བློ་བཟང་རིན་ཆེན་གྱིས་བྲིས།
( 1 )
<<གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་>>ཞེས་པའི་ཕྱག་དེབ་འདི་ནི། ཕྱི་ལོ་༡༩༩༩ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡིག་ཐོག་ལྗགས་རྩོམ་གནང་ཞིང་། སྙན་གྲགས་ཀྱི་བ་དན་འཛམ་གླིང་ལ་ཁྱབ། མ་ཟད་ཕྱག་དེབ་འདིས་སྐྱེས་བུ་མང་པོ་ཞིག་ལ་བདེ་སྐྱིད་ཀྱི་ལམ་བུ་གསར་པ་རེ་བསྐྲུན་ཞིང་། དཀའ་སྡུག་གིས་མནར་བའི་བུད་མེད་སྟོང་ཕྲག་མང་པོར་བདེ་སྐྱིད་འཚོལ་སྙེག་གི་ལམ་སྣེ་བསྟན་པ་རེད། ད་དུང་ཆོས་ལུགས་མཐུན་སྒྲིལ་གྱི་གསེར་ཟམ་བཙུགས་ཤིང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གད་རྒྱང་འཛམ་གླིང་ལ་བསྒྲགས་པ་རེད།
ཕྱག་དེབ་འདི་ཉིད་དུས་རབས་དང་འཚམ་པའི་བདེ་སྐྱིད་འཚོལ་ཐབས་ཤིག་རེད་ལ། ཉམས་མྱོང་ལ་གཞིག་པའི་ལག་ལེན་གསོན་པོ་ཞིག་རེད། མ་ཟད་ཉམས་ཞིབ་ཀྱིས་གྲུབ་དོན་མངའ་བའི་ལེགས་བཤད་རྨད་པོ་ཆེ་ཞིག་ཀྱང་རེད། དེའི་རྐྱེན་པས་འདི་ནི་ཆོས་ལུགས་ལ་ཡིད་ཆེས་ཡོད་མེད་དང་། སྲོལ་རྒྱུན་གྱི་གོམས་སྲོལ་འདྲ་མིན་ལ་མ་ལྟོས་པར་ཐམས་ཅད་ཀྱིས་ཉམས་ལེན་བྱེད་ཆོག་པའི་གླེགས་བམ་བརྗིད་པོ་ཞིག་རེད་ཅེས་བསྙད་པར་སྤོབས།།
( 2 )
ཕྱག་དེབ་འདི་ཕྱི་རྒྱལ་མགོ་སེར་ཚོའི་ཡུལ་དུ་བསྟན་པ་ཡུན་རིང་རྒྱས་པའི་ཕྱིས་སུ་སྟེ། ཕྱི་ལོ་༢༠༡༣ལོར་བསྟན་འཛིན་རིག་བཟང་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་པས། བོད་ཡིག་མ་གཏོགས་ཡིག་ངོ་མི་ཆོད་པའི་ང་དང་ང་ལྟ་བུའི་བོད་རིགས་མང་པོ་ཞིག་ལ་གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་མཛེས་སྡུག་ལ་ལྟ་བའི་སྒོ་མོ་ཕྱེས་པ་རེད། རེད་དེ་ང་ཚོ་བོད་རིགས་སྤུན་ཟླ་ཅི་ཙམ་གྱིས་གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་ཡོད་མེད་ནི་བཤད་ཚོད་ག་ལ་ཐུག
འོན་ཀྱང་ཁོ་བོས་ཉེ་ཆར་ཕྱག་དེབ་འདིའི་རྒྱབ་ཤ་ལ་ལྟ་སྐབས། ཕྱི་ལོ་༢༠༡༤/ ༣/ ༡༤ལ་ཕྱག་དེབ་འདི་ལ་མཇལ་ཟིན་ཞེས་ཟིན་བྲིས་སུ་ཕབ་འདུག རེད་དེ་འདི་ནི་ཕྱག་དེབ་འདི་ལྟ་མྱོང་ཟེར་བའི་ངོམ་སོ་བྱེད་སྤྱད་ཙམ་ལས། སྐབས་དེར་བཀླགས་པའི་བརྗོད་བྱ་སོགས་ཅི་ཡང་དྲན་རྒྱུ་མི་འདུག འདི་དང་འདི་འདྲ་བའི་དཔེ་ཀློགས་ཕྲན་ཙམ་བྱས་པ་སོགས། འཕྲལ་དུ་སེམས་ངོགས་ནས་ཡལ་འགྲོ་བ་ནི་དངོས་གནས་སེམས་ངལ་འབྱུང་བའི་གཞི་ཞིག་རེད། འོན་ཏེ། དེའང་མཐར་དེད་ན་རང་གིས་གཟབ་ནན་མ་བྱས་པ་དང་། བརྩོན་པའི་བང་རྩལ་གྱི་མ་འདང་བ་ཡིན་ངེས།
གང་ལྟར་ད་རེས་བསྐྱལ་དུ་ལས་ཀའི་བར་གསེང་གི་ཁྲོད་ནས་<<གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་>>ཞེས་པའི་ཕྱག་དེབ་རྩ་ཆེན་འདི་ཚར་གཅིག་བཀླགས་རྒྱུ་བྱུང་བ་ནི་སྐལ་པ་བཟང་ངོ་སྙམ་བྱུང་། མ་ཟད་སྔར་བཞིན་ཕྱག་དེབ་འདིའི་བརྗོད་བྱ་རྣམས་སེམས་ངོགས་ནས་ཡལ་འགྲོ་བར་དོགས་ནས་ནན་ཏན་གྱིས་བཀླགས་ཤིང་། ལེའུ་རེ་ལ་བཀླགས་བྱང་རེ་འབྲི་ཁུལ་བྱས། མ་གཞི་བཀླགས་བྱང་རྣམས་ཕྱག་དེབ་འདིའི་བསྐྱར་ཟློས་ཙམ་ལས་མ་འདས་ཀྱང་། རང་གི་བོད་ཡིག་གི་འབྲི་རྩལ་དང་ཐ་སྙད་འཚོལ་སྒྲུབ། བརྗོད་བྱ་ངེས་པ་སོགས་དགེ་མཚན་མང་དག་ཅིག་མཆིས་པས་གང་ནུས་ཀྱིས་ངལ་བ་ཅུང་ཟད་བསྟེན་ཁུལ་བགྱིས།།
( 3 )
ཕྱག་དེབ་འདི་ལ་དབྱིན་ཡིག་ཐོག་ཏུ་ཤོག་གྲངས་ཅི་ཙམ་ཡོད་པ་མ་ཤེས་མོད། འོན་ཀྱང་བོད་ཡིག་ཐོག་ཤོག་ངོས་སུམ་བརྒྱ་ཉེར་གཉིས་མངའ་བའི་སྲབ་མཐུག་རན་པའི་གླེགས་བམ་ཞིག་རེད། འདི་ལ་རྩ་བའི་ས་བཅད་གསུམ་དང་། ས་བཅད་རེ་ལ་ལེའུ་ལྔ་རེ་ཕྱེས་ཡོད་པས་བརྗོད་བྱ་ལེན་བདེ་བ་ཞིག་རེད་འདུག མཁས་དབང་ཐུབ་བསྟན་སྦྱིན་པས་ཕྱག་དེབ་འདི་ནི་༧གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་གིས་ལོ་མང་རིང་ཉམས་མྱོང་བསགས་ཞིང་། ཟིན་བྲིས་བཞི་ཙམ་བརྒྱུད་ནས་གྲུབ་པ་ཞིག་རེད་ཟེར། མ་ཟད་ཆེད་མངགས་ལོ་ངོ་བདུན་ཙམ་ལ་དགོངས་པ་བཞེས་པའི་གྲུབ་དོན་ཞིག་ཡིན་པས་ང་ཚོས་དོ་སྣང་བྱེད་དགོས་པའི་རེ་སྐུལ་གནང་བ་ཞིག་བརྙན་ལམ་ནས་ཚར་གཉིས་མཐོང་མྱོང་།
དེ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་འུ་ཅག་ལ་ཟ་ཆོག་ཆོག་གི་གསོལ་རིས་འདི་འདྲ་བ་ཞིག་གནང་བ་ན། འུ་ཅག་གིས་ཟ་མ་ཐུབ་ཀྱང་རྒྱུས་ལོན་ཐེངས་རེར་ངེས་པར་བྱེད་མི་དགོས་སམ། འདི་ནི་ཁོ་བོས་ཕྱག་དེབ་འདི་ཉིད་བཀླགས་པས་ཁ་ཕོད་ཆེ་སོང་བ་མ་ཡིན་ལ། ཕྱག་དེབ་འདི་བཀླགས་པའི་སེམས་ཚོར་རྣོ་སོང་བས་རེད། གང་ལྟར་ཕྱག་དེབ་འདི་ནི་བྱམས་སྙིང་རྗེ་རྩལ་འདོན་བྱས་ནས་འཆད་པའི་ལེགས་བཤད་ངོ་མཚར་བ་ཞིག་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གད་རྒྱང་སྒྲོག་པའི་འགྲོ་བ་མིའི་མགྲིན་ཚབ་པ་ཞིག་རེད། ཆོས་ལུགས་མཐུན་སྒྲིལ་གྱི་གསེར་ཟམ་བསྐྲུན་པའི་བྱེད་པོ་ཞིག་རེད། འདི་དག་ནི་ཕྱག་དེབ་འདིའི་བརྗོད་བྱ་རེད་ལ་ཁྱད་ཆོས་ཀྱང་རེད། ཕྱག་དེབ་འདིའི་ཆེས་མཐར་མཇུག་གི་འབོད་སྐུལ་ནི། “ཕྲག་དོག་དང་། གཞན་ལས་རྒྱལ་བའི་འདོད་པ་རྣམས་སྤོངས་ལ། དེའི་ཚབ་ཏུ་གཞན་ལ་ཕན་པའི་ལས་ལ་བརྩོན་ཅིག སེམས་བཟང་གི་སྙིང་སྟོབས་ལྡན་པའི་སྒོ་ནས་གཞན་དོན་ལ་གཞོལ་བར་གདེང་ཚོད་ཡོད་ན་ལམ་ལྷོང་འབྱུང་ངེས་ཡིན། གཞན་ལ་འཛུམ་གྱིས་བསུ་བ་དང་། ཕྱོགས་རིས་མེད་པར་དྲང་པོ་བྱོས་ལ། མི་གཞན་ཚང་མ་རང་གི་གྲོགས་པོ་ཉེ་བོ་ཞིག་ཡིན་པའི་འདུ་ཤེས་འཛིན་རོགས། ངོས་རང་ཏཱ་ལའི་བླ་མ་ཡིན་པ་དང་། ཡང་ན་ཁྱད་འཕགས་ཀྱི་ནུས་སྟོབས་སོགས་ཡོད་པའི་མི་ཞིག་གི་ངོས་ནས་བདག་གིས་སྐད་ཆ་འདི་དག་ཁྱེད་ལ་རྗོད་ཀྱི་མེད་ཅིང་། ངོས་རང་ལ་དེ་འདྲའི་ནུས་སྟོབས་ཅི་ཡང་མེད་པ་དང་། ཁྱེད་དང་གཅིག་མཚུངས་སུ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་ཞིག་གི་ངོས་ནས་བདག་གིས་འབོད་སྐུལ་འདི་དག་རྗོད་ཀྱི་ཡོད་”ཅེས་གསུངས་པ་དེ་ཡིན། འདི་ནི་ཕྱག་དེབ་འདིའི་ཀློགས་པ་པོ་རྣམས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་གཉིས་ཐལ་མོ་སྦྱར་ནས་རེ་བའི་འབོད་སྐུལ་བྱས་པ་དེ་རེད། དེ་ནི་ཀློགས་པ་པོ་རྣམས་ཀྱིས་ཆེས་ཐེག་དཀའ་བའི་འགན་ཁྲི་ཞིག་ཡིན་ཡང་། རང་གིས་རིམ་གྱིས་འགན་འཁྲི་འདི་སྲུང་བ་ལས་བྱ་ཐབས་ཅི་ཞིག་ཡོད་ཨང་།
མཐའ་དོན་ཁོ་བོས་ཕྱག་དེབ་འདི་བཀླགས་ཤིང་། བཀླགས་བྱང་རེ་འབྲི་ཁུལ་བྱས་ནས་དྲ་ཐོག་ཏུ་བཀྲམ་པ་དེས། བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་སྔར་ལས་ལྷག་པའི་བོད་ཡིག་ལ་དོ་སྣང་ཡོང་བ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ << གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་>>ཞེས་པའི་ཕྱག་དེབ་ལ་འཇུག་པའི་རྐྱེན་དུ་འགྱུར་བར་སྨོན།
2020/7/14 ལ་བློ་བཟང་རིན་ཆེན་གྱིས་བྲིས།
ད་ང་ཚོ་བོད་པ་ཚོ་གཉིད་ཐུག་པོ་དེ་ལས་སད་ན་ཆོག་གི། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་ལ་བོད་ཀྱི་སྲིད་དབང་བླ་མས་བཟུང་བའི་སྐྱོན་གྱིས་རང་བཙན་ཤོར་བ་རེད།་ད་དུང་དེ་ཧ་མི་གོ་མཁན་ཚོ་ལྐུག་པ་རེད། ཁྱིམ་མཚེས་འབྲུག་ལ་ལྟོས་དང་ཤེས་སླ། འཛམ་གླིང་གི་རུལ་སུངས་ཆེ་ཤོས་ཏེ་རྒྱལ་དབང་ལྔ་བ་ཡིན་པ་གསལ་པོ་རེད། འོན་ཀྱང་ད་དུང་ང་ཚོས་ལྔ་ཆེན་པོ་ནི་ཆོས་སྲིད་གཉིས་ལ་འགྲན་ཟླ་བྲལ་བ་རེད་ཅེས་བཤད་ཀྱི་ཡོད་པ་རེད། ལྐུག་རྟགས་ལ། སེམས་པ་ཧ་ཅང་སྐྱོ་ཀི་འདུག །