བོད། ལྷ་ཀླུ་གཉན་གསུམ།
གསུམ།
བྱ་ཤ་སྤྱི་རྒྱ་ཉི་ཤུ་ནས་སུམ་བཅུའི་བར་དུ་སྣུམ་ནང་དུ་བསྲེག་དགོས་དུས། ངས་དེ་ལ་ག་དུས་ཡིན་ཡང་གཟབ་དུ་བལྟ་བཞིན་མ་བསྲེག་ན། ང་རང་གི་ཁ་ངོ་དང་ལག་པ་སོགས་ལ་སྣུམ་ཚའི་ཐིགས་པ་རེ་ཡང་རྒྱགས་ངེས་ཡིན་སྙམ་ནས་དུས་ཚོད་གཅིག་ལྷག་གི་རིང་དེར་སེམས་ལྷོད་དུ་མེད་པར་བྱ་ཤ་དེ་དག་ཐེ་ལན་ཀྲའི་ལུགས་ལྟར་བསྲེག་མཁན་ང་རང་གཅིག་བུའི་འགན་དུ་གྱུར་ཡོད་པ་ཡིན། ཕྱོགས་གཅིག་ནས་དེ་སྔོན་ང་རང་ལས་ཀ་འདིར་སླེབས་ནས་ཡུན་རིང་མ་སོང་བའི་སྐབས་ཤིག་ལ་ང་རང་ལ་ཁ་ལག་དེ་འདྲ་ཞིག་ཡོད་པ་ཉིད་ནས་བཟོ་ཤེས་ཀྱི་ཡོད་དམ་ཞེས་ལན་དུ་ངས་ཀྱང་རང་གིས་ཤེས་པ་དེ་བཤད་པ་ལྟར་ཐེངས་གཅིག་བཟོས་པ་ནས། དེ་ནི་སྤྱི་ཐབ་དེ་ཡི་ནང་གི་ཟ་མ་གལ་ཆེན་དུ་གྱུར་ནས་ང་རང་གིས་དུས་རྒྱུན་མི་བཟོ་ཐབས་མེད་དུ་ཆགས་པ་རེད།
བྱ་ཤ་དེ་དག་བསྲེག་ཚར་དུས་མཚམས་རེར་དུས་ཚོད་གཅིག་དང་ཕྱེད་ཀ་ཡིན། མང་ཤོས་ལ་ཆུ་ཚོད་བཅུ་གཉིས་ཡོལ་བ་ཙམ་ཆགས་ཡོད། དེ་ནི་བྱ་ཤ་བསྲེག་བཞིན་པའི་བར་ནས་ལས་ཀ་གཞན་བྱུང་གི་ཡོད་མེད་དེ་ལ་ཐུག་པ་དང་དེ་ཡི་སྔོན་དེར་ང་རང་ལ་ལས་ཀ་གཞན་ལ་སྐུལ་ཡོད་མེད་དེ་ཡིས་ཁྱད་པར་ཡིན། མཚམས་རེར་དེ་ཡི་བར་ནས་ཉ་ཤ་གཏུབ་དགོས་ཀྱི་ཡོད། བྱ་ཤ་བསྲེག་ཚར་མ་ཐག ཉི་ཧོང་གི་ཁ་ལག་སོས་ཤིས་བཟོ་བའི་ཆེད་དུ་འབྲས་བཙོས་ཟིན་པ་དེ་ཡི་ནང་དུ་ཚུ་དང་ཀ་ར་སོགས་དཀྲུགས་ནས་འཇོག་དགོས་ཀྱི་ཡོད། དེ་གྲྭ་སྒྲིག་ཟིན་པ་ཡིན་ན། ད་གཟོད་སྔོ་ཚལ་དག་གཏུབ་རྒྱུའི་འགོ་བརྩམས་དགོས་པ་ཡིན། སྔོ་ཚལ་དེ་དག་གཏུབ་པ་ཕལ་ཆེར་དུས་ཚོད་གཅིག་དང་ཕྱེད་ཀ་ནི་རྒྱུན་ལྡན་ལྟ་བུ་ཡིན། སྔོ་ཚལ་རིགས་མི་འདྲ་བ། སྤྱི་རྒྱ་ལྔ་བཅུ་ནས་དྲུག་བཅུའི་བར་དུ་ང་རང་གཅིག་བུའི་གཏུབ་དགོས་ཀྱི་ཡོད། སྔོ་ཚལ་གཏུབ་བཞིན་པའི་སྐབས་དེ་ནི་ང་རང་གི་དུས་ཚོད་ལྷོད་ལྷོད་ཅིག་དུ་བརྩི་ཆོག་ན་ཡང་། སྐབས་སྐབས་སུ་དེ་ཡི་བར་ནས་ང་རང་ལ་མི་སུས་ཀྱང་ལས་ཀ་གཞན་དུ་བསྐོལ་ཡང་སྲིད་པ་ཡིན།
སྔོ་ཚལ་གཏུབ་ཚར་དུས་སུ་ཆུ་ཚོད་གསུམ་པ་དང་ཡང་ན་གསུམ་དང་ཕྱེད་ཀ་སླེབས་དུས་ཡོད། དེ་ཚར་ན་གཞི་ནས་ཉི་ཧོང་གི་ཁ་ལག་སོས་ཤིས་བཟོ་དགོས་ཀྱི་ཡོད། གྲངས་ཀ་བཞི་བཅུ་ནས་ལྔ་བཅུ་བར་ཡིན། འབྲས་བཙོས་པ་ལ་སྐྱོན་བྱུང་མེད་པ་ཡིན་ན། ཆུ་ཚོད་སྐར་མ་གཉིས་ཀྱི་ནང་དུ་གསུམ་རེ་བཟོ་ཐུབ་ཀྱི་ཡོད། དེ་ཡི་ནང་དུ་ཉ་ཤ་དང་སྔོ་ཚལ་རིགས་གཏུབ་ནས་འཇོག་གི་ཡོད། སོས་ཤིས་བཟོས་ནས་ཚར་དུས་གཞི་ནས་ཆུ་ཚོད་བཞི་བ་ཟིན་ཡོད། མཚམས་རེར་བྱ་ཤ་བསྲེག་མ་དགོས་པའི་དུས་རེ་ཤར་བ་ཡིན་ན། ང་རང་གིས་སོས་ཤིས་བཟོས་ཚར་དུས་ཐབ་ཚང་གི་ནང་དུ་གཙང་བཟོ་བྱེད་རོགས་བྱེད་དགོས་ཀྱི་ཡོད། གང་ལྟར། དུས་ཚོད་ལྟར་ན། ང་རང་གི་ལས་ཀ་ནི་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་འགོ་བཙུགས་དེ་ཕྱི་དྲོ་བཞི་བའི་བར་དུ་ཡིན་མོད། སྤྱི་སྤྱོད་རླངས་འཁོར་གྱི་སྟབས་བདེ་མིན་གྱིས་ང་རང་ནམ་རྒྱུན་དུ་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་ལས་ཀར་སླེབས་ཀྱི་ཡོད་པ་ཡིན།
སྔོ་ཚལ་གཏུབ་ཚར་མ་ཐག སོས་ཤིས་མ་བཟོས་པའི་སྔོན་ཏག་ཏག་ལ་ང་རང་གིས་ཉིན་གོང་ཁ་ལག་ཟ་ཡི་ཡོད། ཉིན་གོང་ཁ་ལག་ནི་ནམ་རྒྱུན་གཅིག་ཡིན། བག་ལེབ་ནར་ནར་གཅིག་གི་བར་དུ་སྔོ་ཚལ་དང་ཕྱུར་ར། མཚམས་རེར་སྒོང་ང་བཙོས་མ་གཅིག་དང་སྔོ་ཚལ་རིགས་ཡིན། དེ་ནི་ང་རང་གི་རྒྱུན་ལྡན་གྱི་ཉིན་གོང་ཁ་ལག་ཡིན། ལས་ཀ་ནི་ནམ་རྒྱུན་སྤྱིན་བདག་གིས་གདོང་ལ་བལྟས་དེ་བྱེད་ཀྱིན་པའི་ཁ་ཆེ་བ་ལས་ཀ་ཚོས། སྤྱིན་བདག་གིས་གང་བྱེད་ལ་ཉན་པ་ལས་དུས་ཚོད་ལ་དམ་འཛིན་བྱེད་པའི་སྤོབས་པ་དེ་མེད། དེ་ཡི་སྟབས་ཀྱིས་ངས་ཀྱང་ཁོང་ཚོ་ལ་བསྟུན་དུས། ནམ་རྒྱུན་དུ་ཆུ་ཚོད་བཞི་ཡོལ་འགྲོ་བ་ཡིན།
སྤྱི་ཐབ་ནང་གི་ཐང་དང་ཟས་བརྔོ་སྤྱོར་བྱེད་ས། བྲོ་རྫས་སོགས་འཇོག་སའི་ཡུལ་དེ་དག་ཚང་མ་གཙང་མ་བཟོས་རྗེས། མཚམས་རེར་སྣོད་དཀྲུ་མཁན་ཁ་ཆེ་བ་ལྐུགས་པ་རྒན་པོ་དེ་ཡིས་རོགས་སྐུལ་གྱི་ངོ་ལྡོག་མི་ཐུབ་པར་ང་རང་གད་སྙིགས་འཕྱོ་རུ་འགྲོ་དགོས་དུས་ཀྱང་ཡོད། དེ་ནི་མཚམས་མཚམས་ལ་ཡིན། ཁ་ལག་ལྷག་འཕྲོ་དག་སླར་ཡང་འཁྱག་སྒམ་དུ་བཅུགས། ཡར་མར་ལ་བལྟས་དེ་འཁྱག་སྒམ་དུ་འཇོག་དགོས་པའི་ཟས་ལྷག་ཡོད་མེད་ལ་ཞིབ་དུ་བལྟ་དགོས། དེ་དག་ཚང་མ་འགྲུབ་སོང་བ་ཡིན་ན། ད་གཟོད་ང་རང་གི་ཉིན་གཅིག་གི་ལས་ཀ་འགྲུབ་པའི་ཁུལ་ཡིན། དེ་ནས་གོན་པ་བརྗེ་རུ་སོང་ནས་ཞོར་དུ་གདོང་ཞིག་དཀྲུས། སྐྲ་ལ་ཆུ་ཤད་ཅིག་བརྒྱབས།གཙང་སྤྱོད་ལ་གཅིག་སོང་། དེ་ཡི་རྗེས་སུ་སྤྱི་སྤྱོད་རླངས་འཁོར་སྒུག་ཡུལ་དུ་འགྲོ་བཞིན་ཡོད།
མཚམས་རེར་སྐར་མ་གཅིག་ལ་ཡང་སྒུག་མི་དགོས་དུས་ཡོད། སྤྱི་སྤྱོད་རླངས་འཁོར་རེ་བརྒྱད་པ་འབྱོར་ངེས་ཡིན། མཚམས་རེར་སྐར་མ་ཉི་ཤུ་ལ་སྒུག་དགོས་ཀྱང་ཤར་ངེས་ཡིན། སྤྱི་སྤྱོད་རླངས་འཁོར་རེ་བརྒྱད་དེ་ནས་ཞོགས་པ་སྤྱི་སྤྱོད་རླངས་འཁོར་རེ་བརྒྱད་དུ་འཛུལ་ས་དེ་བར་དུ་སོང་། དེ་ནས་སླར་ཡང་སྤྱི་སྤྱོད་རླངས་འཁོར་དོན་གཉིས་ལ་སྒུག སྐབས་དེ་དུས་ལས་ཀ་གྲོལ་བ་དང་། སློབ་གྲྭ་གྲོལ་བ། ཉེ་ཁོར་ཧ་ཅང་ཟང་ཟིང་ཡིན་ལ། མཛེས་མ་མང་བོ་ཕར་འགྲོ་ཚུར་འགྲོ་དང་། དོར་མ་སྲབ་སྲབ་རེ་གོན་ནས་སྔུན་ནས་ཕར་འགྲོ་ཚུར་འགྲོ་བྱེད་དུས། མིག་ལ་རང་དབང་ཞིག་མེད་པར་གྱུར་བ་དང་མིག་ཤེལ་ནག་པོ་གདོང་ལ་འཐེན་ཙམ་རེ་བྱེད་ཀྱི་ཡོད། ད་དུང་། རྗོ་ཤུ་ཆོས་ལུགས་པ་དང་སྐྱེ་བ་ཕོ་དག་གིས་སྟོད་ཐུང་ནག་པོ། ཞྭ་མོ་ནག་པོ། དོར་མ་ནག་པོ། ལྷན་འགོ་ནག་པོ་བཅས་གྱོན་མཁན་མང་བའི་ས་ཁུལ་ཞིག་དུ་འཁེལ་ཡོད་དུས། ང་རང་ཕྱིར་ནང་དུ་ལོག་སའི་སྤྱི་སྤྱོད་རླངས་འཁོར་དོན་གཉིས་ཀྱི་ནང་དུ་མཚམས་རེར་མི་འདི་རིགས་ཀྱིས་བཀང་ནས་ཡོད།
ཆོས་ལུགས་པ་འདིའི་རིགས་ནི། མང་ཤོས་ཀྱི་སློབ་སྤྱོང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ལ། ཞོགས་པ་ནམ་བླངས་པ་ནས་དགོང་མོ་ས་མ་རུབ་བར་དུ་སློབ་སྤྱོང་བྱེད་ཀྱི་ཡོད། འདིའི་རིགས་མང་ཤོས་ཤིག་ལ་གཞུང་གི་ཟླ་ཕོག་ལྟ་བུ་ཞིག་ཐོབ་ཀྱི་ཡོད། ལྷག་པར་དུ་ཆོས་ལུགས་པའི་ནང་མི་འདི་རིགས་ལ་དངོས་ནས་བྱིས་པ་མང་བོ་ཡོད། ཁོང་ཚོས་ཆོས་ལུགས་པའི་ལྟ་ཚུལ་ཤུགས་ཆེར་འཛིན་པ་ལས། གཞུང་གི་ཆབ་སྲིད་དང་ལོངས་ཕྱོགས་དེ་ཙམ་དགའ་བོ་མི་བྱེད་པ་ཡིན། ལྷག་པར་དུ་ཆོས་ལུགས་པའི་ནང་མི་ཡིན་ཚེ་དམག་མིའི་ནང་དུ་འགྲོ་མིན་ལ་གདམ་ག་ཡོད་ལ། མང་ཤོས་ཤིག་བུ་དང་བུ་མོ་སུ་ཡིན་ཡང་དམག་ལ་འགྲོ་ཡི་མེད། དེ་མིན་རྒྱལ་ཁབ་འདིའི་ལུགས་ལྟར་ན་བུ་དང་བུ་མོ་ལ་ཁྱད་པར་མེད་པར་ལོ་ཚད་རན་པ་དང་དམག་དུ་འགྲོ་དགོས་ཀྱི་ཡོད། དེ་ཡིན་དུས་ང་རང་སྤྱི་སྤྱོད་རླངས་འཁོར་གང་དུ་སོང་ན་ཡང་། རིགས་འདི་གཉིས་ཀ་མི་མཐོང་ས་མེད།
སྤྱི་སྤྱོད་རླངས་འཁོར་དོན་གཉིས་ལས་འབབ་དུས་སུ། རང་ཉིད་བསྡོད་སའི་གྲོང་བརྡལ། མཛའ་མོའི་མ་རྒན་གྱི་ཁང་བའི་འགྲམ་ཞིག་དུ་འབྱོར་ཡོད། དེ་རུ་སླེབས་དུས་ཕྱི་དྲོའི་ཆུ་ཚོད་ལྔ་བ་ཡོལ་ནས་ཡོད།
མུ་འགོད།
བོད་ལྷ་ཀླུ་གཉན་གསུམ་ལས་ལ་བརྩོན།
བུ་བུ་མོས་མདུན་ལམ་བཟང་རྒྱུ་རེད།
ཁྱོས་མཛའ་མོ་མི་རིགས་གང་ལ་གཏོགས།
མདང་ཞེ་རྩེའི་ཆེ་བའི་སྨོན་འདུན་ཡོད།
མཆན་བཏབ་དང་མ་བཏབ་ཀྱི་ཁྱད་པར་ཙམ་མ་གཏོགས་ཁྱོས་བྲིས་པ་ཚང་མ་ངས་ཀློག་གིན་ཡོད། ཉིད་ཀྱི་རྩོམ་རྩལ་ཇེ་བཟང་ནས་ཇེ་བཟང་རེད།
ཉིན་གཅིག་གི་དུས་ཚོད་གཏོང་ཚུལ་འདི། །
ལོ་ཟླ་བ་སྐྱེལ་མ་བྱེད་ཚུལ་རེད། །
ཁ་ལག་པ་ཁོམ་དུས་ཡོད་སོང་ན། །
དོན་རིག་རྒྱུ་ཅན་གྱི་ལས་རེ་བྱོས། །
ལག་ལས་ཀས་བོད་དོན་མ་བསྒྲུབས་ཀྱང་། །
སེམས་བསམ་པས་བོད་འདི་མི་དོར་རོགས། །
ཆེན་པོ་ཞིག་གླེང་ནས་མ་འཁྱོངས་ཀྱང། །
རིགས་རུས་པ་འཁྱོལ་དུ་མ་འཇུག་རོགས། །
ཞོགས་ནངས་མོ་སྐྱ་རེངས་གྱག་པ་ནས། །
དགོང་ཕྱི་དྲོ་ཉི་ཟེར་མ་ནུབ་པར། །
རྐང་ལག་པ་དལ་མེད་རྒྱུ་བ་འདི། །
ལག་ལས་ཀ་ཧུར་བརྩོན་ཆེ་བའི་རྟགས། །
མགོ་ཡན་ལག་ཚང་བའི་མི་ཞིག་ལ། །
རོ་ས་ལ་མ་བཞག་གོང་རོལ་ན། །
ལས་བྱས་པ་རི་བཞིན་མེད་ན་ཡང་། །
ཁ་གྲོད་ཁོག་རང་གིས་གསོས་པ་དགའ། །
སྐྱིད་ཉི་མ་གཞན་ལ་མི་བཅོལ་བར། །
སྡུག་ཁུར་བོ་རང་གིས་བླངས་ནས་ནི། །
དྲོད་སྣང་བ་རོལ་བའི་དུས་བཟང་ལ། །
ལས་མགོ་མ་རང་གིས་རྩམ་ན་ལེགས། །