རྔ་རྒོད།
རྟག་པར་ང་ཚོས་འདྲ་མཉམ་དང་རང་དབང་གི་སྐོར་དེ་དག་གླེང་འོང་དུས། སྤྱིར་བཏང་གི་མི་རིགས་འདྲ་མཉམ་དང་། ཡང་ན་ཆོས་ལུགས་དད་པ་རང་མོས། ལྷག་པར་ནང་དོན་འགྲོ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ཅིག་འདིར་ང་ཚོས་དམིགས་བསལ་དུ་ཤོད་ཀྱིན་པ་འདི་ནི་ཤིན་ཏུ་འོས་པ་ཞིག་རེད་མོད། ང་ཚོས་རང་དབང་དང་འདྲ་མཉམ་གྱི་བྱེ་བྲག་སྟེ་ནང་ཕན་ཚུན་འདྲ་མཉམ་དང་། ཡང་ན་ཕ་མོ་ཟུང་གི་འདྲ་མཉམ་དང་། གཞན་ཡང་སྐྱ་སེར་དང་དགེ་སློབ་བར་གྱི་འདྲ་མཉམ་དང་རང་དབང་ཀུན་ང་ཚོར་ཆ་བསྙམས་དུ་མེད་པའི་སྐོར་དག་གླེང་མཁན་དང་དེའི་སྐོར་འབྲི་མཁན་ནི་ཧ་ཅང་ཉུང་ཉུང་རེད་འདུག
རྒྱུ་མཚན་ནི། དོན་དངོས་ལ་ང་ཚོས་ད་དུང་སྨྲ་བརྗོད་རང་དབང་བཤད་སའི་གར་སྟེགས་ཚད་ལྡན་ཞིག་བསྐྲུན་བཏུབ་མེད་ལ། མཐའ་ན་རང་དབང་གི་རྩོམ་ཡིག་རྣམ་དག་ཅིག་སྤེལ་སའི་ཚད་ལྡན་དྲ་ལམ་གཅིག་ཙམ་ཡང་བཙལ་ན་བསྟན་རྒྱུ་ཞིག་མེད་པ་འདི་ནི་ང་ཚོའི་སྐྱོན་ལས་དགེ་མཚན་ཅང་མིན། དེའི་ཕྱིར། འདིའི་སྐྱོན་འདི་རྒྱ་བོད་ཐུན་མོང་གི་རེད་ལ་ལྷག་པར་བོད་ཕྱི་ནང་གཉིས་ཀྱི་སྐྱོན་ཞིག་ཀྱང་རེད་འདོད་དོ།། ང་ཚོས་རང་དབང་དང་འདྲ་མཉམ་གང་ཞིག་དེ་ལ་བརྟག་རྒྱུ་ཡིན་ན།
དཔེར་ན། ངས་ཕྱོགས་ནས་ཁྱོད་ལ་རང་དབང་ངེས་པར་སྤྲད་དགོས་པ་སྐོར་ཅིག་དང་། ཁྱོད་ཀྱིས་ཕྱོགས་ནས་ང་ལ་ངེས་པར་རང་དབང་སྤྲད་དགོད་པ་སྐོར་ཅིག་དང་། ངེད་གཉིས་ཀྱིས་ཐུན་མོང་གི་ཉམས་ལེན་དང་བཀུར་འོས་པའི་འདྲ་མཉམ་གྱི་རང་དབང་དག་དང་། གཞན་ལ་བརྟེན་མི་དགོས་པའི་སྒེར་སོ་སོའི་རང་དབང་སོགས་མཆིས།
འོན་ཀྱང་མདོར་བསྡུས་ན། གཞན་བརྟེན་རང་དབང་དང་སྒེར་གྱི་རང་དབང་གཉིས་སོ།། དང་བོ་དེ་མ་བརྩད་ན་མི་འོང་བ་ཞིག་ཡིན་མོད། གཉིས་པ་དེ་སོ་སོའི་ལག་རེད། དེའི་ཕྱིར། སྒེར་གྱི་རང་དབང་དག་གཡུགས་ཏེ་གཞན་བརྟེན་རང་དབང་ཁོ་ནར་འཚོལ་མཁན་ནི། དཔེར་ན། རུམ་རྡོ་འཕངས་ནས་ཐང་རྡོ་ལ་སྙོབ་མཁན་ལྟ་བུ་ཞིག་རེད། གང་ལྟར་རང་དབང་སྐོར་ཅིག་ནི་ངེད་ཅག་གིས་དངོས་སུ་བེད་སྤྱོད་གཏོང་ཐུབ་པ་ཞིག་ཡིན་མོད། ང་ཚོས་དེ་ངོས་མ་ཟིན་པའམ་ཡང་ན་དེ་སྣང་མེད་དུ་བཞག་པ། གཞན་ཡང་དེ་ལེ་ལོའི་དབང་དུ་བསྐྱུར་བ། གང་ལྟར། དེ་འདྲའི་གོམས་སྲོལ་ངན་པ་འདི་དག་སྤངས་ན་ནི་ང་ཚོ་ཡར་ཐོན་ཏུ་འོང་གི་ཡོད་པའི་རྟགས་སུ་འདོད།
ང་ཚོའི་རྒྱུད་ཀྱི་རང་དབང་གི་སྐོར་དེ་ལ། ཁོ་བོས་བསམ་གཞིག་ལྟར་བྱས་ན། ངེད་ཚོའི་རྒྱུད་ཀྱི་རང་དབང་དེ་ཕྱི་རོལ་བས་འདོད་པའི་སྤྱི་གཙོ་བོ་དང་འདྲ་ས་ཁ་ཤས་འདུག རྒྱུ་མཚན། སྐབས་རེ་རང་དབང་གི་ཡུལ་ལ་ངོ་ཚ་ཞིང་དེ་ལ་བག་འཁུམ་གྱིན་ཡོད་ལ། མཚམས་རེ་ཡུལ་དེ་དང་བྱེད་པོ་ངོ་བོ་གཅིག་ཏུ་འཁྲུལ་ཏེ་ལས་ཀ་གང་ཡང་མི་བྱེད་པ་ལྟ་བུའོ། གང་ལྟར། བོད་ནང་ན་ནང་བསྟན་ཆོས་ལུགས་དང་དགེ་འདུན་པར་རང་དབང་གིས་དགག་བཞག་ཅིག་འཕྱུར་གྱིན་ཡོད་ལ། རང་རེའི་ཕྱི་སྡོད་པའི་ཁྲོད་ནས་རྒྱ་ནག་གཅིག་པོར་དགག་པ་གང་གཏོང་འོས་པའི་རང་དབང་ཞིག་རྟག་པར་གསུངས་དང་གསུང་བཞིན་ཡོད། འདིར་གནས་ལུགས་ཙམ་ཞིག་བཤད་པ་ལས་ཁོ་བོའི་འདོད་པ་དེ་མིན།
མཇུག་གཏམ། འོན་ཀྱང་རང་དབང་ཞེས་པ་དེ་གང་དྲན་དྲན་དེ་བྱ་འོས་པ་ཞིག་དང་གང་འདོད་འདོད་དེ་བརྗོད་ཆོག་པ་ཞིག་གཏན་ནས་མིན། དཔེར་ན། གསར་འབྱོར་བ་ཚོ་རྒྱ་གར་ལ་སླེབས་མ་ཐག་ཏུ་འདིར་རང་དབང་ལུང་བ་རེད་ཅེས་ལྷག་པར་མདོ་ཁམས་པ་ཚོས་རང་རེའི་སྣེ་ལེན་ཁང་གི་སྐུ་ངོ་ཚོའི་མདུན་དུ་སྟག་འགྱིང་གཟིག་འགྱིང་བགྱིས་ཏེ་སྤྱོད་པ་ངན་པ་དེ་རིགས་བསྟན་རྒྱུ་དེ་རང་དབང་མ་རེད། གཞན་རྙིང་འབྱོར་བས་གསར་བ་དེ་ཚོར་མཐོང་ཆུང་བྱ་རྒྱུ་དེ་ཡང་རང་དབང་ཞིག་གཏན་ནས་མིན།
ང་ཚོ་ལ་ངེས་པར་དུ་དགོས་པ་ཞིག་ནི་རང་དབང་གི་གོ་རྟོགས་སྤེལ་མཁན་གྱི་མཁས་དབང་རྣམ་པ་ཚོ་ཡིན་ལ། ལྷག་པར་ང་ཚོའི་རང་གི་མདུན་གྱི་རང་དབང་ཆུང་ངུ་དེ་ཚོ་ང་ཚོས་བེད་སྤྱོད་གཏོང་རྒྱུ་དེ་ཧ་ཅང་གལ་ཆེའོ།།
ཞེས་༢༠༡༤/༨/༡༡ ལ་དབྱིན་ཡུལ་ནས།