བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་སྤྱི་སེམས་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
སྤྱི་སེམས།
སྤྱི་སེམས་ཞེེས་པ་ནི་ཀུན་ཁྱབ་ཀྱི་རང་བཞིན་ལྡན་པའི་ཤེས་པ་ཞིག་རེད། ད་དུང་ཐ་སྙད་འདིའི་ཟབ་སར་སོང་ན་གཞན་གྱི་བདེ་སྡུག་ལ་སེམས་པའི་འགན་ཁུར་གྱི་འདུ་ཤེས་ཤིག་འདུས་ཡོད། དེའང་རང་གི་ནུས་པའི་ཁྱབ་ཁོངས་ལས་འདས་པའི་གྲོང་གསེབ་ཁག་གི་དབུལ་ཕོངས་རྣམས་ལ་ཐད་ཀར་ཇུས་གཏོགས་བྱེད་རྒྱུ་ལྟ་བུ་ལ་གོ་རྒྱུ་མིན་པར། “སོ་སོའི་བློ་རང་གཅེེས་འཛིན་གྱི་དབང་དུ་འགྲོ་རུ་མ་བཅུག་པར་གཞན་གྱི་བདེ་སྡུག་གི་ཕྱོགས་སུ་བསྐོར་རྒྱུ་འདི་ཡིན་”ཞེས་གསུངས་པ་ལྟར་རེད།
དེ་ལྟ་བུའི་སྤྱི་སེམས་ཞིག་འཛིན་རྒྱུ་ལས་སླ་བོ་མེད་རུང་། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཐམས་ཅད་གཅིག་མཚུངས་ཡིན་པའི་གོ་རྟོགས་མཐོ་རུ་བཏང་ནས་སྤྱི་སེམས་གོང་འཕེལ་དུ་གཏོང་ཐབས་ནི། “གཞན་ལ་ཕན་འདོགས་པའི་གོ་སྐབས་ཤིག་མཐོང་ན། རང་གཅེས་འཛིན་གྱི་ཁེ་ཕན་ཆུང་ངུ་དོར་ནས། གཞན་དོན་དང་དུ་ལེན་པའི་འདུ་ཤེས་ཤིག་སྐྱེད་སྲིང་བྱེད་པའི་བསམ་བློའི་འཁྱེར་སོ་”རྒྱ་ཆེ་རུ་གཏོང་རྒྱུ་ཉག་ཅིག་རེད།
སྤྱི་སེམས་རྣལ་མ་ཞིག་འབྱུང་བ་ལ་བར་ཆད་ཆེ་ཤོས་ནི། སྐད་ཡིག་དང་གོམས་སྲོལ། དབྱིབས་དང་ཁ་དོག རུས་དང་རིགས་སོགས་ཀྱིས་དབྱེ་འབྱེད་བྱས་ཏེ། ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཁྱིམ་གཞི་ཆེན་པོ་གཅིག་གི་ཡིན་པའི་རྩ་བའི་འདུ་ཤེས་བརླག་འགྲོ་བ་དེ་རེད། དེ་ལྟར་དབྱེ་འབྱེད་བྱས་པའི་གྲུབ་དོན་ལ་རང་གཞན་གཉིས་ཀས་དོན་སྙིང་མེད་པའི་སྡུག་བསྔལ་འཕར་མ་ཞིག་མྱོང་བ་དེའོ།།
སྐབས་འདིར་༧གོང་ས་མཆོག་གིས་ང་ཚོར་གཤམ་གསལ་ལྟར་གལ་གནད་ཆེ་བའི་དྲི་བ་ཞིག་བཏོན་འདུག ང་ཚོར་སྐྱེ་རྒ་ན་འཆིས་མཚོན་པའི་སྡུག་བསྔལ་དང་དཀའ་རྙོག་གྲངས་ལས་འདས་པ་ཞིག་ཡོད། ང་ཚོ་སྡུག་བསྔལ་འདི་དག་ལ་གཡོལ་ཐུབ་ཀྱི་མེད། ང་ཚོར་སྡུག་བསྔལ་འདི་དག་གིས་འདང་གི་མེད་དམ། ད་དུང་པགས་པའི་ཁ་དོག་དང་། བསམ་བློ་གཏོང་སྟངས་ཐ་དད་པ་ཡིན་པ་སོགས་གཞིར་བཞག་ནས་དཀའ་རྙོག་ལྷག་མ་བསྐྲུན་པའི་རྒྱུ་མཚན་ཅི་ཡིན་ནམ་ཟེར་བ་དེ་རེད། འདི་ནི་ང་ཚོས་ནན་ཏན་གྱིས་མནོ་བསམ་གཏོང་དགོས་ས་ཞིག་མ་རེད་དམ།
༧གོང་ས་སྐྱབས་མགོན་མཆོག་གིས་རང་ཉིད་ཀྱི་ཉམས་མྱོང་དང་བསྒྲགས་ནས་འདིའི་ཐད་ལ་དགོངས་ཚུལ་ལྷུག་པོ་གསུང་རྒྱུར་ “འགྲོ་བ་མི་ཡིན་པའི་ཆ་ནས་རང་ཉིད་དང་འདྲ་བར་གཞན་དག་ལ་སྣ་གཅིག་དང་། མིག་གཉིས་གཅིག་མཚུངས་སུ་ཡོད་ཅིང་། ཁ་དོག་དང་གདོང་གི་བཟོ་དབྱིབས་སྣང་མེད་དུ་བཏང་ན། བར་ཐག་རིང་བའི་འདུ་ཤེས་དེ་ནི་རང་ཆས་སུ་ཡལ་འགྲོ་བ་དང་། ང་ཚོ་ཚང་མ་མིའི་རིགས་ཀྱི་ཤ་ཁྲག་གཅིག་མཚུངས་ཤིག་ལས་གྲུབ་ཡོད་པར་མ་ཟད། རང་གིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཇི་བཞིན། གཞན་དག་ལའང་འདོད་པ་གཅིག་མཚུངས་སུ་ཡོད་པ་ངོས་ཀྱིས་མཐོང་ཐུབ་ཅིང་། ངོས་འཛིན་འདིའི་ཐོག་ནས་ངོས་ཀྱིས་གཞན་དག་གི་ཕྱོགས་སུ་སེམས་པ་བཟང་པོ་ཞིག་རང་གི་ངང་གིས་འཛིན་པ་དང་། གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་པ་ནི་ཕལ་ཆེར་རང་ཤུགས་ཀྱི་འབྱུང་གི་རེད་”གསུངས་ཡོད།
གནང་དེང་གི་སྤྱི་ཚོགས།
འདི་ནས་ཡར་བརྩིས་པའི་ལོ་ངོ་བརྒྱ་ཕྲག་འགའི་སྔོན་གྱི་ཁྱིམ་ཚང་དང་། གྲོང་སྡེ་ཆུང་ངུ་རྣམས་ཕན་ཚུན་མ་བརྟེན་པར་གནས་ཐུབ་ཀྱི་ཡོད། “གལ་ཏེ་ཁོ་ཚོས་རང་གི་ཁྱིམ་མཚེས་ཀྱི་བདེ་སྡུག་ལ་ཐུགས་ཁུར་བྱས་ཡོད་ན་ཧ་ཅང་ལེགས་མོད་ཀྱང་། སྔོན་མར་ཁུར་སེམས་དེའི་རིགས་མེད་ནའང་མི་རྣམས་ལེགས་པར་གསོན་ཐུབ་ཀྱི་ཡོད་”ཅེས་གནའ་སྔ་མོའི་སྤྱི་ཚོགས་ལ་སྡོམ་ཚིག་བཀོད་ཡོད།
དེང་གི་དུས་ནི་དེ་ལྟར་གཏན་ནས་མིན་པར་ཕན་ཚུན་དམ་པོར་འབྲེལ་བའི་མིག་སྔུན་གྱི་གནས་སྟངས་འདི་རེད། དཔལ་འབྱོར་རིག་པ་ནི་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་
གྱི་འབྲེལ་བ་དམ་པོར་གནས་བསྡད་ཡོད་པའི་དཔེར་མཚོན་ཡག་ཤོས་ཤིག་ཡིན། “སའི་གོ་ལའི་ཕྱོགས་གཅིག་ཏུ་མ་དངུལ་གྱི་ཁྲོམ་ར་རྡིབ་ན། ཕྱོགས་གཞན་དུ་ཡོད་པའི་རྒྱལ་ཁབ་ཅིག་གི་དཔལ་འབྱོར་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་”པ་ལྟ་བུ་རེད།
ད་དུང་དེ་ལས་ཀྱང་དཔེ་མཚོན་ཡག་ཤོས་ནི་རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འདི་རེད། སྤྱིར་ཡིན་ན་འདི་རྒྱ་ནག་གི་གྲོང་ཁྱེར་ཞིག་ནས་བྱུང་བའི་ནད་འབུ་ཕྲ་མོ་ཞིག་རེད། རེད་དེ་སྤང་ལ་མེ་མཆེད་པ་ལྟར་འཛམ་གླིང་ཤར་ནུབ་ཐམས་ཅད་ལ་ཁྱབ་སྟེ། ད་ཆ་མི་མང་ས་ཡ་དྲུག་ལྷག་ནད་འབུ་འདིས་མནར་ཞིང་། འབུམ་གསུམ་དང་ཁྲི་དགུ་ལྷག་ཕྱི་མིའི་ཡུལ་དུ་བསྐྱེལ་ཟིན་པའི་དངོས་ཡོད་ཀྱི་གནས་སྟངས་འདི་རེད། གནས་སྟངས་འདིས་ང་ཚོ་ཚང་མ་ས་སྒང་ཧྲིལ་པོ་ཞིག་གི་ཤར་ནུབ་ལ་གནས་པ་ཙམ་ལས་ཐམས་ཅད་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་པོར་གནས་བསྡད་པ་གསལ་སྟོན་བྱས་པ་རེད།
འདིའི་མཐའ་སྡོམ་ལ་༧གོང་ས་མཆོག་གིས་ང་ཚོ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་འདི་ནི་ཆེས་དམ་པོ་ཡིན་པས། ང་ཚོས་ཕུགས་རྒྱང་རིང་པོའི་ཐོག་ནས་རང་གི་ཁེ་ཕན་སྲུང་དགོས་པར་གདམས་ཤིང་། “དཔེར་ན་ཁྱིམ་ཚང་གཉིས་ཀྱིས་ཆུའི་འབྱུང་ཁུངས་གཅིག་མཉམ་སྤྱོད་བྱེད་སྐབས། ཆུ་དེ་འབག་བཙོག་ཏུ་མི་འགྱུར་བའི་འགན་ལེན་བྱས་ན་གཉིས་ཀར་ཕན་རྒྱུ་རེད་”ཅེས་དཔེར་མཚོན་ཡང་གོ་སླ་བ་ཞིག་བཀོད་ཡོད་པ་དེའོ།།
སྤྱི་སེམས་ཀྱི་དགེ་མཚན།
གོང་ལྟར་ད་ལྟའི་སྤྱི་ཚོགས་ནི་ཕན་ཚུན་གཅིག་བརྟེན་གྱི་རྟེན་འབྲེལ་ཟབ་མོ་ཞིག་གྲུབ་པ་དངོས་ཡོད་ཡིན་དུས། སྤྱི་སེམས་ནི་མེད་དུ་མི་རུང་བ་ཞིག་རེད། དེའི་ཕྱིར་ལེའུ་འདིར་སྤྱི་སེམས་ཁུར་སྟངས་ཕྱོགས་ལ་༧གོང་ས་མཆོག་གིས་སྒོ་མང་པོ་ཞིག་ནས་གསུངས་ཡོད་པས་ཁྱེད་ཚོས་ལན་གཅིག་གཟིགས་ཐུབ་ན་ཁེ་མ་གཏོགས་གྱོང་རྩ་བ་ནས་མེད་པའི་ས་རྟགས་འགོད་ཆོག དེ་ལྟར་“ང་ཚོའི་བྱ་སྤྱོད་ཐམས་ཅད་ལ་སྤྱི་ཁྱབ་ཀྱི་ཆ་ཞིག་ཡོད་པ་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད་ལ། བླང་དོར་གྱི་སྒྲིག་ཁྲིམས་དང་། དགེ་བའི་སྤྱོད་པ། སོ་སོར་རྟོག་པའི་ཤེས་རབ་བཅས་ནི། དོན་སྙིང་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བའི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཡིན་”ཞེས་སྤྱི་སེམས་ནི་ང་ཚོའི་འཚོ་བའི་ནང་དུ་གལ་ཆེན་དུ་གདམས་ཡོད།
སྤྱི་སེམས་བཅོས་མིན་ཞིག་རྒྱུན་སྐྱོང་བྱེད་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན་ནའང་། ཕུགས་རྒྱང་རིང་པོའི་མནོ་བསམ་དང་། རང་གཞན་གྱི་བདེ་སྐྱིད་ངོ་མ་ལ་བསམས་ནས་རང་ནུས་གང་ལྕོགས་ཀྱིས་སྤྱི་སེམས་རེ་ཁུར་རྒྱུ་ཧ་ཅང་གལ་ཆེ་བར་སྙམ། ང་ཚོས་དཔེ་ཀློག་རྒྱ་ཆེན་པོ་ཞིག་བྱ་མ་ཐུབ་ཀྱང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྗགས་རྩོམ་དག་བཀླགས་ནས་གོ་རྟོགས་ཇེ་ཆེ་དང་། སྤྱི་སེམས་ཀྱི་དགེ་མཚན་ཤེས་ཐབས་བྱེད་རྒྱུ་ནི་ཤེས་བྱའི་རྣམ་གྲངས་བསགས་པ་ཙམ་མིན་པར། རང་གཞན་གྱི་མི་ཚེའི་བདེ་སྡུག་ལ་འབྲེལ་བ་ཡོད་པ་ཞིག་རེད། ང་ཚོས་དྲང་པོ་དྲང་བཞག་བྱས་ནས་མི་ཚེ་ཞིག་སྐྱེལ་ཚེ་གཞན་གྱིས་རང་ལ་དོགས་ཟོན་དང་། འཇིགས་སྣང་སོགས་གང་ཡང་མེད་པར་འབྲེལ་ལམ་བཟང་པོ་ཞིག་རྒྱུན་སྐྱོང་བྱ་ཐུབ་པར་མ་ཟད་རང་གི་ཁོར་ཡུག་ལ་གནས་པའི་མི་མང་པོ་ཞིག་ལ་ཞི་བདེ་བསྐྲུན་ཐུབ། དེ་ལྟར་ང་ཚོས་སྤྱི་སེམས་བཟང་པོ་ཞིག་མངོན་ལྐོག་རྒྱབ་མདུན་མེད་པར་རྒྱུན་སྐྱོང་བྱས་ཚེ། རང་ཉིད་ཙམ་མིན་པར་ཐམས་ཅད་ལ་ཞི་བདེ་བག་ཕེབས་ཀྱི་བདེ་སྐྱིད་ཅིག་བསྐྲུན་ཐུབ་པ་ནི་ཡིད་ཆེས་འོས་པ་ཞིག་ཏུ་འཁུམས། ལེའུ་འདིའི་མཇུག་ཏུ་“མཐུན་འགྲིག་དང་ཞི་བདེ་ངོ་མ་ཞིག་བསྐྲུན་པར་དཀའ་ཚེགས་ཆེན་པོ་ཡོད་ངེས་ནའང་། ང་ཚོར་དེ་སྒྲུབ་པའི་ནུས་པ་ཡོད་པ་དང་། ཞི་བདེ་དང་མཐུན་འགྲིག་དེའི་རྩ་བ་ནི། ང་ཚོ་རེ་རེ་ནས་གཞན་ཐམས་ཅད་ཀྱི་ཕྱོགས་ལ་འགན་ཁུར་བའི་འདུ་ཤེས་ཤིག་བསྐྱེད་དགོས་པ་འདི་ཡིན་”ཞེས་མཐར་སྡོམ་ཡིད་དུ་འོང་བ་ཞིག་གིས་མཇུག་བསྡུ་མཛད་ཡོད་པ་དེའོ།།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་སྤྱི་སེམས་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
2020/6/7 བློ་བཟང་རིན་ཆེན་གྱིས་བྲིས།