ཨ་མདོའི་ཕོ་རྒོད་བློ་སྤོབས་ཇི་བཞིན་གཙང་ཆེན་ས་གཞིའི་མཐའ་དབུས་བསྐོར་ནས་འབབ། །
ཡུལ་གྱར་འཁྱམ་པོའི་གདུང་སེམས་ཇི་བཞིན་ལྷོ་རླུང་ནམ་མཁའི་མཐའ་ནས་ཕྱོགས་མེད་ལྡང་། །
རྨི་ལམ་ཞིང་གི་མཛའ་མོ་ཇི་བཞིན་གློག་སྒྲོན་རྒྱང་རིང་ལྗོན་པའི་གསེབ་ཏུ་སྦར། །
མ་འོངས་བཅང་བའི་ཕུགས་བསམ་ཇི་བཞིན་གཡུ་ཡི་ལོ་འདབ་འབུམ་གྱི་འཛུམ་རྒྱ་གྲོལ། །
འཁྱམ་པོས་སེམས་པ་འཁྱམ་པོར་བསྟན་ཏེ་མི་རིགས་ཤིག་གི་འདས་པའི་ལོ་རྒྱུས་གླེང་། །
སྐྱོ་གདུང་དྲག་པོ་ཁོག་ཏུ་སྦས་ཏེ་རེ་ཞིག་བྱིས་པའི་ལོ་ཟླར་ཕྱིར་དྲན་བྱས། །
ས་སྲོད་ནམ་མཁའི་གཏིང་རུམ་འཚེར་བའི་སྐར་ཚོགས་འོད་སྣང་ཁྱེར་ནས་ནང་དུ་ལོག །
ཚ་གདུག་དྲག་པོས་ལུས་སེམས་གཟིར་བས་རྒྱང་རིང་ཁ་བ་དཀར་པོའི་ཡུལ་ལྗོངས་དྲན། །
སྤྱི་ལོ་༢༠༠༦ལོའི་དབྱར་ཁར་ཚོང་དཔོན་ལེགས་བཤད་དང་སྦྲ་ནག་བརྩོན་འགྲུས་སོགས་ཨ་མདོའི་ཕོ་རྒོད་ཁ་ཤས་དང་མཉམ་དུ་ཁོ་ལིམ་སྦིས་ཡ་གཙང་ཆེན་གྱི་འགྲམ་ངོགས་སུ་འཆམ་འཆམ་ལ་བསྐྱོད་སྐབས་སུ་བྲིས།
ཚིགས་སུ་བཅད་པ་ཐུང་ངུ་འདི་བཀླགས་རྗེས། ངེད་ཀྱི་སེམས་ངོར་ཚོར་སྣང་དམིགས་བསལ་ཞིག་བྱུང༌། དེ་ནི། ཡིག་རྨོངས་སེལ་བ་དང་སྙན་ངག་པ། ཤེས་ཡོན་པ་གསུམ་གྱི་བར་ན་བར་ཐག་རིང་པོ་ཞིག་ཡོད་པ་དེ་རེད།