བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་ཆོད་སེམས་ཀྱི་ཚད་གཞི་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
མཐའ་གཉིས་སུ་མ་ལྷུང་བའི་ཆོད་སེམས།
དེ་རིང་ཁོ་བོས་བཀླགས་པའི་ལེའུ་འདིའི་མིང་ལ་<<ཆོད་སེམས་ཀྱི་ཚད་གཞི་>>ཞེས་བཏགས་འདུག མ་གཞི་ཆོད་སེམས་ཞེས་པ་ནི་འུ་ཅག་གིས་རྒྱུན་ལྡན་བེད་སྤྱོད་པའི་མིང་ཚིག་དཀྱུས་མ་ཞིག་རེད། འོན་ཀྱང་ཆོད་སེམས་ཞེས་པའི་མིང་ཚིག་འདི་དུམ་བུར་བཅད་ནས་ཆོད་ཞེས་པ་དང་སེམས་ཞེས་པ་ལ་གོ་བ་བླངས་དུས། རང་གི་ཡིད་ལ་དོན་སྤྱི་ཤར་བ་བཞིན་འགྲེལ་མི་ཕོག་པས་དགེ་རྒན་རེ་ཟུང་དང་གྲོགས་པོ་རྐང་སོགས་ལ་སྐད་ཆ་དྲིས་པ་ཡིན། གྲོགས་པོ་རྐང་མ་གཏོགས་གཞན་ཚོས་ངའི་དྲི་བ་ལ་དགོས་པ་མ་མཐོང་པའམ་ཡང་ན་དུས་ཚོད་མ་བྱུང་བས་ཡིན་སྙམ་ལན་གནང་མ་བྱུང་། གང་ལྟར་ཆོད་སེམས་ཞེས་པ་ལ་འགྲེལ་བཤད་སྟབས་བདེ་ཞིག་བྱས་ན། རང་གིས་བློ་ཐག་ཆོད་པའི་བསམ་པ་བརྟན་པོ་ཞིག་ལ་གོ་བ་བླངས་ན་མི་འགྲིག་པ་མེད་ཚོད་རེད།
དེ་ལྟར་ང་ཚོའི་ཁམས་དང་མོས་པ་གཅིག་པ་མིན་པས། ང་ཚོས་ཆོད་སེམས་འདི་ཁོ་ན་རྒྱུན་འཁྱོངས་བྱ་དགོས་ཞེས་གཏན་འབེབས་ཀྱི་རང་བཞིན་ཞིག་མེད་ནའང་། ཀློག་པ་པོ་དག་གིས་ཕྱག་དཔེ་འདིར་བྲིས་པའི་བརྗོད་བྱ་དག་ཡིད་ལ་ངེས་པའི་ཐོག་“ཉིན་རེའི་འཚོ་བའི་ནང་གི་བྱ་སྤྱོད་ལ་སྙིང་རྗེ་ཡོད་པར་བརྩོན་པ་དང་། གཞན་སེམས་ཀྱི་སྒོ་ནས་སོ་སོས་གང་བྱེད་ཐུབ་པ་དེ་གཞན་གྱི་ཆེད་དུ་སྒྲུབ་པ་ལྟ་བུ་ཡིན་”ཞེས་གདམས་ཡོད།
ད་དུང་ལེའུ་འདིའི་མཇུག་ཏུ་“མི་ཚང་མས་ཞིང་ལས་དབུལ་འཕོངས་ཀྱི་འཚོ་བ་བསྐྱལ་ནས་བདག་ཉིད་ཆེན་པོ་གྷན་དྷེ་ལྟ་བུ་ཆགས་དགོས་པའི་ལྟ་ཚུལ་རང་ངོས་ལ་མེད། དེ་འདྲའི་དཀའ་ངལ་བློས་གཏོང་ནི་ཡ་མཚན་ཆེ་ཞིང་ཡིད་སྨོན་འཆོར་ས་ཞིག་ཡིན་ཡང་། ངོས་ཀྱི་བརྗོད་འདོད་པའི་འབོད་ཚིག་ནི་”ང་ཚོས་གང་ཐུབ་ཀྱིས་”ཞེས་པ་འདི་ཡིན་ཞིང་། འདི་ནི་མཐའ་གཉིས་སུ་མ་ལྷུང་བ་ཞིག་ཡིན་ཞེས་གསུངས་པ་ལྟར། འབོད་ཚིག་འདི་ནི་ཏག་ཏག་རྒན་གཞོན་ཐམས་ཅད་ཀྱིས་ཉམས་སུ་ལེན་ནུས་པའི་ཆོད་སེམས་བརྟན་པོ་ཞིག་རེད་དོ།།
ལས་རིགས་སོ་སོས་སྤྱི་སེམས་ཁུར་སྟངས།
“སོ་སོའི་ཉིན་རེའི་འཚོ་བ་ལ་རྒྱུན་འཁྱོངས་བྱེད་བཞིན་སྙིང་རྗེ་དང་བདེ་སྐྱིད་སྔར་ལས་ཆེ་བའི་མི་ཞིག་ཏུ་འགྱུར་ཐུབ་པ་དང་། འགྱུར་བར་བརྩོན་ཆོག་པ་ངོས་ཀྱིས་བརྗོད་ཀྱི་ཡོད། འདི་ལྟར་སེམས་པ་ཇེ་བཟང་དང་སྙིང་རྗེ་ཇེ་ཆེར་སོང་བར་བརྟེན་ནས་ང་ཚོས་སྤྱི་ཚོགས་ལ་ཕན་བདེ་གལ་ཆེན་ཞིག་སྒྲུབ་ཐུབ་”པར་གསུངས་པ་བཞིན། སྨན་པ་དང་དགེ་རྒན། གྲྭ་པ། བཙུན་མ། ཆབ་སྲིད་པ། ཚོང་ལས་པ། ཆོས་ལུགས་པ་སོགས་ཐམས་ཅད་སྤྱི་ཚོགས་ལ་རྟེན་འབྲེལ་ཟབ་མོ་ཞིག་གྲུབ་ཡོད་སྟབས། ཚང་མས་ཀུན་སློང་བཟང་པོ་ཞིག་དང་དྲང་བདེན་རྒྱུན་འཁྱོངས་བྱས་ན་སྤྱི་ཚོགས་སྤྱི་ལ་ཕན་པར་གསུངས་ཡོད།
ཁྲིམས་རྩོད་པ་ཞིག་ཡིན་ན་དྲང་བདེན་གྱི་ཆེད་དུ་སོ་སོའི་ནུས་པ་ཡོད་ཚད་བཀོལ་བ་ནི་འོས་འགན་ཞིག་ཏུ་རྩི་དགོས་ཤིང་། ཕྱུག་པོ་ཚོས་ཀྱང་རང་གིས་དྲང་བདེན་གྱི་ལམ་ནས་ཐོབ་པའི་སྒོར་མོ་དག་ཆུད་ཟོས་སུ་མི་གཏོང་བར། ཕྲུ་གུའི་ཤེས་ཡོན་སློབ་གསོའི་ཕྱོགས་སུ་སྦྱིན་གཏོང་བྱེད་པ་ནི་རྒྱུ་ནོར་བཀོལ་སྤྱོད་བྱེད་ཚུལ་ཡག་ཤོས་སུ་གསུངས་ཡོད།
དེ་བཞིན་ཆོས་ལུགས་པ་ཚོས་ཀྱང་ཆོས་ཁར་ཁྱེར་ནས་རང་དོན་གཙོ་སྒྲུབ་བྱེད་པའི་བྱ་བ་ཐམས་ཅད་རྩ་མེད་བཏང་ནས། ཞི་བདེ་བག་ཕེབས་ཀྱི་ངང་ནས་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བའི་མ་མཐའི་ས་ཚུགས་ལས་མི་བརྒལ་བར། རང་གིས་ནུས་ཚོད་དང་ཀུན་སློང་བཟང་པོའི་ཐོག་ནས་གཞན་ཕན་ཕྲན་བུ་སྒྲུབ་རྒྱུ་ནི་ཆོས་ལུགས་པ་དཀྱུས་མ་ཞིག་གི་བྱེད་ཚུལ་ཡག་ཤོས་དེ་ཨེ་ཡིན་སྙམ།
ཉིན་རེའི་ཉམས་ལེན།
ལེའུ་འདིར་ང་ཚོའི་ཉིན་རེའི་འཚོ་བའི་ནང་སྤྱི་སེམས་ཁུར་སྟངས་གསུངས་ཡོད། དཔེར་ན་སོ་སོ་ལམ་ཁ་ཞིག་ལ་འགྲོ་བཞིན་པའི་སྐབས། ཕར་ཕྱོགས་ནས་མི་ཞིག་གིས་སྣང་མེད་ཤོར་ནས་ཆུ་སྒོ་གཏན་པ་བརྗེད་ནས་ཆུ་འཛག་བཞིན་པ་མཐོང་ཚེ། རང་གིས་འགྲོ་མཚམས་བཞག་ནས་ཆུ་སྒོ་གཏན་རྒྱུ་དང་། གློག་སྒྲོན་ཞིག་དགོས་མེད་དུ་སྦར་བ་མཐོང་ཚེ་དེ་གསོད་རྒྱུ། ཆོས་ལུགས་ལ་དད་པ་ཡོད་མཁན་ཞིག་ཡིན་ན། སང་ཉིན་ཆོས་ལུགས་གཞན་ཞིག་ལ་ཞུགས་པར་འཕྲད་ཚེ། ཁོ་ལ་རང་གི་རྩ་བའི་འདོད་མོས་ལ་བརྩི་བཀུར་བྱེད་པ། དེ་བཞིན་ཚན་རིག་པ་ཡིན་ན་རང་གིས་སྒྲུབ་བཞིན་པའི་ཞིབ་འཇུག་གིས་གཞན་གནོད་སྲིད་པར་མཐོང་ཚེ། གཞན་སེམས་ཀྱི་ངང་ནས་ཞིབ་འཇུག་དེ་རྒྱུན་འཁྱོངས་མི་བྱེད་པ་སོགས་ཡིན་ཞེས་གསུངས་ཡོད། མདོར་ན་རང་གི་ནུས་ཚོད་དང་ཚད་བཀག་གི་གནས་སྟངས་ལ་དཔག་ནས་གཞན་ཕན་སྒྲུབ་རྒྱུ་ནི་ཉིན་རེའི་སྤྱི་སེམས་ཁུར་སྟངས་ཡག་ཤོས་སུ་གསུངས་ཤིང་། དེ་ལས་ཀྱང་“གལ་ཆེ་བ་ནི་ང་ཚོས་གཞན་ལ་ཅི་ཞིག་བསྒྲུབ་པ་དང་། བློས་གཏོང་ཅི་ཞིག་བྱེད་པ་གང་ཡིན་རུང་། བྱ་སྤྱོད་དེའི་རིགས་ཀྱི་ཕན་ཡོན་ཤེས་ནས་རང་གི་ངང་གིས་དེ་ལྟར་བྱེད་པའི་གཤིས་ཀ་ཞིག་འཇགས་དགོས་པ་འདི་ཡིན་”ཞེས་པའི་སྟབས་བདེ་ཞིང་ཕུན་སུམ་ཚོགས་པའི་གདམས་ངག་ཟབ་མོ་འདི་ཡིད་ལ་ངེས་འཚལ།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ཆོད་སེམས་ཀྱི་ཚད་གཞི་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
2020/6/8 བློ་བཟང་རིན་ཆེན་གྱིས་བྲིས།