གནས་སྐོར། Posted on 2012-12-18 By ཁ་བརྡ་ 2 Comments on གནས་སྐོར། སྐྱོ་བྲག་དགའ་དབང་། འཛམ་བུའི་གླིང་པའི་ཆོས་ལུགས་ཕལ་མོ་ཆེར་གནས་སྐོར་བྱ་བའི་ལམ་སྲོལ་ཡོད་ཅིང་། སངས་རྒྱས་ཀྱིས། དགེ་སློང་དག་ས་ཕྱོགས་འདི་བཞི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་འགྲོ་བར་འགྱུར་བར་བྱའོ། །བཞི་གང་ཞེ་ན། འདིར་ནི་འཁྲུངས་སོ། །འདིར་ནི་སངས་རྒྱས་སོ། །འདིར་ནི་ཆོས་འཁོར་བསྐོར་ཏོ། །འདིར་ནི་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་མཆོད་རྟེན་བསྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་འོངས་པ་རྣམས་ལའང་འདི་དག་བརྗོད་པར་བྱ་བ་ཡིན་ཏེ། ཁ་ཅིག་ནི་ང་ལ་སེམས་དད་པས་དུས་བྱས་པ་དེ་ཐམས་ཅད་མཐོ་རིས་སུ་འགྲོའོ། །ཁ་ཅིག་ནི་ཕུང་པོའི་ལྷག་མ་དང་བཅས་པར་འགྱུར་བར་གསུངས་པས་ནང་པ་རྣམས་གནས་སྐོར་དུ་འགྲོ་བ་གལ་ཆེན་དུ་བརྩི་བ་ཡིན། ནང་པའི་ཆོས་བརྒྱུད་ད་ལྟར་འཛམ་བུའི་གླིང་དུ་ལྷག་མར་ལུས་པ་ཤྲི་ལང་ཀ་སོགས་ཉན་ཐོས་པ་དང་། རྒྱ་ནག་སོགས་ཐེག་ཆེན་པ་དང་། བོད་སོགས་གསང་སྔགས་པ་སྟེ་ཚང་མ་གནས་སྐོར་དུ་བསྐྱོད་ཀྱིན་ཡོད། ཐེག་དམན་པ་རྣམས་གནས་སྐོར་དུ་འགྲོ་བ་ན་སེར་མོ་བས་སྣེ་ཁྲིད་ནས་ཡོང་ཞིང་གནས་སོ་སོར་བསླེབས་པ་ན། སེར་མོ་བས་ཆོས་བཤད་ཅིང་སྒོམ་རྒྱག །ཁ་ཏོན་བྱ་བ་ན་ཕོ་མོ་རྒས་གཞོན་ཚང་མས་འདོན་ཤེས་ཤིང་རྗེས་ཟློས་ཀྱང་བྱེད་དེ་དོན་ཡོད་པའི་གནས་སྐོར་ཞིག་ལོས་ཡིན་བསམ་པ་ཁོ་ནར་ཡོད། ཐེག་ཆེན་པ་རྣམས་ཡོང་བ་ནའང་ཕལ་མོ་ཆེར་སེར་མོ་བ་ཡོད་ཅིང་། ཁ་ཏོན་ཧུར་ཐག་གིས་བྱ་བ་དང་ཕྱག་འཚལ་བ་སོགས་བྱེད་པས་ཅུང་དྲག །ང་ཚོ་གསང་སྔགས་པ་རྣམས་གནས་སྐོར་དུ་འགྲོ་བ་ཕལ་མོ་ཆེ་ལྟད་མོ་བལྟ་མཁན་ལྟ་བུར་ཡོད་ཅིང་། མི་སྐྱ་ཕོ་མོའི་སྣེ་ཁྲིད་སེར་མོ་བ་ཡོད་པ་ཆེས་དཀོན་ལ། གལ་ཏེ་ཡོད་ནའང་གཡོག་པོ་སྣེ་ཤན་ཙམ་ཡིན་པ་འདྲ་བོར་འདུག །ཕྱག་སྐོར་བྱ་བ་ལས་མགོ་རྐང་ཚང་བའི་ཁ་ཏོན་ཤེས་མཁན་གྱི་མི་སྐྱ་ཕོ་མོ་ཧ་ལམ་མེད་ཅིང། སྒོམ་རྒྱག་མཁན་གྱི་མི་སྐྱ་ཕོ་མོ་ཞིག་ཡོད་ན་ཕྱི་གླིང་གི་གསང་སྔགས་པ་ཡིན་ངེས་པ་ལྟ་བུར་ཡོད། ཆོས་ལུགས་ཀྱི་ངོས་ནས་གསང་སྔགས་ནི་ཐབས་མང་དཀའ་བ་མེད་པ་ཡིན་ཅིང་གནས་སྐོར་ཇི་ལྟར་བྱ་བའི་ཁྲིད་ཀྱི་ཡི་གེ་ཡང་ཡོད་མོད། སེར་མོ་བས་གནད་ལ་སྨིན་པའི་ལམ་སྟོན་བྱ་མ་ཐུབ་པས་མི་སྐྱ་ཕོ་མོ་གནས་སྐོར་དུ་འགྲོ་བ་ནི་ཧར་རྒྱུག་ལྟ་བུའི་གོམས་སྲོལ་ལས་དོན་ཕན་ལྡན་པ་ཞིག་བྱུང་ཐུབ་ཀྱི་མེད། ད་ནི་ང་ཚོས་གཞན་གྱི་ལེགས་ཆ་བླངས་ཏེ་མི་སྐྱ་ཕོ་མོའི་གནས་སྐོར་པ་རྣམས་ཀྱང་དོན་གྱི་གསང་སྔགས་པ་ཞིག་ཡོང་བར་འབད་བརྩོན་བྱ་དགོས་ཀྱི་འདུག ། སྣ་ཚོགས།
གང་དུ་བདག་གི་སྟོན་པ་ཡིས། མཛད་པ་བཞག་པའི་གནས་དག་ཏུ། ནམ་ཞིག་བདག་ཀྱང་སླེབས་གྱུར་ནས། ཚོགས་དང་བསོད་ནམས་འཕེལ་བར་ཤོག
བདེ་གཤེགས་གང་དུ་ཞུགས་པ་དང་། ཆགས་པ་དང་ནི་གཞེངས་པ་དང་། གསེང་གེ་ལྟ་བུ་གཟིམ་པ་ཡི། གནས་དེ་ལ་ནི་བདག་ཕྱག་འཚལ། ཞེས་གནས་མང་དགོས་ན་གསང་སྔགས་ལས་ལྷག་པ་ཕལ་ཆེར་ཡོད་ཚོད་མ་རེད་
གང་དུ་བདག་གི་སྟོན་པ་ཡིས།
མཛད་པ་བཞག་པའི་གནས་དག་ཏུ།
ནམ་ཞིག་བདག་ཀྱང་སླེབས་གྱུར་ནས།
ཚོགས་དང་བསོད་ནམས་འཕེལ་བར་ཤོག
བདེ་གཤེགས་གང་དུ་ཞུགས་པ་དང་།
ཆགས་པ་དང་ནི་གཞེངས་པ་དང་།
གསེང་གེ་ལྟ་བུ་གཟིམ་པ་ཡི།
གནས་དེ་ལ་ནི་བདག་ཕྱག་འཚལ།
ཞེས་གནས་མང་དགོས་ན་གསང་སྔགས་ལས་ལྷག་པ་ཕལ་ཆེར་ཡོད་ཚོད་མ་རེད་