སྐྱོ་བྲག་དགའ་དབང་།
གཞན་ཕན་ནི། རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །ཞེས་བོད་དུ་དར་བའི་ནང་ཆོས་ཀྱི་བསྒྲུབ་བྱའི་སྙིང་པོར་གསུངས་ཤིང་། སྤྱི་ཚོགས་ཀྱི་ཁྲོད་ནའང་སེམས་ལ་སྤྲོ་བ་འཕེལ་བའི་གཏམ་ལས་ཤིག་ཡིན་མོད། དོན་དངོས་ལ་ཧ་ཅང་གི་ལག་བསྟར་དཀའ་བའི་བྱ་བཞག་ཅིག་རེད། གང་ཟག་ཚང་མ་བདག་བདེ་འབའ་ཞིག་འདོད་མཁན་ཡིན་པའི་ཕྱིར་ན། འགྲོ་བ་མིའི་ལྷན་སྐྱེས་ཀྱི་སེམས་སུ་ང་ལ་ཕན་གདགས་མཁན་ཞིག་རྙེད་ན་སྙམ་པ་ལས། ངས་ཕན་འདོགས་ས་ཞིག་རྙེད་ན་སྙམ་པ་ནི་ཕལ་ཆེར་མི་སྲིད་པ་ལྟ་བུ་ཡིན། གལ་ཏེ་ཕན་ཞིག་འདོགས་བསམས་ནའང་ཐོགས་དཀའ་བ་སྟེ། འཕྲལ་ཕུགས་ཀྱི་གནས་ཚུལ་ཤེས་པའི་རྣམ་དཔྱོད་མེད་ན་རང་གིས་ཕན་ཐབས་སུ་བསམ་པ་དེ་ཕན་གནོད་ཅིར་འགྱུར་ཆ་མི་འཚལ་བ་སྟེ། ཕ་མས་བརྩེ་བ་ཆེ་ཐག་ཆོད་ནས་ང་སློབ་གྲྭར་འགྲོ་མི་དགོས་པའི་ཆེད་དུ་ལོ་མང་རིང་གཞུང་ལ་ཉེས་ཆད་འཇལ་བ་རེད། རྣམ་དཔྱོད་ཡོད་ཀྱང་བརྩེ་བ་མེད་ན་ཕན་མི་གདགས་པ་ནི་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་སྟེ་དཔེ་མཁྱུད་ཀྱིས་མི་ཚེ་རྫོགས་སོང་བ་ཆེས་མང་། རང་གི་ནུས་ཚོད་ཀྱི་ཕན་ཞིག་བཏགས་ནའང་སོ་སོའི་མགོར་རྙོག་སྒྲ་ལྷུང་བའི་ཉེན་ཁ་ཧ་ཅང་ཆེ་བ་སྟེ། རྒྱ་གར་གྱི་མི་རིགས་སིག་རྒན་རྒོན་གཉིས་མེ་འཁོར་དུ་འགྲོ་བའི་འབབས་ཚུགས་ཤིག་ནས་ཟ་མ་བཟའ་བ་ན་ཕྲུག་གུ་ཉམ་ཐག་ཅིག་གིས་ཟས་སློང་བར་བྱིན་པ་ཟོས་མ་ཐག་ཕོ་བར་ན་ཟུག་ལང་བའི་ཚུལ་བསྟན། ཕོ་གསར་འགའ་བསླེབས་ཏེ་དུག་སྤྲད་པའི་རྙོག་སྒྲས་ཧིན་སྒོར་ལྔ་བརྒྱ་ཤོར། མེ་འཁོར་འགྲོ་འགོ་བཟུང་བ་ན་ཕྲུག་གུ་དགོད་ཞོར་ལངས་ཏེ་སིག་རྒན་རྒོན་སྐྱོ་དགོས་པ་བཟོས་རབས་འདུག །སེམས་ཅན་མོས་པ་ཐ་དད་པས་ཁ་ཅིག་ནི་འགྱེལ་བ་སློང་བ་ལྟ་བུ་སྐྱོ་བོ་ཆགས་པ་སྟོན་བྱེད་དུ་མཐོང་ནས་རོགས་ཕན་དྭང་ལེན་ཀྱང་བྱེད་ཀྱི་མེད། ལྷག་པར་དུ་འཁྲུགས་འཛིང་ཤོར་བས་རྨས་སྐྱོན་ཕོག་པ་ལྟ་བུར་རོགས་པ་བྱས་ན་ཉེན་རྟོག་པས་ནག་ཅན་ལྟ་བུའི་འདྲི་བརྩད་བྱེད་ཅིང་། རྙོག་སྒྲ་ཐག་ཆོད་མ་བྱུང་བར་ཁྲིམས་ཁང་དུ་འགྲོ་དགོས་ཐུག་པའི་ཞེད་སྣང་གིས་ཤི་ནའང་ཤི་བཅུག་པ་ལས་རོགས་རམ་བྱེད་མི་ཕོད་པ་སྟེ། རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །ཞེས་པའི་བསམ་སྤྱོད་དང་འགལ་བས་ཁག་ཅི་ཡོད། ཆག་སྒོ་ཆེ་ན་ནག་ཉེས་ཆ་ཚང་རང་ཐོག་ཏུ་ཟག་ནས་མི་ཚེ་དཀའ་ངལ་གྱི་འོག་ནས་སྐྱེལ་དགོས་བྱུང་བའི་གནས་ཚུལ་ཀྱང་ཡོད་པ་འདི་དག་ལ་དགོངས་ནས་ཞི་བ་ལྷས། གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ཡིན་པར་འདུག་གོ། །
མཁན་པོའི་གསུང་བ་ལ་མངོན་པར་བསྟོད་དོ།
གཞན་ཕན་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །
གླང་རི་ཐང་པས།
དགོས་པ་ཤེས་ནས་སྤྱད་པར་བྱ། །ཞེས་པ་ལྟ་བུ་ཅིག་ཀྱང་དྲན་ཡང་་་་
གཞན་དོན་མཐར་ཕྱིན་པ་ལ་དང་པོར་རང་དོན་མཐར་ཕྱིན་པ་ཞིག་དགོས་པ་རེད། རྗེ་དགེ་འདུན་གྲུབ་པས། སྤྱན་དང་མངོན་ཤེས་སྨྲ་མཁས་བཟོད་པ་སོགས།།གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག།ཅེས་ཐུགས་སྨོན་གནང་བ་ཁྱེད་ཀྱིས་གོང་ནས་བཤད་པ་དེ་དང་འབྲེལ་བ་ཡོད། རབ་བྱུང་ན་སངས་རྒྱས་ཀྱི་གོ་འཕང་ལས་ལྷག་གཅིག་ཡོད་པ་མ་རེད། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ལ་ཕན་འདོགས་པའི་ཀུན་སློང་ཁོ་ནའི་རྗེས་སུ་འབྲངས་ཏེ་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བསྐལ་བ་ནས་བསྐལ་བར་འབད་པ་ལྟ་བུ་རེད། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་གཞན་དོན་འབའ་ཞིག་ལ་གཞོལ་བ་ཡིན་དུས་རང་དོན་ཞར་ལ་འགྲུབ་འོངས་པ་དང་དེ་ལྟ་བུའི་གང་ཟག་ནི་འཇིག་རྟེན་འདི་ན་སྲིད་མཐའ་ཙམ་ཡིན་པས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་དཀོན་པའི་རྒྱུ་མཚན་ཡང་དེ་རེད།