༧གོང་ས་མཆོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ལ་ཆིབས་བསྒྱུར་གནང་ནས་འདས་པོར་བསྔོ་སྨོན་དང་། གསོན་པོར་སེམས་གསོ་གནང་རྒྱུ་ནི། གནོད་ཁུལ་མི་མང་གི་རེ་འདོད་ཡིན་ལ། ༧གོང་ས་མཆོག་གི་ཐུགས་འདོད་ཡང་ཡིན། ཡིན་ནའང་རེ་འདོད་དེ་ལེགས་འགྲུབ་ཡོང་མིན་ཕྱོགས་གཉིས་ཀར་ནུས་པ་གང་ཡང་མེད་པར་རྒྱ་ནག་གཞུང་གི་ལག་ཏུ་ཡོད།
ས་གཡོ་ཐེངས་གཅིག་གིས་མི་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང༌།མི་ཁྲི་ཕྲག་མང་པོར་བློ་ཡུལ་ལས་འདས་པའི་འཇིགས་སྣང་སྤྲད་བྱུང་ལ། མི་འབུམ་ཕྲག་མང་པོའི་སེམས་རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེ་རུ་བཅུག་སོང༌།ས་ཡོམ་གྱི་གོད་ཆག་བྱུང་མ་ཐག་ས་གནས་མི་མང་གིས་འཐུས་ཚབ་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་། སྲིད་བློན་ཝུན་ཅ་པའོ་གཉིས་ཀྱི་མཚན་ཐོག་ཏུ་ཡི་གེ་ཞིག་བྲིས་ནས།༧གོང་ས་མཆོག་གནོད་ཁུལ་ལ་ཕེབས་སུ་འཇུག་དགོས་པའི་རེ་སྐུལ་ཞུས་འདུག་ལ། གནོད་ཁུལ་དུའང་མི་མང་གིས་ས་འོག་ནས་མི་རོ་བསྔོག་བཞིན། “རྒྱལ་བ་བསྟན་འཛིན་རྒྱ་མཚོ།”ཞེས་མཚན་ནས་འབོད་བཞིན། ༧གོང་ས་མཆོག་ལ་གསོལ་འདེབས་དང༌། མི་མང་གི་སྡུག་བསྔལ་སེལ་ཐུབ་རྒྱུར་རེ་བ་བཅིངས་ཡོད། ༧གོང་ས་མཆོག་གིས་ཀྱང་ཚེས་ ༡༧ ཉིན་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་ “མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་བྱ་རྒྱུ་ཙམ་ལས། ས་ཁད་ཀྱིས་འགྱངས་པས་དངོས་སུ་རོགས་ཕན་བྱ་ཐབས་དབེན།”ཞེས་ཐུགས་ཕམ་དང་མཉམ་དུ་གནོད་ཁུལ་ལ་ཕེབས་ཐུབ་རྒྱུ་ཐུགས་རེ་གནང་ཡོད། ༧གོང་ས་མཆོག་གིས་“།ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ།”གསུངས་ཡོད།
ཁུངས་ལྡན་གནས་ཚུལ་ལྟར་ན། ༧གོང་ས་མཆོག་གི་ངོས་ནས་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་གནང་ནས་ཁོང་གནོད་ཁུལ་ཏུ་ཕེབས་ཐུབ་རྒྱུར་རེ་སྐུལ་གནང་ཡོད་པ་རེད། ཚེས་ ༢༠
ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡི་ལ་པེ་ཅིན་དུ།གསར་འགོད་པ་ཞིག་གིས་༧གོང་ས་ཏཱ་ལའི་བླ་མ་གནོད་ཁུལ་ལ་ཕེབས་འདུན་ཡོད་པའི་ཐད་དྲི་བ་འདྲི་སྐབས། “ང་ཚོས་ས་གནས་ཀྱི་ཆོས་ལུགས་དང༌། གོམས་སྲོལ་ལ་བརྩི་བཀུར་བྱེད་རྒྱུ་མ་ཟད།
ད་ལྟའི་ཆར་གནོད་ཁུལ་དུ་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་བྱེད་བཞིན་ཡོད།”ཟེར་བ་ཙམ་ལས།དྲི་བར་ཐད་ཀར་ལན་འདེབས་གང་ཡང་བྱས་མི་འདུག་ལ། ༧གོང་ས་མཆོག་ལ་སྐྱོན་བརྗོད་དང༌། དམའ་འབེབས་ཀྱང་ཞུས་མེད། བྱེད་སྟངས་འདིར་བལྟས་ན།
རྒྱ་ནག་གཞུང་གིས་ད་ཐེངས་ས་ཡོམ་གོད་ཆག་ལ་རོགས་སྐྱོར་བྱེད་མཁན་གྲྭ་བཙུན་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་སྐྱེ་རྒུ་མདོར་འཛོམས་ནས་བརྩེ་སེམས་གཞི་གཅིག་ཏུ་འཁྱིལ་ཡོད་པའི་སྟོབས་ཤུགས། རྒྱ་རྒོལ་སྟོབས་ཤུགས་སུ་མི་འགྱུར་བ་གཙོར་བཟུང་ནས་བྱས་ལས་ཀ་བྱེད་བཞིན་ཡོད་པ་རེད།༧གོང་ས་མཆོག་གནོད་ཁུལ་ཏུ་ཕེབས་ཐུབ་རྒྱུ་ས་གནས་མི་མང་གི་རེ་བ་ཡིན་ནའང༌། རྒྱ་ནག་གཞུང་ལ་མཚོན་ན། བོད་ཀྱི་མདུན་ལམ་ཐག་གཅོད་བྱེད་མིན་གྱི་གནད་འགག་ཅན་གྱི་གནད་དོན་ཞིག་ཡིན།
རྒྱ་ནག་གཞུང་གིས་འདས་པའི་ལོ་ཁ་ཤས་རིང་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་བལྟས་ན། ད་ཐེངས་ཡང་“བོད་རེ་བས་ཕོངས།རྒྱ་དོགས་པས་ཕོངས།”ཅེས་པ་བཞིན་གནོད་ཁུལ་མི་མང་གཙོས་པའི་བོད་མི་མང་གི་རེ་འདོད་འགྲུབ་ཐུབ་མིན་བློ་དོགས་བྱེད་འོས་པ་ཞིག་ཡིན།
རྒྱ་ནག་གཞུང་ཡིད་ཆེས་ཡོད་ཀྱང་མེད་ཀྱང༌། “༧གོང་ས་མཆོག་ནི་རྒྱལ་ཁབ་ཁ་བྲལ་དང༌།
བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་བཟོ་མཁན་ཞིག་རེད།”ཅེས་པ་ནི།ཁོང་ཚོས་༧གོང་ས་མཆོག་ལ་འཛིན་པའི་སྲིད་ཇུས་རེད། དེ་བས་༧གོང་ས་མཆོག་གནོད་ཁུལ་ལ་ཕེབས་སུ་བཅུག་མིན་རྒྱ་ནག་གཞུང་ལ་མཚོན་ན། མ་འོངས་པར་༧གོང་ས་མཆོག་དང་། བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་མིན་གྱི་གནད་དོན་ཡིན། གལ་ཏེ་རྒྱ་ནག་གཞུང་ལ་༧གོང་ས་མཆོག་དང༌། བོད་ཀྱི་གནད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་འདོད་ཡོད་ན། ད་ཐེངས་༧གོང་ས་མཆོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་ཆིབས་བསྒྱུར་གནང་དུ་བཅུག་ནས་འདས་པོར་བསྔོ་སྨོན་དང་། གསོན་པོར་སེམས་གསོ་གནང་ནས་བོད་མི་མང་གི་སྐབས་ཐོག་གི་སེམས་སྡུག་བསྔལ་སེལ་རྒྱུ་དང་། མ་འོངས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྲིད་ཇུས་ལ་འགྱུར་བ་གཏོང་བའི་གོ་སྐབས་ཡག་ཤོས་ཞིག་ཡིན།
གལ་ཏེ་རྒྱ་གཞུང་གིས་སྡུག་བསྔལ་དང༌། མྱ་ངན་ཁྲོད་ཡོད་པའི་བོད་མི་མང་གི་འཕྲལ་གྱི་གདུང་སེམས་སེལ་རྒྱུ་དང་། ཕུགས་སུ་བོད་དོན་ཐག་གཅོད་བྱེད་རྒྱུའི་འདོད་པ་ཡོད་ཚེ། བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལྟར།
ས་ཡོམ་གྱི་་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་བདུན་པ་སྟེ།དགོང་ཞག་བཞི་ཅུ་ཞེ་བདུན་ཚང་པའི་ཉིན་མོ་ནི། བོད་ཟླ་བཞི་བའི་ཚེས་ ༢༠ དང་སྤྱི་ཟླ་དྲུག་པའི་ཚེས་ ༢ ལ་འཁེལ་ཡོད།
ཉིན་དེར་གནོད་འཚེ་ཕོག་ཡུལ་ཏུ་༧གོང་ས་མཆོག་གིས་འདས་པོར་བསྔོ་སྨོན་དང་།གསོན་པོར་སེམས་གསོ་གནང་རྒྱུའི་གོ་སྐབས་སྤྲད་ནས་བོད་ཀྱི་གནད་དོན་ནམ། བོད་མིའི་འཐབ་རྩོད་ལ་སྣང་ཆུང་མི་བྱེད་པར་བསྐྱར་ཞིབ་ཀྱིས།ལྷག་བསམ་རྣམ་དག་གིས་བོད་དོན་ཐག་གཅོད་ཀྱི་ལམ་སུ་ཞུགས་རྒྱུ་གོ་སྐབས་ལེགས་ཤོས་དེ་ཡིན།
སྐབས་འཕྲལ་བསམ་བློ་བཏང་ན། དཔལ་ལྡན་རྒྱལ་མཆོག་གིས་བཤད་པ་འདིར་བདེན་པ་འདུག རྒྱལ་བ་རིན་པོ་ཆེ་ངེས་པར་དུ་ཡུལ་ཤུལ་ལ་གཟིགས་སྐོར་ལ་གཏོང་དགོས་ཀྱི་འདུག ད་འདི་ངའི་ཚང་མར་མཐུན་པའི་སྐད་ཆ་ཡིན།
ད་བློ་གཟུར་ལ་བཞག ཕྱོགས་ཆེན་པོ་ནས་བསམ་བློ་གཏོང་ན། ང་རྒྱལ་བ་རིན་པོ་ཆེ་ཡུལ་ཤུལ་ལ་གཏོང་འདོད་རྩ་བ་ནས་མིན་འདུག གལ་ཏེ་ང་ལ་དབང་ཆ་ཡོད་ན།
རྒྱུ་མཚན་ནི། རྒྱ་མིས་གོ་སྐབས་འདི་བསྟུན་ནས་ཟིང་ཆ་སླང་། མ་རུང་ཁོག་བཅངས་ཀྱིས་རྒྱལ་བ་ཁོང་གི་སྐུ་སྲོག་ལ་སྐྱོན་བཏང་ན་གང་བྱེད། སུས་ཁོང་གི་སྐུ་སྲོག་གི་འགན་འཁུར་ཐུབ་བམ།
གོང་དུ་དཔལ་ལྡན་གྱིས་གསུངས་པ་བཞིན་བོད་རེ་བས་ཕོངས་ཟེར་བ་ལྟར། ཁྱེད་རང་གིས་ཀྱང་རྒྱ་མིས་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་བཀྲོངས་ཀྱི་མེད་པའི་རེ་བ་རྒྱག་གི་འདུག ངས་བལྟས་ན་འདི་ལྟར་མ་རེད། རྒྱ་མིས་རྒྱལ་བ་ཁོང་མེད་པ་བཟོ་ཐུབ་ན་བོད་ཀྱི་རྙོག་འདྲ་འདིའི་རྩ་བ་ཆོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཀྲུང་དབྱང་ནང་གི་རྒྱ་དཔོན་ཚང་མས་རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་རྙོག་འདྲའི་ཆུ་མགོ་ལ་བརྩིས་བཞིན་ཡོད། ཁོང་ཚོས་རྒྱལ་བ་རིན་པོ་ཆེ་མགྱོགས་ཙམ་ཞིག་ཞིང་ཁམས་གཞན་ལ་ཕེབས་པའི་རེ་བ་རྒྱག་གི་ཡོད། གནས་ཚུལ་འདི་འདྲའོ་འོག་ལ་སྤྱང་ཀིའི་ཁ་ལ་ཤ་སྐྱལ་ཟེར་བ་བཞིན། ང་ཚོས་རྒྱལ་བ་ཁོང་རྒྱའི་ལག་ཏུ་སྤྲོད་ཕོད་པ་འདུག་གམ།
རྒྱ་མིས་རྒྱལ་བ་རིན་པོ་ཆེ་པེ་ཅིང་ལ་ཐུག ཐུགས་སྤྲོ་ཆེན་པོ་བཏང་། པར་མང་པོ་བརྒྱབ། ཧུའུ་ཅིན་ཐའོ་ཡིས་རྒྱལ་བ་ཁོང་མེས་རྒྱལ་གྱི་བུ་ཕྲུག་རེད་ཟེར་བསྟོད་པ་བཏང་། གོ་གནས་མང་པོ་ཕྲུལ། སང་ཉིན་ཐལ་ཕུར་གནམ་གྲུ་ཞིག་གི་ནང་བླུགས། ཡུལ་ཤུལ་ལ་བཏང་། གློ་བུར་གནམ་གྲུ་འདི་ས་ལ་བརྡབ་ནས་གནམ་གྲུ་འདིའི་ནང་གི་མི་ཚང་མའི་སྲོག་ཤོར། རྒྱལ་བ་ཁོང་ལ་མྱ་ངན་གནམ་ས་གཡོ་བ་ཞིག་བྱས། ཁོང་གི་ཡང་སྲིད་འདི་ཡུལ་ཤུལ་ནས་གདན་འདྲེན་ཞུས་ན། ཁྱེད་ཇི་ལྟར་བྱེད། འདི་བསམ་བློ་གཏོང་མཁན་ད་བར་བྱུང་མ་སོང་།
ད་ངའི་རེ་བ་ནི། རྒྱལ་བ་རིན་པོ་ཆེ་དང་རྒྱལ་སྤྱིས་པེ་ཅིང་ལ་གནོན་ཤུགས་སྤྲད་ནས་ཁོང་པེ་ཅིང་ལ་གཏོང་དགོས་ཟེར། རྒྱ་མིས་འདི་ལ་གཡོལ་ནས་བསྡད་ན་ང་ཚོ་ལ་དགོས་རྒྱུ་ཚང་མ་རག་སོང་། འདི་ང་ཚོ་བོད་ལ་ཕན་ཆེ་བ་འདུག དེས་ཁྱབ་སྒྲགས་གང་ཙམ་ཐོབ་ཀྱི་འདུག བོད་ཀྱི་གནད་དོན་ཟེར་བ་འདི་ཡང་ཏོག་ཙམ་སྤེལ་གྱི་འདུག
གལ་ཏེ་སྨོན་ལམ་དང་ཆོས་ཕྱོགས་ངོས་ནས་བཤད་ན། བླ་མ་རྒྱང་རིང་ཐུང་ལ་ཁྱད་པར་མེད། མང་ཚོགས་ལ་དད་པ་ཡོད་ན། སྦྱིན་རླབས་ལ་རྒྱང་ཕད་རིང་ཐུང་གི་ཁྱད་པར་མེད། དེའི་དོན་དུ་རྒྱལ་བ་ཁོང་ཡིན་གཅིག་མིན་གཅིག་ཡུལ་ཤུལ་ལ་ཕེབས་ཨེ་དགོས་སྙམས།
ད་འདི་མིན། ཕར་ཕེབས་ནས་རྒྱའི་དཔོན་པོ་ཐུག་ནས་བོད་དོན་ཡོང་ཟེར་ན། ཧུ་ཅིན་ཐའོ་ཕྱི་ལ་ཡོང་དུས་ཐུག་པའི་ཐབས་ཤེས་མི་བྱེད་པ་འདི་གང་གི་ཕྱིར།
ཡ་ད་ཉལ་ས་འདྲོན་པོ་དེའི་ནང་འཛུལ་ནས་ཨ་ཅེའི་བགྲོད་པ་ཕུར་ཙམ་ཕུར་ཙམ་མ་བྱེད་ཀྱི་ཡིན། ཨོ་ཀྲར་ལིང་། ཨ་ཡེ་ཝན་ཀྲི་ ཧབ་སེག་སི།
སྤྱིར༧གོང་ས་མཆོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ལ་ཆིབས་བསྒྱུར་གནང་ནས་འདས་པོར་བསྔོ་སྨོན་དང་། གསོན་པོར་སེམས་གསོ་གནང་རྒྱུ་ནི། ཡུལ་ཤུལ་ཁུལ་མི་མང་གི་རེ་འདོད་ཡིན་ལ། ༧གོང་ས་མཆོག་གི་ཐུགས་འདོད་ཡང་ཡིན། ཡིན་ནའང་། དེ་འདྲ་ལས་སླ་བོ་ངང་ཕེབས་ཐུབ་མིན་མི་ཤེས་ཏེ། ཕེབས་ཐུབ་པའི་དབང་དུ་བཏང་ནའང་། བསམ་བློ་མང་པོ་གཏོང་དགོས་འཁེལ་གི་རེད། ངས་དཔེ་གཅིག་འཇོག ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་དཀའ་ངལ་མང་པོ་ཞིག་གི་ངང་ལ་ཡོད་བཞིན་དུ་༧གོང་ས་མཆོག་ཕེབས་པ་ཡིན་ན་ས་གནས་དེ་ག་རང་ལ་ཆོལ་གསུམ་བོད་མི་མང་དང་། རྒྱ་རིགས། སོག་རིགས་ལ་སོགས་པའི་མི་མང་ས་ཡ་གཅིག་ལྷག་ཙམ་ཞིག་བློ་བུར་དུ་འཛོམས་ཡོང་གི་རེད། གང་ཡིན་ཟེར་ན། དུས་གཅིག་ལ་ཚར་གཅིག་ཕེབས་རྒྱུར་སོང་ཙང་ཡིན། སྐོམ་ལ་ཆུ་བཞིན་ལོ་ངོ་ལྔ་བཅུ་རིང་བསགས་པའི་དད་པ་དང་། ཡིད་ཆེས་ཀྱིས་དེད་དེ་ད་ཐེངས་༧རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་པ་ཡིན་ན་ཤི་ཡང་འགྱོད་པ་མེད་ཟེར་མཁན་མང་ཐག་ཆོད་ཅིག་ཡོད་རེད། དེ་འདྲ་མང་པོ་ཞིག་འཛོམས་ཡོང་དུས་གནས་ཚུལ་མང་པོ་ལྷག་རྒྱུ་བཤད་མི་དགོས་པ་ཞིག་ཡིན། གོང་དུ་ཚངས་དབྱངས་ཀྱིས་བཀོད་འདུག་ལ། དེ་ལས་གཞན་པའི་བསམ་བློ་གཏོང་རྒྱུ་མང་པོ་ལྷག་ཡོད། །
དགོངས་ཚུལ་གསུངས་པ་ཡག་པོ་འདུག་ཀྱང་དགོང་ཞག་ཞེ་བཅུ་ཞེ་བདུན་ཟེར་བ་འདི་ནོར་ཡིན་ས་རེད།
ཚངས་དབྱངས་ལགས་ཀྱིས་གསུངས་པ་ལ་གནས་ལུགས་འདུག ངས་ཀྱང་སྔར་ནས་འདི་ལྟར་བཤད་ཡོད། འོན་ཀྱང་ཡ་བྱེད་མཁན་གཅིག་ཀྱང་མི་འདུག