Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞན་དོན་ཆེད་རང་ལུས་དང་རང་སྲོག་དོར་བ་ནི་འཚེ་བའི་ལས་མ་ཡིན།

Posted on 2011-10-23 By ཁ་བརྡ་ 5 Comments on གཞན་དོན་ཆེད་རང་ལུས་དང་རང་སྲོག་དོར་བ་ནི་འཚེ་བའི་ལས་མ་ཡིན།

ཤཱཀྱའི་བུ་ནས།

༄༅།། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པས་གཙོས་མདོ་སྟོད་སྨད་ཁུལ་གྱི་བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་མི་ས་ཡ་དྲུག་གི་རང་དབང་བདེ་སྐྱིད་ཀྱི་ཆེད་རང་ལུས་མེར་བསྲེགས་ཏེ་རང་སྲོག་འདོར་བཞིན་པ་འདི། རྒྱ་ནག་གཞུང་གིས་ནང་པའི་ལྟ་སྤྱོད་ལ་འགལ་ཚུལ་དང་དྲག་ལས་ཡིན་ཚུལ་དྲིལ་བསྒྲགས་བྱེད་བཞིན་པ་ནི་ནང་ཆོས་ཀྱི་གོ་རྟོགས་མེད་པ་དང་ཆབ་སྲིད་དགོས་དབང་གིས་འཁྱོག་བཤད་བྱས་པའི་རྫུན་གཏམ་ཞིག་ཡིན། གཞན་དོན་ཆེད་རང་ལུས་དང་རང་སྲོག་དོར་བ་ནི། ནང་པའི་ལྟ་སྤྱོད་དང་མི་འགལ་ཞིང༌། དྲག་སྤྱོད་ཕར་ཞོག་འཚེ་བའི་ལས་ཙམ་ཡང་མ་ཡིན་པ་ནི་ནང་པའི་གཞུང་ཆེན་མོ་རྣམས་དང་འཚེ་མེད་ཞི་བའི་ལམ་སྟོན་པ་རྣམས་ཀྱི་གསུང་ནས་ར་སྤྲོད་གསལ་པོ་བྱེད་ཐུབ།
དང་པོ། ཆོས་ཀྱི་དོན་དུ་རང་གི་ལུས་སྲོག་གཏོང་འོས་པ་དང་བཏང་བའི་དཔེ་མཚོན་སྐོར།
༡ མངོན་རྟོགས་རྒྱན་ལས། ཆོས་ཀྱི་དོན་དུ་སྲོག་གཏོང་བ།། ཞེས་གསུངས་ཤིང༌། དེའི་དོན་ནི། གཅིག་ཏུ་གཞོལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་བྱ་བ་བཞི་ནི་ལམ་གྱི་རྣམ་པ་ཡིན་ཏེ། ཞེས་གསུངས། (འགྲེལ་པ་དོན་གསལ་ལས།)
༢ བླ་མ་ལྔ་བཅུ་པ་ལས། རང་གི་དམ་ཚིག་སློབ་དཔོན་ནི།།སྦྱིན་མིན་བུ་དང་ཆུང་མ་དང༌།།རང་སྲོག་གིས་རྟག་བསྟེན་བྱ་ན།།ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས།། ཞེས་གསུངས་ཤིང༌། དེའི་དོན་ནི། རང་གི་དམ་ཚིག་གི་སློབ་དཔོན་ནི་སྦྱིན་མིན་ཏེ་སྦྱིན་པར་དཀའ་བའི་བུ་དང་ཆུང་མ་དང་རང་གི་སྲོག་ཡོན་དུ་ཕུལ་བས་ཀྱང་མཉེས་པར་བྱ་དགོས་ན་ཕྱིའི་ལོངས་སྤྱོད་གཡོ་བ་སྟེ་མི་རྟག་པའི་ཟང་ཟིང་གི་རྫས་ཀྱིས་མཉེས་པར་བྱ་བ་སྨོས་ཅི་དགོས། ཞེས་གསུངས། (རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས།)
༣ བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ།།ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ།།ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ།།སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག། ཅེས་གསུངས།(རྗེ་ཙོང་ཁ་པ་ཆེན་པོའི་གསུང་རྟེན་འབྲེལ་བསྟོད་པ་ལས།)
༤ སྲོག་ལ་བབས་ཀྱང་སྐྱབས་འགྲོ་མི་གཏོང་བ་ཞིག་དགོས་ཏེ། སྔོན་རྒྱ་གར་དུ་ནང་པའི་དགེ་བསྙེན་ཞིག་མུ་སྟེགས་པ་རྣམས་ཀྱིས་བཟུང་ནས་ཁྱོད་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་གཏོང་ན་མི་གསོད། དེ་མི་གཏོང་ན་ཁྱོད་གསོད་པ་ཡིན་ཟེར་བ་ལ། ངས་ཚིག་ཙམ་དུ་ནི་དཀོན་མཆོག་གི་སྐྱབས་འགྲོ་གཏོང༌། སྙིང་ཐག་པ་ནས་མི་གཏོང་ཟེར་བས་དགེ་བསྙེན་མུ་སྟེགས་པ་རྣམས་ཀྱིས་བསད་པ་ཡིན་ཏེ། དེ་ལྟ་བུ་ཞིག་ཅིས་ཀྱང་དགོས། ཞེས་གསུངས།(རྫ་དཔལ་སྤྲུལ་གྱི་གསུང་ཀུན་བཟང་བླ་མའི་ཞལ་ལུང་ལས།)
༥ བཅོམ་ལྡན་འདས་སྔོན་རྒྱལ་བུ་སེམས་ཅན་ཆེན་པོའི་སྐྱེ་བ་བཞེས་པའི་སྐབས་སུ་སྟག་མོ་ལ་ལུས་བྱིན་པའི་ཚུལ། བདག་(རྒྱལ་བུ)ཡུན་རིང་པོ་ནས་འཁོར་བ་ན་འཁོར་ཞིང་ལུས་དང་སྲོག་གྲངས་མེད་པ་ཞིག་ཆུད་གསན་ཏེ། བར་འགའ་ནི་འདོད་ཆགས་ཀྱི་ཕྱིར། བར་འགའ་ནི་ཞེ་སྡང་གི་ཕྱིར། བར་འགའ་ནི་གཏི་མུག་གི་ཕྱིར་ལུས་བཏང་སྟེ། ཆོས་ཀྱི་ཕྱིར་བསོད་ནམས་ཀྱི་ཞིང་དང་ལན་འགའ་ཡང་མ་ཕྲད་པའི་ལུས་འདི་ཅི་རུང་སྙམ་བསམ་པ་ཐག་བཅད་ནས། ཞེས་དང༌། སྟག་མོའི་ཚང་གང་ན་འདུག་པར་མྱུར་དུ་སོང་ནས་སྟག་མོའི་དྲུང་དུ་ཉལ་བ་དང༌། སྟག་མོ་ཁ་འཐམས་ནས་ཟ་མ་ནུས་སོ། དེའི་ཚེ་རྒྱལ་བུས་ཤིང་གི་ཚལ་པ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས་སྟག་མོ་ལ་ལྡག་ཏུ་བཅུག་པ་དང༌། ཁ་ཡང་ཕྱེ་ནས་ལུས་ཀྱི་ཤ་མ་ལུས་པར་ཟོས་སོ།། ཞེས་གསུངས། (མདོ་མཛངས་བླུན་ལས།)
༦ བཅོམ་ལྡན་འདས་སྔོན་རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེ་བ་བཞེས་པའི་སྐབས་གནོད་སྦྱིན་རྣམས་ལ་རང་གི་ལུས་ཀྱི་ཁྲག་བྱིན་པའི་ཚུལ། ་་་དེའི་ཚེ་གནོད་སྦྱིན་ལྔ་ཞིག་རྒྱལ་པོའི་(རྒྱལ་པོ་བྱམས་པའི་སྟོབས)དྲུང་དུ་འོངས་ནས་འདི་སྐད་ཅེས་སྨྲས་སོ། བདག་ཅག་གི་ཟས་ནི་མིའི་མདངས་དང་ཁྲག་ལ་ལྟོས་ཏེ་ལུས་དང་སྲོག་འཚོ་བ་ལས། རྒྱལ་པོས་བཀར་བཏགས་ཏེ་ཐམས་ཅད་དགེ་བ་བཅུ་ལ་གནས་པས་བདག་ཅག་ཟས་དང་སྐོམ་མ་རྙེད་དེ། ཉམ་ཐག་ནས་སྲོག་ལ་བབ་བོ། རྒྱལ་པོ་ཆེན་པོ། བདག་ཅག་ལ་ཡང་ཐུགས་མི་བརྩེའམ་ཞེས་གསོལ་ནས་རྒྱལ་པོས་ཀྱང་དེ་དག་ལ་སྙིང་བརྩེ་བའི་ཕྱིར་ལུས་ཀྱི་ཡན་ལག་ལྔ་ལས་རྩ་ལྔ་བཅད་ནས་གནོད་སྦྱིན་རྣམས་སོ་སོ་ནས་སྣོད་བཟེད་དེ་ཁྲག་ལས་ངོམས་པར་འཐུང་དུ་བཅུག་གོ། ཞེས་གསུངས། (མདོ་མཛངས་བླུན་ལས།)
༧ བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུ། ཡུལ་ཨནྟ་ཞེས་པའི་ཡུལ་དུ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བའི་དགེ་ཚུལ་ཞིག་གི་མདུན་དུ་བུ་མོ་ཞིག་གིས་བསླུ་བའི་རྣམ་པ་མང་པོ་བྱས་པའི་ཚེ་ན། དགེ་ཚུལ་དེས། བདག་ནི་སངས་ རྒྱས་དང༌། ཆོས་དང༌། དགེ་འདུན་སྤོང་བ་མ་ལགས། མཁན་པོ་དང་སློབ་དཔོན་སྤོང་བ་མ་ལགས། ཚུལ་ཁྲིམས་སྤོང་བ་མ་ལགས་ཀྱི། ཚུལ་ཁྲིམས་སྲུང་བའི་སླད་དུ་ལུས་འདི་སྤོང་ངོ༌། བདག་གར་སྐྱེས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམ་པར་དག་པ་དང༌། ཟག་པ་ཟད་པ་དང༌། འབྲས་བུ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་རང་གི་མགུལ་བ་བཅད་དེ་ཚེ་འཕོས་སོ། ཁྲག་གིས་ས་གཡོག་ནས་ལུས་ཀྱང་ཁྲག་གིས་དམར་པོར་གྱུར་ཏོ།། ཞེས་གསུངས།( མདོ་མཛངས་བླུན་ལས།)
༨ བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལས་ཆོས་ཉན་པའི་ཕྱིར་དུ་རང་གི་ལུས་བཙོང་བར་འདོད་པའི་སྐབས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཉམས་སད་པའི་ཆེད་བྲམ་ཟེའི་ཁྱེའུ་ཞིག་ཏུ་སྤྲུལ་ནས་ལུས་ཉོས་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཚམ་ཚོམ་མེད་པར་རང་གི་ལུས་ཀྱི་བརླ་གཡས་པའི་ཤ་བཏོགས་ནས་མཚོན་རྣོན་པོས་ལུས་ཕུག་སྟེ། ཁྲག་ཟག་ཅིང་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་ཕྱིན་ཏོ། ཞེས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཆོས་གསུང་བའི་ས་ཕྱོགས་སུ་བྱི་དོར་གྱིས་ཆག་ཆག་གདབ་པར་འདོད་ཀྱང་བདུད་ཀྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་པས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། བདག་གི་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདིར་ཆག་ཆག་གདབ་བོ་སྙམ་ནས་མཚོན་རྣོན་པོས་རང་གི་ལུས་ཕུག་དྲལ་ཏེ་ཁྲག་གིས་ས་ཕྱོགས་དེའི་ཁོར་ཡུག་ཏུ་ཆག་ཆག་བཏབ་བོ། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་ལྔ་བརྒྱ་པོ་དེ་དག་གིས་ཀྱང༌། མཚོན་རྣོན་པོས་རང་རང་གི་ལུས་ལས་ཕྱུང་བའི་ཁྲག་གིས་ས་ཕྱོགས་དེར་ཆག་ཆག་བཏབ་བོ།། ཞེས་གསུངས། (རྗེ་ཙོང་ཁ་པ་ཆེན་པོའི་གསུང་འཕགས་པ་རྟག་ངུའི་རྟོགས་བརྗོད་ལས།)
༩ དེ་ཡང་སྔོན་བདག་ཅག་གི་སྟོན་པ་དེད་དཔོན་སྙིང་རྗེ་ཆེན་པོར་སྐུ་སྐྱེ་བ་བཞེས་སྐབས་ཚོང་པ་ལྔ་བརྒྱ་དང་བཅས་རྒྱ་མཚོར་ཕྱིན་པའི་ལམ་དུ་མི་ནག་མདུང་ཐུང་ཅན་བྱ་བའི་ཆོམ་རྐུན་གདུག་པ་ཅན་ཞིག་ཚོང་པ་ལྔ་བརྒྱ་གསོད་དུ་བྱུང་བས། ཁོང་གི་ཐུགས་དགོངས་ལ་ཚོང་པ་ལྔ་བརྒྱ་པོ་འདི་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་པས་འདི་ཐམས་ཅད་མི་གཅིག་གིས་བསད་ན་དེ་བསྐལ་པ་དཔག་ཏུ་མེད་པའི་བར་དམྱལ་བར་གནས་དགོས་པར་འགྱུར་བས་སྙིང་རེ་རྗེ། དེ་བས་ངས་འདི་བསད་ན་འདི་དམྱལ་བར་མི་འགྲོ་བར་འདུག་པས་ང་རང་དམྱལ་བར་སོང་ཡང་ཐབས་མེད་སྙམ་དུ་བློ་སྟོབས་ཆེན་པོས་དགོངས་ནས་ཆོམ་རྐུན་དེ་བསད་པས་བསྐལ་པ་བདུན་ཁྲིའི་ཚོགས་རྫོགས་པ་ཡིན། དེ་ཡང་ལྟར་སྣང་ལ་མི་དགེ་བ་ཡིན་ཏེ་ཁོང་བྱང་ཆུབ་སེམས་དཔའ་ཞིག་གིས་དངོས་སུ་མི་ཞིག་བསད་པ་ཡིན། དོན་དུ་དགེ་བ་ཡིན་ཏེ་ཁོང་ལ་རང་འདོད་ཀྱི་འཁྲིས་མེད་ཅིང་འཕྲལ་དུ་ཚོང་པ་ལྔ་བརྒྱའི་སྲོག་བསྐྱབས་པ་དང༌། ཕུགས་སུ་མི་ནག་མདུང་ཐུང་ཅན་དམྱལ་བའི་སྡུག་བསྔལ་ལས་བསྐྱབས་པས་དགེ་བ་རླབས་པོ་ཆེར་གྱུར་པ་ཡིན། ཞཻས་གསུངས།(རྫ་དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང་ལས།)
༡༠ མདོར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སློབ་པའི་དུས་སུ་ཆོས་ཚིགས་བཅད་རེའི་ཕྱིར་དུ་སྐུ་ལུས་ལ་མར་མེ་སྟོང་བཙུགས་པ། ལྕགས་གཟེར་སྟོང་བཏབ་པ་སོགས་དམ་པ་གོང་མ་རྣམས་ཀྱིས་ཆོས་ཀྱི་ཕྱིར་དུ་དཀའ་སྤྱད་དཔག་མེད་མཛད། ཅེས་གསུངས། (ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་ལམ་རིམ་ལས།)
གཉིས་པ། དགེ་ཚུལ་སློང་གིས་རང་སྲོག་བཅད་པས་སྲོག་བཅད་པའི་ཕམ་པ་དང་ཕམ་འདྲའི་ཉེས་བྱས་སུ་མི་འགྱུར་བའི་སྐོར།
༡ ལྟུང་བའི་ངོ་བོ་ནི། བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་གསོད་སེམས་ཀྱིས་རང་ངམ་བསྐོས་པས་གསོད་པའི་སྦྱོར་བ་བྱས་པ་དེའི་རྐྱེན་གྱིས་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། ཞེས་དང༌། གཞིའི་ཡན་ལག་ལ་གཉིས་ཏེ། མིའམ་མིར་ཆགས་པ་ཡིན་པ་དང༌། རྒྱུད་ཀྱི་སྒོ་ནས་གཞན་ཡིན་པ་སྟེ། མིར་གྱུར་པའོ་ཞེས་པ་དང༌། འོད་ལྡན་རྩ་འགྲེལ་ལས་མི་གཞན་ཡིན་ལ་ཞེས་བཤད་པས་སོ། སེལ་བ་མི་མ་ཡིན་བསད་ན་སྦོམ་པོ་དང་དུད་འགྲོ་བསད་ན་ལྟུང་བྱེད་དང༌། བདག་ཉིད་གསོད་ན་སྦོམ་པོའོ་ཞེས་གསུངས་སོ།། (འདུལ་བ་མཚོ་ཊིཀ་ལས།)
གསུམ་པ། སྤྱིར་རང་སྲོག་བཅད་པས་སྲོག་གཅོད་ཀྱི་ལས་དངོས་གཞིར་མི་འགྱུར་བའི་སྐོར།
༡ མཛོད་རྩ་བར། སྲོག་གཅོད་པ་ནི་བསམ་བཞིན་དུ།།མ་ནོར་བར་ནི་གཞན་བསད་པའོ།། ཞེས་གསུངས། དེའི་དོན་ནི། བསམ་བཞིན་དུ་ཞེས་པས་མ་བསམས་པར་ཤི་བ་ལ་ཉེས་པ་མེད་པར་བསྟན། མ་ནོར་བར་ཞེས་པས་ལྷ་སྦྱིན་ལྟ་བུ་གསོད་པའི་སྦྱོར་བ་བྱས་ནས། གཞན་མཆོད་སྦྱིན་དང་ནོར་ནས་མཆོད་སྦྱིན་བསད་ཀྱང་ལས་ལམ་གྱི་དངོས་གཞི་མི་འབྱུང་བར་བསྟན། གཞན་ཞེས་པས་རང་བསད་པ་ལ་ལས་ལམ་གྱི་དངོས་གཞི་མི་འབྱུང་བར་བསྟན་ཏོ།། ཞེས་གསུངས། (རྗེ་དགེ་འདུན་གྲུབ་ཀྱི་མཛོད་འགྲེལ་ལས། )
༢ དེ་ལ་སྲོག་གཅོད་ཀྱི་གཞི་ནི། སྲོག་དང་ལྡན་པའི་སེམས་ཅན་ཏེ། དེ་ཡང་གསོད་པ་པོ་རང་ཉིད་གསོད་ན་སྦྱོར་བའི་སྡིག་པ་ཡོད་ཀྱི། མཐར་ཐུག་མེད་པ་ལ་དགོངས་ནས་རྣལ་འབྱོར་སྤྱོད་པའི་ས་ལས་སྲོག་ཆགས་ཕ་རོལ་པོ་ཞེས་གསུངས་སོ། ཞེས་གསུངས། (བྱང་ཆུབ་ལམ་རིམ་ཆེན་མོ་ལས།)
༣ ནོར་བར་བསད་པ་དང་བདག་བསད་པས་ནི་སྲོག་གཅོད་པའི་སྦྱོར་བ་ཙམ་དུ་འགྱུར་གྱི་དངོས་སུ་ནི་མི་འགྱུར་ཏེ། དང་པོ་ལ་བསམས་པའི་དོན་མ་རྫོགས་པའི་ཕྱིར་དང༌། གཉིས་པ་ལ་རྫོགས་པ་ན་ལུས་གཞན་སྐྱེས་པའི་ཕྱིར། ཞེས་གསུངས། (མཆིམས་མཛོད་ལས།)
བཞི་པ། འཚེ་བ་མེད་པའི་ལས་འགུལ་ནང་རང་སྲོག་འདོར་བའི་ལས་འགུལ་སྤེལ་ཆོག་པའི་སྐོར།
༡ དེབ་འདིས་(རྒྱ་གར་རང་དབང་ཞེས་པའི་དེབ།)ཁོང་ཁྲོའི་ཆོས་ཀྱི་ཚབ་ཏུ་བརྩེ་བའི་ཆོས་སྟོན་པ་དང༌། འཚེ་བའི་ཚབ་ཏུ་རང་ཉིད་བློས་བཏང་བྱ་དགོས་པ་དེ་འཇོག ཅེས་གསུངས། (གན་དྷིའི་གསུང་རྒྱ་གར་རང་དབང་ལས།)
༢ ཁྱེད་རང་གང་དུ་མ་རབས་ཀྱི་ལས་ཀ་བྱེད་པ་དེར་འབྱོར་ཏེ་མདུན་གྱི་སྲོག་བླང་རྒྱུའི་ཚབ་ཏུ་རང་སྲོག་གཏོང་དགོས་པ་ཡིན། ཞེས་གསུངས། (གན་དྷིའི་གསུང་རྒྱ་གར་རང་དབང་ལས།)
༣ སྐྱེ་བོ་གཞན་བློས་བཏང་བ་ལས་རང་ཉིད་བློས་བཏང་བ་དེ་བཟང་བ་ཡིན། (གན་དྷིའི་གསུང་རྒྱ་གར་རང་དབང་ལས།)
༤ ཇི་སྲིད་གཉའ་གནོན་པ་དེ་བཏུལ་མ་ཐུབ་པ་དེ་སྲིད་སྡུག་རང་འཁུར་དང་སྲོག་ཐོག་ཉེས་ཆད་ཚུན་ཆད་འཁུར་རྒྱུའི་གྲ་སྒྲིག་དགོས། ཞེས་གསུངས།(བདག་ཉིད་ཆེན་པོ་གན་དྷིའི་གསུང་རྩོམ་གཅེས་བཏུས་ལས།)
༥ འཚེ་མེད་ཀྱི་དངོས་ཡོད་ཀྱི་གོ་དོན་ནི། ཁྱེད་ཀྱིས་སུ་ཞིག་གི་ཡིད་སྡུག་བསྔལ་བར་མི་བྱེད་པ་དང༌། ཁྱེད་ལ་རང་གི་དགྲ་བོར་བརྩི་བ་དེའི་ཐོག་ཏུའང་གུ་ཡངས་མིན་པའི་བསམ་ཚུལ་གང་ཡང་ཡིད་ལ་མ་བཞག་པ་དེ་ཡིན། ཞེས་གསུངས། (བདག་ཉིད་ཆེན་པོ་གན་དྷིའི་གསུང་རྩོམ་གཅེས་བཏུས་ལས།)
༦ འཚེ་བ་མེད་པའི་ལྟ་གྲུབ་འདིས་གང་བཤད་ཀྱི་ཡོད་ཅེ་ན། མི་ཞིག་གིས་དེ་འདྲ་བའི་ཚུལ་མིན་གྱི་སྤྱོད་པ་བྱེད་ན། རང་ཉིད་དེ་ཡི་ལག་ཏུ་རྩིས་སྤྲད་དེ་རང་གི་ལྟོས་བཅས་རྣམས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱ་དགོས་པ་དེ་རེད། དེའི་ཆེད་དུ་ལག་འཛིངས་ལས་ཧ་ཅང་ལྷག་པའི་ལུས་སྟོབས་དང་སྙིང་སྟོབས་དགོས་མཁོ་ཡོད། ཅེས་གསུངས། (བདག་ཉིད་ཆེན་པོ་གན་དྷིའི་གསུང་རྩོམ་གཅེས་བཏུས་ལས།)
༧ ཐབས་ལམ་འདི་བདེན་པའི་ཨུ་ཚུགསཉམས་ལེན་བྱེད་མཁན་རྣམས་ཀྱིས་གཞན་གྱི་མགོ་བོ་བཅོམ་མ་དགོས་པར་རང་ཉིད་ཀྱི་མགོ་བོ་ཁོ་ན་བཅོམ་དུ་འཇུག་དགོས། རང་ཉིད་ཀྱིས་མནར་གཅོད་ཆ་ཚང་བཟོད་བཞིན་དུ་འཆི་རྒྱུར་གྲ་སྒྲིག་བྱས་ཏེ་བསྡད་དགོས་པ་ཡིན། ཞེས་གསུངས། (བདག་ཉིད་ཆེན་པོ་གན་དྷིའི་གསུང་རྩོམ་གཅེས་བཏུས་ལས།)
༨ གན་དྷིས། ང་ཚོའི་རང་དབང་མ་སོན་སྔོན་ལ་ཁྲག་གི་རྒྱ་མཚོ་རྒྱུགས་སྲིད། འོན་ཀྱང་ཁྲག་དེ་དག་ང་ཚོ་རང་ཉིད་ཀྱི་ཁྲག་ཡིན་དགོས། ཞེས་གསུངས། (འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་གི་ཆེད་དེབ་ལས།)
༩ གན་དྷིས། ཨ་ཧིམ་ས་ཞེས་པ་འཚེ་བ་སྤངས་པའི་བརྡ་དོན་ནི་སྲོག་གཅོད་མི་བྱེད་པ་དེ་ཡིན་རུང༌། དེ་ལས་ལྷག་པའི་བརྡ་དོན་ནི་སྐྱེས་བུ་སུ་ལའང་བརྙས་བཅོས་མི་བྱེད་པ་དང༌། རང་གི་དགྲ་ལའང་ངན་སེམས་དང་གནོད་སེམས་གང་ཡང་མ་བསྐྱེད་པ་ལ་ཟེར། ཞེས་གསུངས། (འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་གི་ཆེད་དེབ་ལས།)
༡༠ མར་ཏིན་ལུ་ཐར་ཀིང་གིས། འཚེ་བ་མེད་པ་ནི་བློ་ཁོག་མེད་པའམ་སྡར་མའི་ཐབས་ལམ་ཞིག་མ་ཡིན། དེ་ལས་ལྡོག་སྟེ་གཞན་གྱིས་རང་ལ་རྡུང་སྐབས་ཕར་ལན་མི་སློག་པའི་བློ་སྟོབས་དང༌། དཔའ་མཛངས་དགོས་ཀྱི་ཡོད། ཅེས་གསུངས། (འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་གི་ཆེད་དེབ་ལས།)
ལྔ་པ། ཀུན་སློང་སྙིང་རྗེ་དང་ལྡན་ཚེ་དྲག་ལས་ཀྱང་བྱེད་རུང་བའི་སྐོར།
༡ དྲག་ལས་དང་དྲག་ལས་མིན་པའི་རིགས་མང་པོ་ཡོད་ཀྱང་ཕྱིའི་སྣང་ཚུལ་གཅིག་པུས་དབྱེ་བ་འབྱེད་ཐུབ་པར་དཀའ། གལ་ཏེ་གང་ཞིག་གི་ཀུན་སློང་མ་རུངས་པ་ཡིན་ན་ཕྱིའི་སྣང་ཚུལ་འཇམ་པོ་དང་ཡག་པོ་ཡོད་ན་ཡང་དོན་དག་ངོ་མའི་ཆ་ལ་དྲག་ལས་རང་ཡིན། དེ་ལས་ལྡོག་སྟེ་གལ་ཏེ་གང་ཞིག་གི་ཀུན་སློང་དེ་བསམ་པ་རྣམ་དག་ཡིན་ན་རེ་ཞིག་སྤྱོད་ལམ་རྩུབ་པོ་ཡོད་ན་ཡང་གཞི་རྐང་འཚེ་བ་མེད་པའི་ཉམས་ལེན་བྱེད་ཀྱི་ཡོད། ངའི་བསམ་པར་སྙིང་རྗེ་དང་ལྡན་ན་གནད་དོན་གང་ཞིག་རང་དོན་མིན་པར་གཞན་གྱི་ཁེ་ཕན་གྱི་ཆེད་དུ་ཡིན་ན་དྲག་ལས་བྱེད་རུང་བ་ཡིན། ཞེས་གསུངས། (ྋགོང་ས་མཆོག་གི་བཀའ་རྩོམ་ཀུན་ཁྱབ་སེམས་ཁུར་དང་འཛམ་གླིང་ཞི་བདེ་ལས།)
༢ ཆོས་ལུགས་ཁག་ཚང་མས་འཚེ་བ་མེད་པ་གཙོ་བོར་འཛིན་གྱི་ཡོད། འཛམ་གླིང་ཞི་བདེ་ཡི་མིང་ཁྱེར་ཏེ་དམག་དཔུང་འབོར་ཆེན་ཕུང་གསོག་བྱེད་པ་ཡོང་གི་ཡོད། འཚེ་བ་མེད་པ་ཡོང་ཐབས་སུ་དམག་དཔུང་བསྡུ་སྐོང་བྱེད་པ་ཧ་ཅང་དཀོན། དེར་བརྟེན། ཞི་བདེ་དང་འཚེ་བ་མེད་པ་གཉིས་ཀྱི་དོན་དག་འདྲ་པོ་ཡིན་ཡང༌། མཚམས་རེར་འཚེ་བ་མེད་པ་ཞི་བདེ་ལས་ནུས་སྟོབས་ཆེ་བ་ཆགས་ཀྱི་ཡོད། ནང་སེམས་ཀྱི་ཐོག་ནས་བྱམས་པ་དང་བརྩེ་བ། སྙིང་རྗེ་སོགས་ཀྱི་ཀུན་སློང་དང་ལྡན་པ། གཞན་གྱི་བདེ་དོན་ལ་སེམས་ཁུར་དང་ཐོབ་ཐང་ལ་བརྩི་བཀུར་ཡོད་པའི་ཐོག་ནས། གཞན་ལ་ཉེས་རྡུང་ལྟ་བུ་ཏོག་ཙམ་བྱུང་ཡང་འཚེ་བའི་ལས་སུ་འགྲོ་གི་མ་རེད། གཞན་ལ་མགོ་སྐོར་དང་བསླུ་བྲིད། ཕ་རོལ་པོ་རྩ་བརླག་གཏོང་འདོད་ཀྱི་ཀུན་སློང་ངན་པ་ཞིག་བཅངས་ཏེ། ཁ་མཁས་ཚིག་སྙན། གདོང་ལ་འཛུམ་མདངས་ལྡན་པ་བྱས་ཏེ། ཕྱིའི་ལུས་ངག་གི་རྣམ་འགྱུར་ལ་འཚེ་བ་མེད་པ་ལྟ་བུར་མཐོང་ཡང༌། གཞན་ལ་བསླུ་བྲིད་དང་གནོད་སེམས་ཀྱི་ཀུན་སློང་དང་འགྲོགས་ཡོད་སྟབས་འཚེ་བའི་ལས་ཆགས་ཀྱི་ཡོད། སྤྱིར་བཏང་འཚེ་བ་མེད་པ་ཟེར་བ་དེ་ཚིག་ཙམ་ལ་བལྟ་རྒྱུ་མ་ཡིན་པར་ནང་སེམས་ཀྱི་ཀུན་སློང་གཙང་མིན་ལ་རག་ལས་ཡོད། ཅེས་གསུངས། (ྋགོང་ས་མཆོག་ནས་ཕྱི་ལོ་ ༢༠༠༩།༠༤།༠༥ ཉིན་རྒྱ་གར་ཆོས་ལུགས་རིས་མེད་ཀྱི་ཞི་བདེ་ལྷན་ཚོགས་ཐེངས་ ༢ ཐོག་བསྩལ་པའི་བཀའ་སློབ་ལས།)
དེ་ལྟར་ན་བོད་བསྟན་པ་ཆབ་སྲིད་དང༌། བོད་མི་ས་ཡ་དྲུག་གི་རང་དབང་བདེ་སྐྱིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་རང་ལུས་མེར་སྲེག་པ་ནི་བསྟན་དོན་དང་གཞན་དོན་གྱི་ཆེད་དུ་རང་གི་ལུས་སྲོག་ཡལ་བར་འདོར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་དང་རྗེས་སུ་མཐུན་པའི་སྤྱོད་པ་རླབས་པོ་ཆེ་ཞིག་ཡིན་ལ། སྤྱིར་རང་སྲོག་བཅད་པས་སྲོག་གཅོད་ཀྱི་ལས་དངོས་གཞིར་མི་འགྱུར་བ་དམ་ཆོས་འདུལ་བའི་དགོངས་དོན་ཡིན་པས། ཆོས་སྲིད་གང་གི་ཆ་ནས་ཀྱང་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བའི་གནས་ཡིན་ནོ།།

རྩོམ་རིག

Post navigation

Previous Post: དགེ་རྒན་གྱི་བཀའ་གསུང་ཡང་དྲན་བསྐྱར་དྲན།
Next Post: ད་ལོ་ཡང་ལོ་སར་མི་བྱེད། བོད་མི་ཚོ།

Comments (5) on “གཞན་དོན་ཆེད་རང་ལུས་དང་རང་སྲོག་དོར་བ་ནི་འཚེ་བའི་ལས་མ་ཡིན།”

  1. མིག་བརྒྱད་པ། says:
    2011-10-23 at 7:51 am

    འཚེ་བ་མེད་པའི་ལྟ་སྤྱོད་ཟེར་བ་ནང་གི་ཀུན་སློང་གི་ཁྱད་པར་དང་འབྲེལ་ནས་བཤད་དགོས་པ་འདྲ། སྙིང་རྗེའི་དེད་དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་ཚོང་པ་ལྔ་བརྒྱའི་སྲོག་སྐྱོབ་པའི་ཆེད་དང་མི་ནག་མདུང་ཐུང་གིས་ལས་ངན་པའི་འབྲས་བུ་མྱོང་མི་དགོས་པ་སོགས་དགག་བྱ་རྣམས་ལས་དགོས་པ་གཙོ་ཆེ་བར་གཟིགས་ནས་བསད་པ་རེད། དེ་ཡང་སྙིང་རྗེས་མ་བཟོད་པའི་དབང་གིས་ཡིན་རེད། འོ་ན། བྱང་ཆུབ་སེམས་དཔས་མི་གསད་ཆོག་གི་རེད་དམ་ཟེར་ན། དགོས་པ་རྒྱུ་མཚན་ཆེན་པོ་ཡོད་ན་བསད་ཆོག་གི་རེད། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་།།སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།གསུངས་པ་ལྟར་རེད། བསམ་པ་དཀར་ལ་སྦྱོར་བ་ནག་པ། བསམ་པ་དང་སྦྱོར་བ་གཉིས་ཀ་ནག་པ་སོགས་ལས་དཀར་ནག་གི་དབྱེ་བ་མང་པོ་ཞིག་གསུངས་ཡོད་པ་དེ་རེད། ཡང་གཅིག་བཤད་ན། འཇིག་རྟེན་འགྲན་ཟླ་བྲལ་ཞིང་གང་གིས་ཀྱང་བརླག་པར་མི་ནུས་པའི་སྟོབས་ཡོད་བཞིན་དུ་སྡིག་ཅན་རྣམས་ཀྱིས་ཇུས་ངན་བཤམས་ནས་རྒྱལ་པོ་ཟླ་འོད་ཀྱི་མགོ་བོ་སློང་བར་བྱས་པ་ན། རྒྱལ་པོས་དགོངས་པ་རྒྱ་ཆེ་ཙམ་བཞེས་ནས་རང་གི་མགོ་སྟེར་རྒྱུའི་ཐག་ཆོད་གནང་པ་ལྟ་བུ་རེད། རྒྱལ་པོ་ཟླ་འོད་ཀྱིས་རང་མགོ་བོ་སྦྱིན་པ་བཏང་བའི་ཐབས་དེ་ཡང་། རང་ལས་ཀྱང་གཞན་གཅེས་བར་འཛིན་པ་དང་གཞན་གྱི་སྡུག་བསྔལ་རང་གི་ཁུར་དུ་ཁྱེར་ཞིང་བྱང་ཆུབ་སེམས་དཔའི་སྙིང་སྟོབས་རྨད་དུ་བྱུང་བ་དེས་འཇིག་རྟེན་ན་དགྲ་ཟེར་བ་ཞིག་གཏན་ནས་མ་བྱུང་བ་རེད། དགེ་ཚུལ་གྱིས་ཚུལ་ཁྲིམས་སྲུང་བའི་ལེའུ་ལས། བུ་མོ་ཞིག་དགེ་ཚུལ་ལ་སེམས་ཆགས་ནས་མ་བཟོད་པར་ཡོད་པ་ལ། བུ་མོའི་ཕ་མ་དགེ་ཚུལ་གྱི་སྦྱིན་བདག་ཡིན་པ་དང་ཐེངས་གཅིག་དགེ་ཚུལ་ཁྱིམ་དེར་འགྲོ་སྐབས་ཕ་མ་གཉིས་མེད་པའི་སྐབས་ཤིག་དང་འཁེལ་ནས་བུ་མོའི་སེམས་ཀྱི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟར་ལན་གྲངས་དུ་མར་དགེ་ཚུལ་ལ་བསླུས་ཤིང་། དགེ་ཚུལ་གྱིས། བུ་མོ་ལ་མི་འདོད་པའི་རྣམ་འགྱུར་གང་ཡང་མ་བསྟན་པར་ཁྱོས་སྒོ་བརྟན་པོར་བརྒྱབ་ནས་ཤོག །ཟེར་བ་དང་བུ་མོ་དགའ་ཐག་ཆོད་ནས་སྒོ་གཏན་དུ་སོང་ཤུལ་དུ་དགེ་ཚུལ་གྱིས་སྤུ་གྲིས་རང་སྲོག་རང་གིས་བཅད། བུ་མོ་ནང་དུ་བསླེབས་པ་དང་ཧ་ལས་ཧོན་ཐོར་ནས་ཅི་བྱ་གཏོལ་མེད་གྱུར། དལ་ཅིག་བསམ་ནས་དགེ་ཚུལ་ལ་ངོ་མཚར་སྐྱེས། དགེ་ཚུལ་གྱི་མཛད་སྤྱོད་དེས་བུ་མོའི་ཕ་མ་དང་ཉེ་དུ་ཚང་མ་ཆོས་ལ་བཀོད་པའི་ལོ་རྒྱུས་ཡོད་པ་རེད། དེས་བསླབ་པ་ཚུལ་ཁྲིམས་ཟེར་བ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་པར་བསྟན་པ་རེད། ཁམས་དང་ཨ་མདོ་རྔ་བའི་དགེ་ཚུལ་དང་དགེ་ཚུལ་མ་དག་གིས་ལུས་སྲོག་མེ་རུ་བསྒྲོན་པའི་ལས་འགུལ་ནི་དེ་དང་གཏན་ནས་མི་འདྲ། བདེན་པ་དང་རང་དབང་ནི་རང་གི་སྲོག་ལས་ཀྱང་གལ་ཆེ་བར་བཟུང་ཡོད་པར་མ་ཟད། རང་གི་རྩ་བའི་བླ་མ་ལ་སྐྱོན་བརྗོད་བྱེད་པ་ཕར་ཟད། དེ་ལས་ལྡོག་ཏེ་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་རེད། དེ་ནས་རྒྱ་ནག་གི་མུན་པ་སེལ་བའི་བརྡ་ལན་གསལ་བོ་ཞིག་སྤྲད་པ་རེད།

  2. ལྡོང་གི་ལྷ་རྩེ། says:
    2011-10-23 at 8:07 am

    ལུང་རིགས་ཀྱི་རྒྱབ་རྟེན་ལ་ཁ་གསབ་དོན་ཚན་གསུམ།

    ༼ ༡ ༽
    ༡༩༦༣ལོའི་ཟླ་༦ཚེས་༡༡ཉིན། ཝི་ཏི་ནམ་ཧྲིན་ཧྭ་གྲོང་ཁྱེར་གྱི་ནང་པའི་དགེ་འདུན་པ་ཧྲི་ཀོང་ཏེ་ཞེས་པ་ཞིག་གིས་ཁྲོམས་གཞུང་གི་ལམ་གྱི་བཞི་མདོ་ནས་རང་ལུས་མེ་རུ་སྒྲོན་ནས་གྲོང་། ནོའུ་ཡོཀ་དུས་བབ་ཀྱི་གསར་འགོད་པ་David Halberstam ནས་རང་གིས་དངོས་མཐོང་ཀྱི་གནས་ཚུལ་དེ་ཞིབ་ཕྲ་བཀོད་དོན་ལ།

    མེ་ལྕེ་ནི་ལུས་པོ་ལས་གྱེན་དུ་འབར་ཞིང་རིམ་གྱིས་སྐུ་གཟུགས་ཆུང་རིལ་དུ་གྱུར་ཅིང་། ཁོང་གི་ཀླད་ཕོར་ཚིག་ནས་ནག་པོར་གྱུར། མཁའ་དབྱིངས་སུ་ཕུང་པོ་ཚིག་པའི་གཞོབ་དྲིས་ཁྱབ། ལུས་པོ་མེ་ལ་སྤར་བའི་མྱུར་ཚང་ནི་བསམ་ཡུལ་ལས་འདས་་་་་།

    ཝི་ཏི་ནམ་གྱི་བསམ་གཏན་པའི་སློབ་དཔོན་གྲགས་ཅན་ཧྲི་ཡེ་ཤིན་གྱིས་རང་ལུས་ཞུགས་འབུལ་གྱི་མཛད་སྤྱོད་ལ་ཕྱོགས་བསྡོམས་གནང་དོན། གསར་འགྱུར་ཁག་གིས་འདི་ལ་རང་སྲོག་གཅོད་པ་ཞེས་བརྗོད་ཀྱང་། གཞི་རྩའི་ཆ་ནས་འདི་རང་ཤི་བརྒྱབ་པ་ཞིག་མིན་པ་མ་ཟད། ངོ་རྒོལ་ཞིག་ཀྱང་མིན་ལ། དགེ་འདུན་པ་དེ་དག་གིས་བཞག་པའི་ཁ་ཆེམ་ཡི་གེ་སོགས་ཀྱི་ནང་དུ། ཁོང་ཚོའི་དམིགས་ཡུལ་ནི་མི་རྣམས་གཉིད་ལས་བསླང་རྒྱུ་དང་། བཙན་གནོན་མཁན་ལ་སེམས་འགུལ་ཐེབས་རྒྱུ། དེ་བཞིན་འཛམ་གླིང་ཡོངས་ཀྱིས་ཝི་ཏི་ནམ་མི་དམངས་ཀྱི་སྡུག་བསྔལ་ལ་དོ་སྣང་ཡོང་ཆེད་ཡིན་ཞེས་བཀོད་ཡོད། རང་ཤི་རྒྱག་པ་ནི་རང་ཉིད་རྩ་མེད་གཏོང་བ་སྟེ། ༡༽འཚོ་གནས་དང་དཀའ་སྡུག་ལ་གདོང་ལེན་གྱི་སྙིང་སྟོབས་བྲལ་བ་དང་། ༢༽འཚོ་བའི་ཁྲོད་དཀའ་ཁག་འཕྲད་དེ་རེ་བ་བརླག་པ། ༣༽ནག་འཐོམ་མེ་བ་ཞིག་ལ་རེ་བ་བཅངས་པ་བཅས་ཡིན་མོད། རང་ལུས་མེ་ལ་སྒྲོན་མཁན་ཁོང་རེ་བ་དང་སྙིང་སྟོབས་བྲལ་བ་དང་ཅི་ཡང་མེད་པ་ཞིག་གི་མངོན་འདོད་གང་ན་ཡིན། དེ་ལས་ལྡོག་སྟེ་ཁོང་སྙིང་སྟོབས་ཆེ་ཞིང་རེ་བ་ལྡན། ཁོ་པས་རང་ཉིད་རྩ་བརླག་གཏོང་གི་ཡོད་པར་ངོས་བཟུང་མེད་ལ། ཁོང་གིས་རང་ལུས་མེ་ལ་བསྲེགས་པ་དེས་མི་གཞན་རྣམས་ལ་མཛེས་སྡུག་ཀྱི་འབྲས་བུ་བསྐྲུན་རྒྱུར་ཡིད་ཆེས་བྱེད།

    དགེ་འདུན་པ་ཁོང་གི་རང་ལུས་མེ་རུ་སྒྲོན་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་འཛམ་གླིང་ལ་ཁྱབ། དེའི་ཕྱི་ཉིན་གྱི་ནོའུ་ཡིཀ་དུས་བབ་གསར་ཤོག་ཐོག་གནས་ཚུལ་འདི་བཀོད་བསྒྲགས་བྱས། ༡༩༦༤ལོར་དགེ་འདུན་པ་མང་པོ་ཁོང་གི་རྗེས་སུ་འབྲངས་ནས་རང་ལུས་མེ་རུ་སྒྲོན། དེ་རྗེས་༡༩༦༥ལོར་ཨ་རིའི་མི་གཉིས་ཀྱིས་ཝི་ཏི་ནམ་དམག་འཁྲུག་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏངཞིང་།༡༩༧༠ལོར་རང་ལོ་༢༠ཅན་གྱི་ཨ་རི་བ་ཇོར་ཇི་ཝན་གྱིས་ཁ་ལི་ཧྥོ་ལི་ཡའི་མཐོ་སློབ་ཏུ་རང་སྲེག་བྱས་ཏེ་དམག་འཁྲུག་མཚམས་འཇོག་གིས་འབོད་སྒྲ་བསྒྲགས།

    རང་ལུས་མེ་རུ་སྤར་བའི་དགེ་འདུན་པ། རྒྱ་ནག་གི་ཏུས་པཱན་(豆瓣网)དྲ་གནས་ཀྱི་མིའོ་དབྱིན་ཉིན་ཐོ་ལས་བསྒྱུར།

    ༼ ༢ ༽

    ཆོས་ལུགས་གཞན་དག་དང་འདྲ་བར་ནང་ཆོས་ཀྱིས་ཀྱང་རང་ཤི་རྒྱག་རྒྱུར་འགག་བྱ་བྱེད་མོད། འོན་ཀྱང་སྤྱི་ཚོགས་རིག་པའི་མཁས་དབང་Milton Yingerགྱིས་གསུང་དོན་བཞིན། དད་ལྡན་འགའ་རེས་རང་སྲོག་གཅོད་པའི་ངོ་རྒོལ་གྱི་ལམ་ཁ་འདེམས་པ་ནི་ཆོས་ལུགས་དབུ་ཁྲིད་ཀྱིས་སྐུལ་སློང་བྱས་པ་ཞིག་མིན་པར་རང་ཉིད་ཀྱིས་མི་མང་གི་ཚོར་བ་བསླང་ཆེད་་་་རང་ཉིད་ཆ་ཚང་མགོ་
    འབུལ་ལུས་འབུལ་བྱས་པ་ཞིག་རེད། ་་་་ དཔེར་ན་རོམ་བཙན་རྒྱལ་གྱི་དུས་སྐབས་སུ། ཡི་ཤུས་པ་མང་པོའས་བདེན་དོན་དུ་རང་སྲོག་བཅད་པ་བྱུང་ཡོད།

    རྒྱལ་ཁབ་མང་པོའི་ལོ་རྒྱུས་ཁྲོད། སྲིད་དབང་སྒེར་གཅོད་པ་རྣམས་ཀྱིས་ལྟ་བ་ལོག་འཛིན་མཁན་དང་ཆོས་ལུགས་དད་ལྡན་རྣམས་ལ་བཙན་གནོན་གནོད་འཚེ་བྱེད་པ་བྱུང་ཡོད། འོན་ཀྱང་མནར་གཅོད་མྱོང་མཁན་གྱིས་ཤི་ཡང་མགོ་མི་སྒུར་ཞིང་བདེན་དོན་དུ་རང་སྲོག་བློས་གཏོང་བྱེད་སྐབས། བཙན་གནོན་བྱེད་མཁན་ནང་ཁུལ་དུ་ཧོན་འཐོར་བ་དང་བསམ་གཞིགས་བྱེད་པ་གང་མཚམས་འབྱུང་ཞིང་། རང་སྲོག་བཅད་པའི་སྐུ་ཕུང་གི་མདུན་དུ་བཙན་གནོན་གྱི་གོམས་སྟབས་མཚམས་འཇོག་བྱེད་ལ། ཉུང་མཐའཡང་སེམས་འགུལ་ཐེབས་ངེས། རྒྱ་དམར་གཞུང་གཅིག་པོ་རང་སྲོག་བཅད་པའི་སྐུ་ཕུང་མདུན་འགྱོད་སེམས་ཕར་ཞོག་ངོ་ཚ་ཁོང་ཁྲོར་བསྒྱུར་ནས་ཇེ་ངན་ཇེ་སྡུག་བྱས་ཏེ་རང་སྲོག་གཅོད་མཁན་ལ་ནག་ཉེས་དེ་ལས་ཆེ་བའི་ཞྭ་མོ་གཡོགས།

    -རྒྱ་རིགས་དཔྱད་གཏམ་སྨྲ་བ་གྲགས་ཅན་ཧུའུ་ཕེང་གི་རྩོམ་ཡིག་“ཕྱི་འབྲེལ་མགྲིན་ཚབ་པའི་མི་གཤིས་བརླག་པ་”ཞེས་པ་ལས་ཚན་བསྒྱུར་བྱས།

    ༼ ༣ ༽

    ངོ་རྒོལ་རང་བཞིན་གྱི་རང་སྲོག་གཅོད་པ་ནི།རང་སྲོག་གཅོད་པའི་ལམ་ནས་བཟོད་བརླག་བྲལ་བའི་ཁོར་ཡུག་དང་གཉའ་གནོན་བྱེད་པའི་སྲིད་དབང་ལ་ངོ་རྒོལ་དང་མཐུན་གྱུར་མི་བྱེད་པ་མཚོན་པ་ཞིག་ཡིན།འདི་ལྟ་བུའི་རང་ཤི་ནི་བསམ་བཞིན་ཁྲོམས་བསྒྲགས་བྱས་ཏེ་མངོན་གསལ་གྱིས་ངོ་རྒོལ་བྱས་པ་ཞིག་རེད།འགའ་ཞིག་བྱེད་ཐབས་འདི་འཚེ་མེད་ཀྱི་བྱ་སྤྱོད་ཡིན་མིན་གྱི་དོགས་པ་བྱེད་མོད།འོན་ཀྱང་འདི་ནི་རང་ལ་འཚེ་བ་ཙམ་ལས་གཞན་ལ་འཚེ་བ་ཕར་བཞག་དམིགས་པ་ཙམ་ཞིག་མིན་པར།འདིར་མི་གཅིག་གིས་རང་སྲོག་
    གཅོད་པ་ནི་མི་མང་གིས་དོ་ཁུར་བྱས་ཏེ་གླེང་ཕྱོགས་ཀྱི་ཁ་ཕྱོགས་དང་།ཡང་ན་ཁ་གཏད་ཀྱི་བརྩེ་གདུང་བསྒྱུར་ཆེད་ཡིན་་་་། རང་སྲོག་གཅོད་པའི་ངོ་རྒོལ་གྱི་བྱེད་ཐབས་མཆོག་ནི་རང་སྲེག་བྱེད་པ་སྟེ། ཁྲོམ་གཞུང་དུ་རང་ལུས་ཞུགས་མེ་རུ་སྒྲོན་པ་དེ་རེད།

    -<>(An Encyclopedia of Nonviolent Action,Garland Publishing,Inc. New York & London,1997)ལས་བཤུས་ཏེ་བསྒྱུར།

  3. རྨུ་དག་གི་བུ་རྒྱུད། says:
    2011-10-23 at 1:20 pm

    ཕྲན་ལ་གནད་དོན་འདིར་ལྟ་ཚུལ་མི་འདྲ་བ་ཡོད་མིན་ལ་མ་ལྟོས་པར་ཉིད་ཀྱིས་བྲིས་པ་འདི་ཤིན་ཏུ་ལེགས་ཞེས་ཞུ་འདོད་བྱུང་།

  4. འཕག་ཚག་ says:
    2011-10-23 at 6:36 pm

    ཤཱཀྱའི་བུས་ལུང་ཚིག་མང་པོས་བརྒྱན་པའི་རྩོམ་འདི་ཉིད་སྤྱི་ཚོགས་ཀྱི་གོམ་འགྲོས་དང་མཐུན་པའི
    གནད་རྩོམ་ཞིག་ཡིན་ཤས་ཆེ། དེའི་ཕྱིར་ཁོ་བོས་ཀྱང་ཡི་རངས་ཞུ་རྒྱུ་ལས་ལུང་གཞན་པས་ཁ་བསྣོན་
    ཡང་བྱས་མེད་ལ་ད་དུང་དྲང་ངེས་ཀྱི་དགོངས་འགྲེལ་ཡང་དེ་བས་ཞུས་མེད།

  5. རེ་བ་ says:
    2011-10-24 at 7:34 pm

    དངོས་གནས་ཤྭཀྱའི་བུ་རང་རེད། ཉིད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་པ་ཙམ་དུ་མ་ཟད། ཁ་བསྣོན་ཅུང་ཞུས་ན་རྗེ་བདག་ཉིད་ཆེན་པོས་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་བསད་པར་བསོད་ནམས་ཀྱང་འཕེལ་བའི་ཕྱིར་ཞེས་གསུངས་འདུག་ན། ཀྱང་གི་སྒྲས་་་སྡིག་པ་མི་དགེ་བ་མི་འབྱུང་བ་ཙམ་དུ་མ་ཟད་བསོད་ནམས་འཕེལ་བའི་ཕྱིར་ཞེས་གོ་དགོས། དེ་ལྟ་ན་གཞན་དོན་དུ་རང་སྲོག་ལྟ་ཅི། གཞན་གྱི་སྲོག་བཅད་པ་འཚེ་བ་ག་ལ་ཡིན།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (51)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme