མཐོར་བསྐྱེད་ཐན་རྒུད་སྐྱོབ་ཐབས་འབྲུ་མཛོད་སྤེལ།།
ཞིང་དགེས་འབྲོག་ཐོན་འབྲོག་དགེས་ཞིང་ཐོན་དབུ་མར་ཡོངས་བརྗེས་དགའ་བའི་འཚོ་བདེ་རོ་དང་ལྡན།།
འཇིག་རྟེན་དག་ན་ཐབས་དང་ཤེས་རབ་ཟུང་དུ་སྤྲེལ་ལས་ཡིད་འོང་བུ་དང་བུ་མོ་མཐོང་།།
དཀྱུས་ཡངས་གཞུང་ལམ་བཞི་བསྣོལ་དགུ་མིག་དྲ་ཁོངས་དག་ཏུ་སྤྱི་སྒེར་བབ་གཞིགས་བསྟར་ཆགས་ཀྱི།།
ཁང་ཁྱིམ་ཐོག་ཚད་མཐོ་མཐའ་བཅུ་ཚིགས་ཕྱི་རྣམ་རང་ལུགས་ནང་བཀོད་དཔེ་གསར་འགྲོས་ལའང་བསྟུན།།
ཁོར་ཡུག་མུ་འབྲེལ་རྩི་ལྗོངས་ཆེ་ཆུང་གྲ་མཉམ་སྒྲིག་ལེགས་མེ་ལྡུམ་དྭངས་གཙང་ཡིད་དུ་འོང་།།
གཉའ་གནོད་སློག་ཧྲིལ་གྱོན་པའི་རྒས་ལྗོངས་མེས་པོའི་ཁབ་འདིར་སླར་ཡང་ལང་ཚོད་དར་ལ་བབ།།
གང་དུ་ས་ཞིའི་ཆུ་གོས་འབིགས་བྱེད་རི་བོའི་ཚོགས་དང་སྙན་གྲགས་རླབས་ལྡན་ཆུ་བོའི་གཏེར།།
གྲུབ་རིགས་བསྟི་གནས་བྱིན་རླབས་ཕུག་སྐྱིབས་ངོ་མཚར་འཕྲུལ་རྫིང་སྤང་ལྗང་སྣ་ཚོགས་རྒྱན་ཕྲེང་ཅན།།
རང་བྱུང་མཛེས་ལྗོངས་ཡིད་འོང་དག་ཏུ་ཕྱོགས་འགྲུལ་འཇུག་ངོགས་མགྲོན་པོར་འོས་པ་ཁང་ཁྱིམ་ཆས།།
སྟབས་བདེ་དག་གིས་གངས་རིའི་གཟི་བསྐྱེད་བདག་གཞན་འཚོ་དགའ་མཛའ་མཐུན་ལམ་ནི་ཀུན་ཏུ་ཡངས།།
རྒྱུ་དང་མི་རྒྱུའི་སྲོག་གི་ཀ་བ་སྣོད་ཀྱི་འཇིག་རྟེན་འདི་ཡིན་ཏེ།།
སྐྱེ་དངོས་ཕལ་ཆེར་འདི་ལས་བྱུང་ཞིང་འདི་ལ་བརྟེན་ནས་འཚོ་གནས་ཕྱིར།།
རང་གི་ལུས་ལྟར་རིན་ཆེན་ས་གཞི་ཁོར་ཡུག་ཀུན་ནས་གཅེས་སྐྱོང་གིས།
སྣོད་བཅུད་འབྱུར་ཁམས་བདེ་བའི་ཐབས་ཀྱིས་རྫོགས་ལྡན་དུས་བཟང་མགྲོན་དུ་བསུ།།
སྤུན་ཟླ་ཚོ་ལགས། དེ་རིང་ཆུ་ཚུད་དྲུག་བདུན་ཞིག་འགྲོ་སོང་། དེའི་རིང་དུ་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེ་ཐུབ་ཀྱི་མི་འདུག་ན། དེའི་གནས་ཚུལ་ཤེས་མཁན་ཡོད་ན་དུས་བབ་ཚང་གི་ལས་བྱེད་ཡོངས་ལ་ཞུ་རོགས་ཞུ། གནད་དོན་གང་གི་རྐྱེན་གྱིས་ཡིན་མིན་དབྱིན་ཡིག་འདི་འདྲ་ཞིག་ཤར་ནས་བསྡོད་ཀྱི་ འདུག
Bandwidth Limit Exceeded
The server is temporarily unable to service your request due to the site owner reaching his/her bandwidth limit. Please try again later.
Apache/2.2.11 (Unix) mod_ssl/2.2.11 OpenSSL/0.9.8i DAV/2 mod_auth_passthrough/2.1 mod_bwlimited/1.4 FrontPage/5.0.2.2635 Server at http://www.tibettimes.net Port 80
རྔ་བ་རྒྱལ་ཁམས་པ་ལ་ཕུལ་བ།
ཀ་ལཱི་ད་སའི་རྐང་རྗེས་རི་མོའི་ཤུལ༎
དུས་ཀྱིས་འཚུབ་མས་བསུབས་པའི་བྱེ་ཐང་ནས༎
སྤྲིན་གྱི་ཕོ་ཉའི་དབྱངས་རྟ་སྙན་མོ་ཡིས༎
དབྱངས་ཅན་གྲོགས་སུ་འགུགས་པའི་རྒྱལ་ཁམས་པ༎
བོད། ལྷ་ཀླུ་གཉན་གསུམ་ལགས། ད་དུས་བབ་ཚང་སྒོ་ཕྱེ་ཐུབ་ཀྱི་འདུག ཁྱོད་ཀྱིས་གཟིགས་རོགས་གྱིས། ད་དུང་དུས་ཚོད་ཡོད་དུས་དྲ་ཚིགས་འདིར་སྙན་ངག་རེ་གཉིས་རེ་འབྲི་རོགས་གྱིས།
ཨ་ལད་ཡང་ལད་དེ་ལད་སོགས།།
ལད་མོ་བསྒྲིགས་པའི་གྲལ་མཇུག་ནས།།
ཁྱོ་ཤུག་ལྗོངས་སུ་རྒྱུ་བའི་ཚུལ།།
ཚིགས་བཅད་འདི་དག་སླར་ཡང་དྲན།།
སྔོ་ལྗང་གཡུ་ཡི་ཞུན་མ་བྱུག་པ་ཡི།།
ཡངས་པའི་རྩ་ཐང་ཡིད་འོང་ཉམས་དགའ་བར།།
ཡིད་མཐུན་ཁྱོ་ཤུག་ཟུང་གིས་རྒྱང་རིང་གི།
མཛེས་པའི་གྲོང་དང་གྲོང་ཁྱེར་ལྗོངས་རྒྱུ་བར།།
འདུན་པའི་ཆུ་བོ་གཅིག་ཏུ་འདྲེས་པ་ཡི།།
རིངས་པའི་སྟབས་ཀྱིས་འཕྲུལ་འཁོར་ལ་ཞུགས་ཏེ།།
དཀར་དམར་མེ་ཏོག་བཀྲམ་པའི་སྤང་ཐང་འདབས།།
སྒྲ་དང་རླུང་གིས་དྲངས་པའི་རྡུལ་སྤྲིན་གྱིས།།
བཞུད་ལམ་རིང་མོའི་ངོས་དག་དཀྲིགས་པའི་ཚེ།།
གནག་ཁྱུ་བྲེད་པའི་ཟོལ་གྱིས་ལྡིར་ཞོག་དང་།།
ཅང་ཤེས་རྟ་ཡི་བང་རྩལ་འདུར་ཞིང་རྒྱུག།
བལ་ལྡན་ལུག་གི་སྤྲིན་དཀར་གཡོ་བ་སོགས།།
ཡ་མཚན་ལྟད་མོར་རོལ་བའི་མཛའ་ན་མོའི།།
མིག་གི་བདུད་རྩིར་ཐོབ་པའི་དགའ་སྟོན་ལ།།
ནང་གི་དྭངས་གསལ་ཡིད་ཀྱི་ལྗགས་ཡངས་པོས།།
ངོ་མཚར་གཟིགས་མོའི་རོ་བཅུད་ཅི་ཡང་མྱོང་།།
ཡང་ནི་རིམ་པའི་རིམ་པར་བཞུད་ཅིང་བགྲོད་དཀའ་རི་མཐོའི་ཞོལ་དུ་ཕྱིན་ཚེ་བལྟས་པ་ན།།
གཟར་ཞིང་མཐོ་བའི་རི་བོ་དེ་ནི་འཇིགས་རུང་རྦབ་ཀྱི་མཚོན་ཆ་རྒོད་ཅིང་གཟིར་བ་དེའི།།
རྩེ་མོ་རྣམས་ནི་དགོང་གི་སྤྲིན་པར་བསྣུན་པ་དང་བཅས་བརྩེ་བ་མེད་པར་ཕུག་པ་སོགས།།
མཐོང་པའི་མོད་ལ་ནང་སེམས་བྱིས་པ་སྐྱི་ཞིང་གཡའ་བས་ཙི་ཏའི་ཁྱིམ་དུ་མཆོང་ཞིང་ལྡིང་།།
མཐོ་བའི་ཉག་ཁ་བརྒལ་བའི་སླད་དུ་གྱེན་དུ་ཕྱོགས་ཚེ་མི་སྙན་འཁོར་ལོའི་ངུ་འབོད་དང་།།
གཡོ་བའི་ཐལ་རྡུལ་ལིང་ལོང་འཁྲིགས་ཤིང་མ་ཐེག་ཁུར་གྱིས་བཙུར་བ་སྣུམ་རོའི་སྟུག་དྲི་བཅས།།
བགྲོད་བྱེད་འཁོར་ལོ་འགྲུད་པ་མ་ཡིན་འོན་ཀྱང་འཁོར་མིན་འགུལ་ལ་མ་འགུལ་ལྟོ་འགྲོའི་ཟོལ།།
ཕངས་མེད་དུས་ཀྱི་ཆོ་ག་ཟད་ཟད་མཇུག་མཐར་ཉམས་ང་རི་བོའི་གཙུག་ཏོར་ད་གཟོད་མཇལ།།
མཐོ་ཞིང་གཟེང་བའི་རི་བོ་དེས།།
སུག་བཞི་འདར་བའི་བྲོ་གར་ལ།།
བསྐུལ་ཚེ་གྲོགས་དག་ཚམ་ཚོམ་དུ།།
ཕན་ཚུན་འཇུས་ཏེ་ཡུག་ཡུག་ཁྲབ།།
རྩེ་མོ་རྣོ་བའི་ས་འཛིན་ཕྲག་པ་ནས།།
ཐུར་དུ་གཟིགས་མོའི་ལས་ལ་ཞུགས་པ་ན།།
ཀྱག་ཀྱོག་ལམ་འདི་རི་བོའི་སེ་རལ་ཁ།།
མཛེས་བྱེད་རྒྱན་གྱི་ཟོལ་དུ་འཕྱངས་སམ་སྙམ།།
འགྲོ་བར་རྩོམ་ཚེ་བགྲོད་བྱེད་སུག་བཞི་འདར།།
ཐེག་བྱེད་འཁོར་ལོར་ཞུགས་ཚེ་ཀླད་རྒྱ་རལ།།
ཕྱོགས་སུ་བལྟས་ན་ཁོར་ཡུག་ཡོམ་ཡོམ་འདར།།
འཇིགས་རུང་གཟར་བོའི་འཕྲང་འདི་ཇི་ལྟར་བགྲོད།།
དེ་ལྟ་ན་ཡང་འདྲེད་ཤུད་མ་ཡིན་རྗེས་ནས་ཤུགས་ཀྱིས་བསྐུལ་བའང་མིན།།
མདུན་ནས་ལྕགས་ཀྱུས་དྲངས་པ་མིན་ལ་རྐང་བའི་རྗིད་ཀྱིས་གནོན་བཞིན་དུ།།
ཀྱག་ཀྱོག་ལམ་འདིའི་ཁུག་པའི་གྲངས་འདི་མ་ནོར་རྩིས་ལ་འདེབས་པའི་ལས།།
གནམ་གྱི་རྒྱལ་པོས་བགོས་པ་ཇི་བཞིན་བགྲང་ཞིང་བགྲང་ལ་གཤོང་དུ་བབས།།
འཇིགས་སྐྲག་དངངས་པས་བཙོན་དུ་བཅུག་པ་ཡི།།
ངར་ངར་དབུགས་ཀྱི་རྒྱུ་བ་གློད་པ་ན།།
ཤུགས་རིང་གླལ་བ་རིང་མོའི་གྲོགས་དང་བཅས།།
མགྲིན་པའི་སྒོ་འཕར་ཡངས་པའི་ལམ་ནས་ཐོན།།
ད་ནི་ཀྱག་ཀྱོག་ལམ་གྱིས་འབྲེལ་བ་ཡི།།
ལོང་ཟབ་རི་མཐོ་གཟར་ཞིང་དོག་པ་འདི།།
འཇིགས་རུང་གཤིན་རྗེའི་འཕྲང་དུ་ཚུད་པ་བཞིན།།
མི་བགྲོད་གཡོལ་བའི་བྱ་བ་སུ་ཡིས་སྤོབ།།
ཡང་ནི་འཁྱོག་པོའི་རྒྱུ་ལམ་དག་ནི་སྲུན་བུས་ཟོས་པའི་ཤུལ་ལམ་ཇི་བཞིན་ཀྱག་ཀྱོག་ལམ་དེར་ཞུགས་པ་ན།།
འཇིགས་ཤིང་ཡེར་ཡེར་གཅོང་རོང་ཆུ་ཡི་འཚེར་སྐད་སྒྲོག་བཞིན་བྱམ་ཁའི་རྦབ་ལ་དོག་པ་དང་བཅས་བཞུད་པའི་ཚེ།།
གཡས་གཡོན་གཡང་གཟར་ཕྲ་མོའི་རྒྱུ་ལམ་འཁྱོག་པོ་བརྒྱུད་པའི་མི་དག་གིས་ནི་ཤིང་སྐམ་ཁུར་པོ་ཁུར་བཞིན་དུ།།
ཧ་ཧའི་གད་རྒྱང་གནམ་ས་འགེངས་པའི་བྲག་ཆ་དང་འགྲོགས་མཆོང་ལྡིང་གར་གྱིས་རི་སྐྱེས་ཇི་བཞིན་རྒྱུ་བ་མཐོང་།།
ཨེ་མ་ལྷ་ཡིས་རྣག་ཁྲག་བདུད་རྩི་རུ།།
མཐོང་བ་ཇི་བཞིན་ལས་ལྡན་སྐྱེ་བོ་ལ།།
འཇིགས་རུང་གཤིན་རྗེའི་གནས་འདི་ཉམས་དགའི་ཚལ།།
མ་མཐོང་སྤྲོ་དགའི་ཉམས་འདི་སུ་ལ་ངོམ།།
སླར་ཡང་རྒྱུ་ཞིང་རྒྱུ་བའི་ཐ་མར་ཅུང་ཟད་ཡངས་པའི་གྲོང་གི་འདམས་མར་རེག་པ་ན།།ཟློས་གར་གསར་བའི་དགའ་སྟོན་མྱོང་སླད་ས་ལ་བབས་པ་གཞོན་སྐྱེས་དག་གིས་མཐོང་བའི་མོད།།
ཚང་སྒོ་འགྱེད་པའི་བུང་བ་ཇི་བཞིན་དིར་དིར་སྒྲ་ཡིས་རྒྱང་རིང་མགྲོན་པོ་སླེབ་སོང་ཞེས།།
དགའ་བསུའི་ཆེད་དུ་ཁྱོ་ཤུག་ཟུང་གི་གཡས་གཡོན་བསྐོར་ཞིང་འཇུས་ཏེ་ཡངས་པའི་དོ་རར་ཞུགས།།
ཁྱོ་བོའི་ངོ་ཚ་མཁའ་རུ་ཡལ་དེ་ཡན་ལག་གཡོ་བ་གར་དགུའི་ཉམས་འགྱུར་སྣ་ཚོགས་ཞིག།
འཁྲབ་པའི་སླད་དུ་ངག་གི་དབྱངས་རྟ་ཡ་མ་ཆ་ཡི་མགྲིན་བཟང་དབང་པོས་རྒྱང་འབོད་བཞིན།།
འཛེམ་པ་མེད་པར་སྒྲོག་པ་དང་བཅས་མཛེས་མའི་ཁྲོད་ནས་མཆོང་ལྡིང་ཉམས་བརྒྱས་བྲོ་གར་འདིས།།
ཁ་བསྐྱེངས་ངོ་ཚའི་རླུང་གིས་བསྐུལ་དེ་ཟླ་མོའི་གདོང་བ་མ་བྱུག་ཚོན་གྱི་དམར་མདངས་རྒྱས།།
དལ་བར་དལ་བུས་ལམ་དུ་ཕྱོགས་ཏེ་རེ་ཞིག་རྫོང་གི་སྲང་བར་དག་དུ་རྒྱུ་བ་ན།།
ལམ་གྱི་གྲ་ཟུར་ཚོང་རྡལ་ཁྲོད་དུ་སྲོག་ཆགས་ར་དང་ཕག་པ་ལ་སོགས་འཚོང་བའི་ཆེད།།
རྡང་དུ་བསྟར་ཞིང་ལ་ལ་དག་ནི་ཤིང་སྐམ་ཁུར་ཆེན་ཕོན་པོའི་ཟུར་ནས་འགྱིང་བའི་མིས།།
འབྱེད་བཙུམ་ཁ་ཡི་ཤུགས་ཀྱིས་རྔུབ་པའི་དུ་བའི་རྒྱུན་ནི་ཕྱི་རུ་བཏང་བ་སྤྲིན་ལྟར་འཁྲིགས།།
དོག་མོའི་འཕྲང་ལམ་རིང་མོ་བརྒལ་བའི་མཐར།།
གནམ་ས་འཐམ་པའི་བར་ཐག་རྒྱ་བཀྱེད་དེ།།
མཛེས་པའི་གྲོང་དང་གྲོང་ཁྱེར་ཡངས་པའི་ཐང་།།
ལམ་མེར་བཀྲ་བ་མིག་གི་དཔྱིད་དུ་ཐོབ།།