སེར་ཤུལ་རིན་ཆེན་དོན་གྲུབ།
ད་བར་དུ་གནས་ལུགས་གླེང་ནས་རྫིག་ཉམས་སྟོན་མཁན་ཚོའི་སླུ་བྲིད་ལས་མ་ཐར་བར་ལུས་སོང་། གནས་ལུགས་ནི་ཆེས་མཆོག་ཏུ་ལྟ་བའི་བློ་མིག་དེས་བསླུས་སོང་། གནས་ལུགས་ནི་ཡང་སྙིང་ཅི་ཞིག་ཡིན་ཙམ་ཡང་མ་ཤེས་པར་གནས་ལུགས་གླེང་ནས་མགོ་བོ་འགྲེང་བཞིན་པ་དེ་ཅི་ཡིས་ནོངས་སམ།
དོན་དངོས་ཐོག་གནས་ལུགས་ནི་ཅི་ཞིག་ཡིན་ནམ། བདེ་སྐྱིད་ཅིག དགའ་བ་ཞིག དྲོད་ཁོལ་ཞིག ཕན་པ་ཞིག རོགས་རམ་ཞིག ལེགས་སྐྱེས་ཤིག བརྩེ་བ་ཞིག བྱམས་སྐྱོང་ཞིག སྐྱོབ་གསོ་ཞིག གྲུབ་འབྲས་ཤིག འདི་དག་ཐམས་ཅད་ལ་རྒྱང་ཐག་གིས་བསྐྱེད་པའི་གནས་ལུགས་ཤིག་ཡིན་ནམ། དེ་ལྟར་ཡིན་ན་གནས་ལུགས་དེ་ནི་ང་ཚོ་ལ་མི་དགོས་པའི་གནས་ལུགས་ཤིག་ཡིན་སྲིད།
གང་ཞིག་ལ་གནས་ལུགས་ཟེར་གྱི་ཡོད་པའི་གནས་ལུགས་དེ་མ་ཤེས་པར་གནས་ལུགས་ལ་དད་ནས་ལུས་པའི་གནས་ལུགས་གླེང་མཁན་གྱི་རྟོག་གེ་བ་རིགས་ལམ་ཅན་ཚོ་དང་། ཅི་ཞིག་ལ་གནས་ལུགས་ཟེར་བ་མི་ཤེས་པའི་ཤེས་ཡོན་པ་སྟོང་བཤད་མཁན་ཚོ། ད་དུང་གནས་ལུགས་ཀྱི་གནས་ལུགས་བགྲང་ནས་བར་སྣང་ནས་སྟོང་སྐོར་བྱེད་པ་ལས་འཚོ་བ་དང་ས་གཞིའི་ཁྲོད་དུ་བབ་མི་ཐུབ་པའི་གནས་ལུགས་པ་ཚོ། ཡོད་ཚད་གནས་ལུགས་ཀྱིས་བཟི་བའི་དབང་གིས་ད་གཟོད་གནས་ལུགས་ཀྱི་སླུ་བྲིད་དང་། གནས་ལུགས་ལ་གཡམ་རྒྱུགས་ཀྱི་བར་ནས་འཚོ་གནས་དང་། འཚོ་གནས་ཀྱི་ཉེ་འགྲམ་དུ་བབ་པའི་གནས་ལུགས་ཆེས་ཉུང་བར་གྱུར།
དེ་བས། མཚམས་རེར་གནས་ལུགས་ནི་ཆེས་མཐོ་རིམ་གྱི་སྐྱེ་བོ་དག་གི་གཟི་བརྗིད་ངོམ་བྱེད་ཀྱི་ཡོ་བྱད་ཙམ་ཞིག་ལས་དམའ་རིམ་སྤྱི་ཚོགས་ཁྲོད་ཀྱི་སྐྱེ་བོ་སྒེར་རེ་རེ་བར་དགོས་མཁོ་མེད་པ་ལྟ་བུའི་བསམ་བློ་རེ་ཡང་ངང་གིས་འཁོར་ཡོང་།
ཡང་སྙིང་གནས་ལུགས་གླེང་མཁན་གྱི་ཆེན་པོ་ལག་ལེན་གྱིས་སྟོང་མཁན་དེ་ཚོས་ས་གཞི་འདིར་ཅི་ཞིག་བསྐྲུན་ཡོད་དམ། ཕ་གཞིས་འདིར་གང་ཞིག་ཕུལ་ཡོད་དམ། མི་རིགས་འདིར་ཅི་ཞིག་བྱས་ཡོད་དམ། གལ་སྲིད་མེད་ན། ང་ཚོ་གནས་ལུགས་ལ་དེ་ལྟར་དུང་དགོས་དོན་ཅི། གནས་ལུགས་གླེང་མཁན་ཚོ་དེ་ལྟར་འདེགས་དགོས་དོན་ཅི། གནས་ལུགས་འཆད་མཁན་ཚོ་འདི་ལྟར་བཀུར་དགོས་དོན་ཅི།
ད་དུང་བསམ་ཡང་མི་ཕོད་དམ། སེམས་ན་མི་འགྲིག་གམ། ཅི་ཡི་ཕྱིར། གང་གིས་ཕྱིར། འཇམ་ཐང་ཐང་ངང་གནས་ལུགས་ལ་དད་པ་ཡིན། གྲོང་རིག་རིག་གིས་གནས་ལུགས་ལ་སྨོན་པ་ཡིན། མ་གཞི་གནས་ལུགས་ནི་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་ངེས་ཀྱང་། གཤོག་པ་མེད་ཀྱང་གནམ་ལ་འཕུར་འདོད་བྱེད་པའི་གནས་ལུགས་པ་དེ་ཚོ་གནས་ལུགས་ཀྱིས་ཕོངས་སོང་བ་ཡང་ཅིས་ཀྱང་ཡོད་ངེས།
མགོན་པོ་ཀླུ་སྒྲུབ་ཀྱིས། “སྟོང་བ་ཉིད་ལ་ལྟ་ཉེས་ན།། ཤེས་རབ་ཆུང་རྣམས་ཕོངས་པར་འགྱུར།།” འདི་ནི་གནས་ལུགས་བཀུར་མི་ཤེས་པ་དང་། གནས་ལུགས་ལག་ཏུ་ལེན་དུ་མི་ཤེས་པ། གནས་ལུགས་སྨྲ་མི་ཤེས་པ་རྣམས་ལ་བཞག་པའི་བླ་མེད་ཀྱི་སྡོམ་ཆེན་པོ་འོ།།
༢༠༡༣/༡༡/༣/ ལ་བྲིས།
གྲོགས་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ལགས། རྩོམ་ཡིག་ཡག་པོ་བྲིས་འདུག་་་་་་རྗེས་སུ་གང་མང་འབྲི་རོགས་་་་་ང་ཚོའི་སྤྱི་ཚོགས་ནང་ཁྱེད་རང་ལྟ་བུའི་རྩོམ་པ་པོ་གང་མང་ཞིག་དགོས་གལ་ཤིན་ཏུ་ཆེ། ཐུགས་རྗེ་ཆེ།
ས་སྟོང་ལ་བོའུ་སྟོང་ཞིག་ཟེར་བ་འདྲ་བོ་རེད། གནས་ལུགས་མ་ལུགས་ཐང་ཆད་ཨེ་ཡོད་བསམ་བསམ་ཞིག་བྲིས་ཡོད་ཀྱང་རྩོམ་འདིའི་ནང་ན་གནས་ལུགས་ཅི་ཞིག་ལེན་རྒྱུ་ཡོད་པ་ཤེས་མ་སོང་། མ་གཞི་ཀློག་པ་པོ་ངའི་ཀླད་ཤུགས་ཞན་སོང་བས་ཡིན་ཤས་ཆེ། དགོངས་དག་ཁ་ནས་རང་འགར་ཁ་ཤས་ཤིག་ཐལ་སོང་།
མའི་འཇིག་རྟེན་འདིར་གནས་ལུགས་པའམ་ཡང་ན་གནས་ལུགས་ཤོད་མཁན་མེད་པའི་དུས་དང་མེད་སའི་སྤྱི་ཚོགས་བྱུང་མ་མྱོང་ལ་འབྱུང་ཡང་མི་སྲིད།