སྐྱོ་བྲག་དགའ་དབང་།
ངས། ང་རང་གི་ཉལ་ཁང་མི་གཉིས་བདེ་ཤོང་བྱེད་པ་ཞིག་ཡོད་པ་དེ་གཙང་བཟོ་བྱས་ཡིན།ནམ་རྒྱུན་ངས་གཙང་སྦྲ་མི་བྱེད་པས་ན་ངའི་ཁང་པ་ལ་གཙང་མ་ཡོད་མ་རེད།
ང་བཙོག་ཉོབ་ལ་དགའ་བའི་གང་ཟག་ཕག་པ་འདྲ་བ་ཞིག་མིན་ལ། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡོན་ནི་ལྔར་འགྱུར་ཏེ། ལྔ་གང་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། བདག་གི་སེམས་དྭང་བར་འགྱུར་བ་དང་། གཞན་གྱི་སེམས་དྭང་བར་འགྱུར་བ་དང་། ལྷ་རྣམས་དགའ་བར་འགྱུར་བ་དང་། མཛེས་པའི་ལས་བྱས་ཤིང་བསགས་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།། ཞེས་པའི་དགོས་ཕན་ཡང་ཤེས་ཀྱི་ཡོད། འོན་ཏེ་ང་རང་ལེ་ལོ་ཆེ་དྲགས་ཏེ་གཙང་སྦྲ་བྱེད་མ་ཐུབ་ནས་ཁང་པ་ལ་བཙོག་ཉོབ་བྱུང་བ་རེད།
ངས། ཁང་པ་གཙང་མ་བཟོ་བའི་འཆར་གཞི་སྔོན་ནས་བཏིང་སྟེ། དེ་རིང་དངོས་སུ་གཙང་མ་བྱེད་པ་ན། ཧོང་ཀོང་གི་རྒྱ་རིགས་ཆོས་མ་ཀོ་ཀོ་ཏཱ་རས་གཙང་སྦྲའི་རྒྱུན་སྲོལ་ཇི་ལྟར་བྱེད་པ་མང་པོ་མཐོང་མྱོང་ཡོད་པ་ཡིད་ལ་བཞག་ནས་བཟོས་ཡིན་ཏེ། གོམས་གཤིས་མ་འདྲ་བ་དེས། དཔེ་ག་ཚད་བལྟས་ནའང་ཁོ་ཚོ་འདྲ་བའི་གཙང་བཟོ་ཡག་པོ་བྱེད་ཐུབ་པ་ཞིག་ནི་རེད་མི་གདའ། ཡིན་ནའང་། གཙང་མ་མ་བྱས་པ་ལས་བརྒྱ་འགྱུར་གྱིས་དགའ་བའི་ཁམས་གཙང་བྱུང་གདའ་བས། ད་ནི་སྐྱིད་ཉལ་བྱ་ཆོག་གི་རེད། ད་དུང་སང་ཉིན་གསང་སྤྱོད་གཙང་མ་བྱ་དགོས་ཡོད།
ཁོར་ཡུག་གཙང་བས་ལུས་པོ་བདེ། །
བློ་སེམས་གཙང་བས་སེམས་ཁམས་བདེ། །
ལུས་སེམས་གཙང་བས་ལུས་སེམས་བདེ། །
གནས་ལུས་གཙང་བས་རང་གཞན་བདེ། །
གཙང་སྦྲ་འཕྲོད་བསྟེན་མི་ལུས་བདེ། །
ངག་སེམས་གཙང་བས་ཕྱི་མར་བདེ། །
ཚུལ་ཁྲིམས་གཙང་བས་བདེ་འགྲོར་བདེ། །
ལྷ་རྣམས་དགའ་བས་འཇིག་རྟེན་བདེ། །