དྲུག
ང་རང་ལས་ཀ་ནས་ནང་དུ་འབྱོར་ནས་མཛའ་མོ་དང་བུ་མོ་ངེད་གསུམ་གྱིས་ཟ་མ་ཟས་ཚར་མ་ཐག ང་རང་ལ་གྲོགས་པོ་ཞིག་གིས་ཁ་པར་འབྱོར་སོང་། དེ་ནི་ངས་ཀྱང་རྒྱུན་ལྡན་ལྟ་བུ་ཞིག་ལ་ངེས་འཛིན་གྱིས་ཁ་པར་ག་ལེར་སྒོ་ཕྱེ་ནས་ཨ་རོགས། ཨ་རོགས་ཞེས་ཐེངས་གཉིས་གསུམ་ཞིག་ལ་ཕར་བོས་དུས། གྲོགས་པོའི་ཁ་པར་གྱི་ནང་ནས་གོ་འོང་བ་ནི། ཁོ་རང་གི་རྒན་མོ་དང་ལྷན་དུ་སྐད་ཤུགས་ཆེན་པོས་སྒོ་ནས་གང་ཞིག་བཤད་ཀྱིན་ཡོད་པ་དེ་རེད། སྐབས་དེར་ངའི་སེམས་སུ་གང་བྱུང་བ་ཡིན་ནམ་སྙམ་ཞོར། ཡང་བསྐྱར་སྐད་ཤུགས་ཆེན་པོས་སྒོ་ནས་ཨ་རོགས་ཞེས་བོས།
དེ་ནས་གྲོགས་པོ་བློ་དོན་གྱིས་ང་ལ་བདེ་མོ་ཡིན་ན། རྡོར་རྒྱལ་ལ་དོན་དག་ཞིག་བྱུང་འདུག ད་ང་ཚོས་རོགས་པ་རེད་བྱེད་དགོས་ཀྱི་ཡོད་ས་རེད། ཁོ་རང་གི་ཐོངས་ཆེན་གྱི་དུས་ཚོད་རྫོགས་ཡོད་པ་དེ་ལ་སླར་ཡང་ཐོངས་ཆེན་མ་སྤྲད་པའི་སྒང་ལ། ཁོ་རང་ལ་ལོ་ངོ་གཉིས་སུམ་གོང་དུ་ཐོབ་པའི་མི་མང་ཐོབ་ཐང་ལག་ཁྱེར་དེ་ཡང་གཞུང་བཞེས་བཏང་འདུག ཟླ་ངོ་གཅིག་གི་དུས་ཚོད་སྤྲད་ནས། དེ་ཡི་ནང་ནས་ཕྱིར་ལོག་དགོས་པར་བཤད་འདུག
གྲོགས་བློ་དོན་གྱིས་སྐད་ཆ་དེ་ཡིས་ང་རང་ལ་རང་དབང་མེད་པར་གྲོགས་པོ་རྡོར་རྒྱལ་གྱི་ག་རེ་བྱེད་དགོས་ཀྱི་ཡོད་མེད་ཐད་དུ་བསམ་བློ་གཏོང་དགོས་སུ་བཅུགས་པ་མ་ཟད། བོད་རིགས་གཅིག་པ་ཡིན་པའི་ཤ་ཞེན་དེ་ཡིས་ག་རེ་བྱེད་ཐུབ་པ་འདྲ་ཡོད་ན་ང་ཚོས་ཚང་མས་རོགས་པ་བྱེད་རྒྱུར་མོས་མཐུན་བྱུང་སོང་། གྲོགས་པོ་བློ་དོན་གྱིས་བཤད་ན། ཁོ་རང་གིས་ཁྲིམས་རྩོད་པ་ཁ་ཤས་ཤིག་འཚོལ་བཞིན་འདུག་ན་ཡང་། དངོས་ནས་ཁྲིམས་རྩོད་པ་དེ་དག་ལ་གླ་ཆ་ཆེན་པོ་སྤྲོད་དགོས་ཀྱི་ཡོད་རབས་བཤད་སོང་། དེ་ནས་ངེད་གཉིས་ཀྱིས་བཤད་མཚམས་བཞག་མ་ཐག ངས་གྲོགས་པོ་རྡོར་རྒྱལ་ལ་ཐད་ཀར་ཁ་པར་བཏང་བ་ཡིན།
ཨ་རོགས། ད་ཁྱེད་རང་ལ་དཀའ་ངལ་ཞིག་འཕྲད་འདུག་ཟེར་གྱི་འདུག ངས་ཁྱེད་རང་ལ་རོགས་པ་བྱེད་ཐུབ་པ་གང་ཡོད་པ་དེ་དག་ཡིན་གཅིག་མིན་གཅིག་བཤད་དགོས་པ་རེད། གོ་ཐོས་སུ་ཉིད་ཀྱིས་ཐོབ་ཐང་ལག་ཁྱེར་ཡང་ཕྱིར་བསྡུ་གནང་འདུག་ཟེར་གྱི་འདུག ད་ཁྱེད་རང་གིས་ག་རེ་བྱེད་རྩིས་ཡོད་དམ། སེམས་ཁྲལ་མ་བྱེད་ཅིག
གྲོགས་པོ་རྡོར་རྒྱལ་གྱིས། རེད་དངོས་ནས་ཐུགས་རྗེ་ཆེ། སེམས་ཁྲལ་བྱེད་ཀྱི་མེད། ཁྲིམས་རྩོད་པ་ཁ་ཤས་ཤིག་དང་སྐད་ཆ་བཤད་པ་ཡིན། སང་ཉིན་ནངས་ཉིན་བར་དུ་གང་བཟང་བ་ཞིག་འཚོལ་ཞིབ་བྱེད་ཀྱི་ཡིན། ལས་ཀ་བྱེད་སའི་སྤྱིན་བདག་གིས་ཀྱང་ཁྲིམས་རྩོད་པ་རེ་བལྟ་བཞིན་ཡོད་པ་རེད། ཁ་ཐོར་སོང་བའི་རྒན་མོས་ཀྱང་ཁྲིམས་རྩོད་པ་བལྟ་བཞིན་པའི་སྒང་ཡིན། གལ་སྲིད། སླར་ཡང་མ་རེག་པ་ཡིན་ན། ཕྱིར་རྒྱ་གར་དུ་སོང་། དེ་ནས་བོད་དུ་ཕ་མ་གཉིས་ལ་བལྟ་རུ་འགྲོ་འདོད་འདུག ཕ་མ་གཉིས་ལ་མ་ཐུག་པར་ལོ་མང་འགྲོ་སོང་། དེ་མིན་ད་གང་བྱེད།
ངས་སེམས་ཁྲལ་མ་བྱེད། དངོས་ནས་ཡིན། གང་ཅིའི་ཐད་ནས་རོགས་པ་བྱེད་རྒྱུ་ཡོད་ན་ཡིན་གཅིག་མིན་གཅིག་ང་ལ་ཁ་པར་གཏོང་རོགས། ག་དུས་ཡིན་ན་ཡོད། སེམས་ཆུང་མི་དགོས། དེ་སེམས་ལ་བཟུང་། ཁྲིམས་རྩོད་པ་བཙལ་ན་སྒོར་མོས་དཀའ་ངལ་ཡོད་ན་ང་ལ་ཤོད་དང་། ངས་གང་ཐུབ་རེ་བྱེད་ངེས་ཡིན་ཞེས་བཤད་དུས། ཁོ་རང་གིས་ད་ལྟ་སྒོར་མོའི་དཀའ་ངལ་མེད་ཟེར།
གྲོགས་པོ་རྡོར་རྒྱལ་ནི། རྒྱལ་ཁབ་འདིའི་ནང་དུ་བོད་པ་བརྒྱད་ཡོད་པ་དེ་ཡི་ནང་གི་གཅིག་ཡིན། སྤྱིར་ན་བོད་པ་མི་ཉུང་མོད། ད་ལྟའི་འཆར་ངས་བོད་པ་བརྒྱད་ཟེར་དོན་ནི། བོད་པ་བརྒྱད་འདི་ནི་ང་དང་འདྲ་བ་དག་ཡིན། རྒྱལ་ཁབ་འདིའི་བུད་མེད་ཚོ་དང་ལྷན་དུ་རྒྱལ་ཁབ་འདིར་ཡོང་བ་དག་ལ་ཟེར་གྱི་ཡོད། རེད་དེ། ང་རང་ཁོང་ཚོ་དང་མ་འདྲ་ས་ཞིག་གཅིག་ཡོད་པ་དེ་ནི། ང་རང་གིས་ད་ལྟ་ཡང་ཆང་ས་བརྒྱབས་མེད་པ་དེ་ཡིན། གྲོགས་པོ་རྡོར་རྒྱལ་ནི། རྒྱལ་ཁབ་འདིའི་བུད་མེད་གཅིག་དང་ལྷན་དུ་བཟའ་ཚང་བྱས་དེ་འདིར་ཡོང་བ་ཡིན་ལ། འདིར་འབྱོར་ནས་ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་བུད་མེད་དེ་དང་ཁོ་གཉིས་ལ་རིགས་རྒྱུད་ཅིག་ཀྱང་བྱུང་བ་ཡོད། དེ་ནི་བུ་མོ་ཞིག་ཡིན། དེ་དང་མཉམ་དུ་ཁོ་རང་ལ་རྒྱལ་ཁབ་འདིའི་ཐོབ་ཐང་ལག་ཁྱེར་ཡང་རེག་ཡོད་པ་རེད།
མི་ཟེར་བ་ནི་རིགས་གཞུང་དང་གོམ་གཤིས་མི་འདྲ་བ་ཡིན་དུས་བཟའ་ཚང་བྱས་དེ་ཡུན་རིང་བོ་མི་ཚེ་བསྐྱེལ་དགོས་དུས། དགའ་སྐྱོ་ཆགས་སྡང་གི་གནས་ཚུལ་ནི་རིགས་གཅིག་པ་ཞིག་དང་ལྷན་དུ་བསྡད་པ་ལས་དཀའ་ངལ་མང་བ་ནི་བཤད་མི་དགོས་པ་ཞིག་ཡིན་དུས། ཁོ་རང་ནི་དཀའ་ངལ་དེ་ལས་རྒྱལ་མ་ཐུབ་པར་བཟའ་ཚང་ཁ་ཁར་སོང་བའི་ཁྲོད་ཀྱི་གཅིག་ཡིན། དེ་ཡིན་དུས། རྒྱལ་ཁབ་འདིའི་ཁྲིམས་ལྟར་ན་བུ་མོ་ལ་ཟླ་རེ་ལ་ནུ་རིན་ཟེར་ན་རེད། ཟས་རིན་ཟེར་ན་རེད། རང་གིས་གླ་ཆ་ལས་བཞི་ཆ་གཅིག་སྟེར་དགོས་པ་ཡིན། ཁོ་རང་གིས་ཀྱང་དེ་ལྟར་ཁས་ལེན་གྱིས་སྤྲོད་བཞིན་ལོ་ངོ་འདི་དག་སོང་བ་རེད།
སྟབས་མ་ལེགས་པ་ཞིག་ལ་ལོ་ངོ་འདི་དག་གི་རྗེས་སུ་ཁོ་རང་གིས་ཡིག་ཆ་མུ་མཐུད་དུ་རྒྱལ་ཁབ་འདིའི་ཁྲིམས་གཞི་ལྷན་ཁང་ནས་གཉར་ཚགས་བྱས་ཡོད་ཀྱང་ཁ་མ་ཕྱེ་སྟབས། ཐོངས་ཆེན་ལས་ཁུངས་ཀྱིས་ཁོ་རང་གིས་ཐོབ་ཐང་ལག་ཁྱེར་ལག་ནས་བླངས་དེ་ཕྱིར་འགྲོ་དགོས་པའི་བརྡ་ཁྱབ་དེ་བཏང་བ་རེད་འདུག འདི་ནི་རྒྱལ་ཁབ་འདིའི་ཁྲིམས་ཤིག་ཡིན་ལ། ཁོང་ཚོས་བུད་མེད་དང་ལྷན་དུ་གཉེན་སྒྲིག་ནས་ལྷན་དུ་བསྡད་ཡོད་ན། ལོ་ངོ་བཞི་ལྔའི་རྗེས་སུ་རྒྱལ་ཁབ་འདིའི་མི་སེར་ལག་ཁྱེར་སྤྲོད་ཀྱི་ཡོད་པ་ཡིན། འོན་ཀྱང་། ཁོ་རང་མུ་མཐུད་དུ་བཟའ་ཚང་བྱས་ནས་བསྡད་མེད་པ་ཡིན་དུས། ཁོ་རང་ལ་རྒྱལ་ཁབ་འདིའི་མི་སེར་ལག་ཁྱེར་མི་སྤྲོད་པའི་ལམ་ཁ་དེ་ལ་དེད་པ་རེད།
ངས་སྔོན་ཆད་བརྙན་འཕྲིན་ལས་རྒྱལ་ཁབ་འདིའི་སྐྱེ་བ་ཞིག་གིས་རྒྱལ་ཁབ་གཞན་གྱི་བུད་མེད་ཅིག་ལ་བཟའ་ཚང་བྱས་དེ་ཁོ་གཉིས་ཕྲུ་གུ་ཞིག་ཀྱང་ཡོད་འདུག་པ་དང་། ཕྱིས་སུ་བུ་མོ་དེ་འཚར་ལོངས་བྱུང་ནས་ལོ་ངོ་བཅུ་ཙམ་ལ་སླེབས་འདུག་པའི་སྐབས་དེར། སྐྱེ་བ་དེ་ནད་མནར་གྱིས་ཤི་འདུག སྐབས་དེར་བུད་མེད་དེ་ལ་ཁྱེད་རང་གིས་བུ་མོ་རྒྱལ་ཁབ་འདི་ནས་བསྡད་ཆོག་པ་མ་གཏོགས་ཁྱེད་རང་བསྡོད་ཆོག་གི་མ་རེད། ཁྱེད་རང་ཕྱིར་འགྲོ་རོགས་ཞེས་བཤད་འདུག་པ་དེ་ཐོས་དུས། ང་རང་དངོས་ནས་རྒྱལ་ཁབ་འདིའི་ཆབ་སྲིད་ཀྱི་བྱེད་སྟངས་ལ་སྐྱག་མེར་བླངས་སོང་། དེ་རིང་དངོས་སུ་རིགས་གཅིག་སྤུན་ཟླ་ཞིག་ལ། རང་གི་གཅེས་པའི་བུ་མོ་བཞག་ནས་རྒྱལ་ཁབ་འདི་ནས་འཕུད་ཀྱིན་པའི་གནས་ཚུལ་འདི་ཐོས་དུས་སུ། དངོས་ནས་སེམས་སྐྱིད་པོ་མེད་ཞིག་བཟོས་སོང་།
བདུན།
ངེད་ཚང་དུ་འབྱོར་བའི་ངའི་མཛའ་མོའི་མ་རྒན་གྱི་ཚ་མོ་ཞིག་གིས་རང་གི་ཁྱོ་ག་ཁྲིད་ནས་ཉིན་ཁ་ཤས་རིང་དུ་མོ་རང་གི་མ་རྒན་ནང་དུ་བསྡད་པ་རེད། ཁ་སང་ང་རང་ལས་ཀ་ནས་ཕྱིར་འབྱོར་མ་ཐག ཚ་མོ་དེ་དང་ཁོ་མོའི་རྒན་པོ་གཉིས་ཕྱིར་སྤྲོ་འཁྱམ་ནས་དགོང་ཟས་ལ་འབྱོར་རྒྱུ་ཡིན་རབས་བཤད་སོང་། དེ་ནས་ང་རང་གིས་བོད་ཟས་ཁ་ཤས་ཤིག་དང་རང་ཉིད་ཀྱི་གསར་དུ་ལེགས་འགྲུབ་བྱུང་བའི་ཟ་མ་ཞིག་དང་བཅས་བཟོས་དེ་ང་ཚོ་ཚང་མས་དགོང་ཟས་ལ་སླར་ཡང་མཉམ་དུ་རོལ་བ་ཡིན། ཁོ་གཉིས་ནི་ཞོགས་པ་སྔ་བོ་ང་ཚོ་བསྡོད་ས་ནས་ཁ་གྱེས་དེ་གྲོང་ཁྱེར་ཀྲེ་ལ་བེས་ལ་གྲོགས་པོ་ཞིག་གི་ནང་དུ་འགྲོ་རྒྱུ་ཡིན། ངའི་མཛའ་མོའི་ཕ་རྒན་གྱིས་ཁོ་གཉིས་ལ་ཐུགས་འཕྲད་དུ་སླེབས་སོང་བ་མ་ཟད། ནམ་རྒྱུན་དུ་ཟས་རིགས་དང་ནང་ལ་དགོས་ངེས་ཀྱི་ཅ་དངོས་ཙག་ཙག་ཞིག་ཉོས་ནས་སླེབས་སོང་།
མཛའ་མོའི་ཕ་རྒན་སླེབས་དུས་སུ། ང་ཚོས་དགོང་ཟས་ཟས་ཚར་ནས་ལྷོད་ལྷོད་བསྡད་ཡོད་པའི་སྐབས་ཡིན། ཅུང་ཙམ་རྗེས་སུ་ངས་རང་གི་བུ་མོ་ཉལ་སའི་ནང་དུ་འཇོག་པར་བྱིན་པ་ཡིན། ང་རང་ཕྱིར་འོག་ཤོད་དུ་འབྱོར་དུས་སུ་ཁོང་ཚོས་ཨ་རིའི་ཡུལ་གྱི་རྗོ་ཤུ་ཆོས་ལུགས་པ་དང་རྗོ་ཤུ་མི་རིགས་བར་གྱི་ལྟ་སྟངས་སྐོར་ནས་གླེང་བཞིན་པའི་སྒང་རེད། གནས་ཚུལ་གཞན་ཞིག་ནི་ཆོས་ལུགས་ཀྱི་གནད་དོན་རེད་འདུག་ལ། ཨ་རིའི་ཁང་བརྩེགས་གཏོར་ཤུལ་གྱི་འགྲམ་ཞིག་དུ་ཁ་ཆེ་བ་དག་གིས་ཆོས་ཁང་ཞིག་རྒྱགས་ཐུབ་མིན་སྐོར་གྱི་གཅེན་བླངས་དེ་ཡི་སྐོར་ཡང་ཞོར་འཕྲོས་སུ་འདོད་མོས་བྱེད་ཐུབ་མིན་སྐོར་ནས་གླེང་གི་འདུག
ང་རང་གིས་རང་ཉིད་རྒྱུན་ལྡན་ལྟར་གོམ་ལོབས་སུ་སོང་བའི་དྲ་བའི་སྟེང་དུ་བསྡད་པ་ཡིན། མཛའ་མོས་སང་ཉིན་ང་ཚོས་བྱིས་གཉོར་ཁང་རྗེས་མའི་ཆེད་དུ། ཕ་མ་ཁ་ཤས་ཤིག་འཛུལ་ཞུགས་བྱེད་རྒྱུར་འདོད་མོས་ཡོད་པ་དང་། སང་ཉིན་དེ་ཡི་སྐོར་ལ་བགྲོ་གླེང་ཞིག་ཚོགས་ཀྱི་རེད། ཁྱེད་རང་འགྲོ་འདོད་ཡོད་ན་དེ་རུ་འགྲོ ཞོགས་པ་ཆུ་ཚོད་བཅུ་བའི་སྟེང་དུ་ཡིན་ཟེར། ངས་འགྲིག་གི་རེད། མི་སྐྱོན། ང་རང་འགྲོ་ཆོག་ཞེས་ལན་བཏབས་པ་ཡིན།
གང་ལྟར། དེ་རིང་ཞོགས་པ་ང་རང་ནམ་རྒྱུན་ལྟར་གཟའ་པ་སངས་ཀྱི་ཞོགས་ཉལ་དེ་རྒྱགས་མ་ཐུབ་པར་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུའི་སྟེང་དུ་ཡར་བླངས་པ་ཡིན། རྒྱུ་མཚན་ནི་མགྲོན་པོ་བཟའ་མི་གཉིས་ལ་བདེ་མོ་བྱོས་མ་ཞུས་ན་སྟབས་བདེ་བོ་མི་འདུག་སྙམ་པ་དེ་རེད། ང་རང་སྔ་ཙམ་ཡར་བླངས་དུས་ཨ་རིའི་བཟའ་མི་གཉིས་ཀ་འགྲོ་བར་གྲྭ་སྒྲིག་ཟིན་འདུག ངས་རང་གི་བུ་མོ་ཐར་མ་མཚོ་བང་ཁར་ལེན་ཞོར་དུ། ཁོ་གཉིས་ལ་བདེ་མོ་བྱོས་ཞེས་བཤད་དུས། ཁོ་གཉིས་ཀྱིས་བཀའ་དྲིན་ཆེ། ཁྱེད་རང་གིས་བཟོས་པའི་ཁ་ལག་དེ་དག་དངོས་ནས་ཞིམ་པོ་བྱུང་ཞེས་ཁ་ཡག་གི་ལམ་ནས་བདེ་མོ་བཞག་སོང་།
ཆུ་ཚོད་དགུ་དང་ཕྱེད་ཀ་ཡོལ་ནས་བུ་མོ་ཐར་མ་མཚོ། མཛའ་མོའི་མ་རྒན་སར་བཞག་ནས་ངེད་གཉིས་ཀྱིས་རླངས་འཁོར་བཏང་ནས་ཕ་མ་དེ་དག་ལ་ཐུགས་འཕྲད་བྱེད་དུ་སོང་བ་ཡིན། དེ་རུ་འབྱོར་དུས་བུད་མེད་གཅིག་མ་གཏོགས་སླེབས་མི་འདུག ཅུང་ཙམ་རྗེས་སུ་བཟའ་མི་གཅིག་གི་རྗེས་སུ་གཅིག་འབྱོར་ནས། སྡོམ་པའི་བཟའ་མི་གསུམ་དེ་རུ་ལྷན་དུ་འབྱོར་སོང་། ཁོང་ཚོས་དེ་ནས་བྱིས་པ་དག་གི་སྒེར་གཉེར་བྱིས་གཉོར་ཁང་འདི་རུ་གང་བྱེད་ཀྱི་ཡོད་མེད། རང་རང་གི་བྱིས་པ་དག་ལ་གང་ཅིའི་ཐད་དུ་འགྲོ་འདུག་གི་དཀའ་ངལ་གང་ཡོད་མེད་སྐོར་སོགས་ཞིབ་མོ་ཕན་ཚུན་ལ་བཤད་སོང་། དེ་ཡི་རྗེས་སུ་ཚང་མར་མོས་མཐུན་ཞིག་བྱུང་དགོས་པ་དེ་ནི། བྱིས་གཉོར་ཁང་འདི་ནས་དཀར་ཟས་མ་གཏོགས། དམར་ཟས་སྤྱད་མེད་པ་དང་ཕྱིས་སུ་ཚང་མར་འདི་ལ་མོས་མཐུན་དགོས་རབས་བཤད་ཀྱི་འདུག
གསར་དུ་འཛུལ་ཞུགས་དུ་ཡོང་བའི་བཟའ་མི་གཉིས་ལ་བུ་ཞིག་ཡོད་ལ། བུ་དེ་ནི་ལོ་ལྔ་རེད་འདུག སྤྱིར་བཏང་བྱས་ན་བྱིས་གཉོར་ཁང་འདི་ནི་བྱིས་པ་ལོ་གཅིག་ནས་གསུམ་གྱི་བར་ཡིན་མོད། དེ་རིང་གི་བྱིས་པ་དེ་ནི་ལོ་ཚད་ལས་བརྒལ་ཡོད་དུས། ཁོང་ཚོས་བྱིས་གཉོར་ཁང་དེ་ལ་ཕ་མ་ཚོ་འདོད་མོས་ཡོད་པ་ཡིན་ན། ལོ་ཚད་མེད་པའི་བྱིས་གཉོར་ཁང་དུ་སྒྱུར་བར་འདོད་མོས་བྱུང་སོང་། སྤྱིར་བཏང་བྱིས་པ་དག་སྒེར་གཉེར་གཞན་གྱི་བུ་གསོ་ཁང་དུ་བསྐྱལ་བ་ཡིན་ན། ཟླ་ངོ་གཅིག་ལ་ཨ་སྒོར་བཞི་བརྒྱ་དང་ལྔ་བཅུ་འགྲོ་བཞིན་ཡོད་ལ། ངའི་མཛའ་མོ་དང་ནང་མི་ཁ་ཤས་ཀྱི་མཉམ་རུབ་ཀྱི་བྱིས་གཉོར་ཁང་འདི་ལ་བྱིས་པ་རེ་ལ་ཨ་སྒོར་ཉིས་བརྒྱ་མ་གཏོགས་ཟླ་རེ་འགྲོ་ཡི་མེད་པས་ཡིན། ཕྱོགས་གཞན་ནས་དམིགས་བསལ་གྱིས་བྱིས་གཉོར་ཁང་མེད་ལ། ཁྱིམ་མི་རེ་རེ་རེས་མོས་ཀྱི་བྱིས་པ་འདི་དག་ཉིན་རེ་བཞིན་བལྟ་སྐྱོང་བྱེད་ཀྱི་ཡོད་པ་ཡིན།
ཨ་རི་ནས་ཡིན་པའི་རྒན་པོ་དེ་ཡིས་ང་ལ་ཁྱེད་རང་བོད་པ་ཡིན་ནམ་ཟེར། ངས་ཡིན་ཟེར་ནས་ལན་བཏབས་དུས་ཁོ་རང་ཨ་རིར་ཡོད་དུས་བོད་པའི་ནང་ཆོས་ལ་བསླབ་བ་སློབ་གཉེར་བྱེད་མྱོང་ཡོད་པ་དང་། ཁོ་རང་གི་མིང་ལ་ཡང་འཇིགས་མེད་བླ་འོད་ཅེས་རང་གིས་བླ་མའི་མིང་ཡང་སྤྲད་ཡོད་ཟེར། ངེད་གཉིས་ཀྱི་ག་ལེར་གླེང་མོལ་བྱས་དེ་སོང་དུས་སུ། ཁོང་ཚོས་ཆོས་ཚོགས་ཀྱི་མིང་ལ་ཤམ་བྷ་ལ་ཡིན་ཟེར་བས། ངེད་གཉིས་ཀྱིས་ཤམ་བྷ་ལའི་སྐོར་ཅུང་ཙམ་གླེང་དུས། ཁོ་རང་གིས་བླ་མས་གསུངས་ན། ཤམ་བྷ་ལ་ནི་ང་ཚོ་དང་འགྲོགས་ནས་ཡོད་པ་མ་ཟད། ཁྱེད་རང་གནས་གང་དུ་ཡོད་པ་དེ་ལ་ཤམ་བྷ་ལ་ཡོད་པ་རེད་ཅེས་གསུངས་སོང་། དེ་ཡིན་དུས་ང་ལ་མཚོན་ན་ཤམ་བྷ་ལ་ད་ལྟའི་རྒྱལ་ཁབ་འདི་རེད་ཟེར། ངས་དེ་ལ་ང་རང་གིས་མོས་མཐུན་བྱེད་ཐུབ་མ་སོང་། འོན་ཀྱང་། གཅིག་བྱས་ན། ཁྱེད་རང་གིས་བླ་མས་གསུངས་པ་དེ་ནི་གཞན་ཞིག་ཡིན་སྲིད་པ་ཡིན་ཞེས་སྟབས་བདེ་བོའི་སྒོ་ནས་ལན་ཞིག་བཏབས་པ་ཡིན། རྒྱུ་མཚན་ནི་ངེད་གཉིས་གཏིང་ཟབ་དུ་སོང་བ་ཡིན་ན། ང་རང་གིས་དབྱིན་སྐད་ཀྱི་ཆུ་ཚད་ཡག་པོ་མེད་པས་ལོག་འགྲེལ་འདྲ་སོང་ན་ཉེས་པ་རེད་སྙམ་པ་དེ་ཡིན།
ཡོང་ཁར་ངེད་གཉིས་ཀྱིས་ཕན་ཚུན་ལ་བདེ་མོ་བཞག་སྐབས། ཁོ་རང་གིས་ང་དང་འཕྲད་པ་དེར་དངོས་ནས་དགའ་བོ་བྱུང་ཟེར། ངས་ཀྱང་དེ་མཚུངས་ཡིན་ཞེས་བཤད་པ་ཡིན། ཕྱིར་ནང་དུ་འབྱོར་ནས་གཟའ་པ་སངས་ཀྱི་ལས་ཀ་ཞིག་ཡོད་པ་དེ་ནི་ཁང་བའི་ནང་ཚང་མ་གཙང་མ་བཟོ་རྒྱུ་དེ་ཡིན། དེ་མ་བྱས་སྔོན་དུ་ཟ་མ་ཞིག་འདང་ནུབ་གང་ལུས་ཡོད་པ་དེ་དག་ཚ་བོ་བཟོས་པ་ཡིན། མཛའ་མོ་དང་མོ་རང་གི་མ་རྒན་གཉིས་ལ་གསར་དུ་ཉོས་པའི་བག་ལེབ་དེ་དག་ཟ་རོགས་ཞེས་བཤད་པ་ཡིན།
བུ་མོ་ཐར་མ་མཚོ་ཡང་ང་རང་གི་འགྲམ་དུ་ཡོང་ནས་ཐིགས་པ་དེ་དག་ཟ་རོགས་བྱས་སོང་། ད་དུང་། ངས་མོ་ལ་བག་ལེབ་དང་ཕྱུ་ར་དཀྲུགས་མ་བསྲེས་ནས་སྤྲད་པ་ཡིན། ངས་ཟ་མ་ཟས་ནས་ཅུང་མ་འགོར་བར་ང་རང་གཉིད་དུ་ཅུང་ཙམ་ཤོར་འདུག གཉིད་ལས་སད་ནས་ཅུང་མ་འགོར་བར། ངས་མཛའ་མོ་ལ་ཁྱེད་རང་གིས་བུ་མོ་ལ་མུ་མཐུད་དུ་བལྟ་རོགས་གནོངས། ང་རང་གིས་ནང་གི་སྡེར་མ་འདི་དག་དང་ཤེལ་ཕོར་སོགས་དཀྲུས་རྗེས་སུ། ང་ཚོའི་རླངས་འཁོར་གཙང་མ་ཞིག་དཀྲུས་ནས་ཡོང་ཞེས་བཤད་དེ། ལག་པར་ཆུ་སྣོད་ཅིག་བཟུང་ནས་སྒོ་རུ་འབུད་ཞོར། གྲོགས་པོ་རྡོར་རྒྱལ་གྱི་སྐོར་ལ་བསམ་བློ་གཏོང་བཞིན། ཕྱིར་ནང་དུ་སླེབས་ན་ཁོ་རང་གི་ཁ་པར་ཞིག་གཏོང་དགོས་སྙམ་སོང་།
བརྒྱད།
ང་རང་གིས་རླངས་འཁོར་དཀྲུས་ཚར་ནས་ཕྱིར་ནང་དུ་འབྱོར་དུས། མཛའ་མོས་ཐབ་ཚང་དུ་དགོང་ཟས་ཤིག་བཟོ་བཞིན་འདུག ཐར་མ་མཚོ་དང་མོ་རང་གི་མ་རྒན་མ་གཉིས་མཐོང་སར་མི་འདུག གཟོད་ནས་བུ་མོ་མོ་རང་གི་ཨ་ནེ་ཡིས་ཁྲིད་དེ་ཕྱི་ལ་སོང་བ་ཤེས་ཀྱི་འདུག ང་རང་གིས་གྲོགས་པོ་རྡོར་རྒྱལ་གྱི་གནས་ཚུལ་གང་འདྲ་ཡིན་ནམ་སྙམ་བཞིན་དུ་ཁ་པར་ཞིག་བཏང་བ་ཡིན། ད་ལྟ་ཁོ་རང་གིས་གནས་ཚུལ་འགྱུར་ལྡོག་གང་ཡང་བྱུང་མི་འདུག་པ་དང་། ཁྲིམས་རྩོད་པ་ཁ་ཤས་ཤིག་ལ་ཐུགས་འཕྲད་བྱས་ཀྱང་། སུ་གང་གིས་ཀྱང་གྲུབ་འབྲས་གང་འདྲ་བྱུང་མིན་གྱི་སྐོར་ནས་སུ་ལ་ཡང་བཤད་ཚོད་ཅིག་མི་འདུག་ཟེར། གང་ལྟར། ཁྲིམས་རྩོད་པ་ཞིག་ཁྲིད་རྩིས་འདུག
ངས་མཛའ་མོ་ལ། དེ་རིང་ནས་བཟུང་ཟླ་ངོ་གཅིག་གི་རིང་ལ་བུ་མོ་ལ་དཀར་ཟས་མ་གཏོགས་དམར་ཟས་མ་སྟེར་རོགས། ཁྱེད་རང་གི་ཟ་མིན་དེ་ནི་ཁྱེད་རང་གི་འདོད་པ་རེད། བུ་མོ་ལ་སྟེར་མིན་དེ་ཡང་ཁྱེད་རང་གིས་འདོད་པ་ཡིན་ན་ཡང་། ང་རང་གིས་འབོད་སྐུལ་ཞུས་པ་དེར་ཉན་འཇོག་བྱེད་མིན་དེ་ཡང་ཁྱེད་རང་གིས་བསམ་བློ་གཏོང་དགོས་པ་ཞིག་རེད་ཅེས་བཤད་དུས། མོ་རང་གིས་སྟོན་པའི་འཁྲུངས་རབས་ཀྱི་ཟླ་དུས་དེ་ལ་སླེབས་ཡོད་པ་རེད་དམ་ཟེར།
ངས་རེད་ཅེས་ལན་བཏབས་དུས་སུ། མོ་རང་གིས་ཀྱང་འགྲིག་གི་རེད་ཅེས་བརྡ་ལན་དུ་མགོ་བོ་ནང་དུ་ཡང་ཡང་བཀུགས། ལྷག་པར་དུ་ཟླ་ངོ་འདི་གཅིག་པོའི་རིང་དུ་ང་རང་རྒྱལ་ཁབ་འདི་ལ་སླེབས་པ་ནས་བཟུང་། ས་ག་ཟླ་བའི་ཟླ་ངོ་གཅིག་གི་རིང་དེར་མོ་དང་ལྷན་དུ་འཁྲིགས་པ་སྤྱོད་ཀྱི་མེད། དེ་ནི་མོ་རང་ལ་མཚོན་ན་ཧ་ལས་དགོས་པའི་དོན་དག་ཞིག་ཐོག་མར་ཆགས་པ་རེད། ད་ནི་རྒྱུན་ལྡན་ལྟ་བུར་གྱུར་ཡོད་ལ། ས་ག་ཟླ་བ་ལ་ངེད་གཉིས་ཀྱིས་འཁྲིག་སྤྱོད་མེད་པའི་ཟླ་ངོ་གཅིག་དེ་ཡིན་པར་མོ་རང་གི་སེམས་སུ་དྲན་ངེས་ཡིན།
ལྷག་པར་དུ། ད་སྐབས་ཡིན་ན། མོ་རང་ཡང་ཕྲུ་གུ་ལུས་ལ་ཡོད་པའི་སྤྲུམ་མ་ཞིག་ཆགས་ནས་ཟླ་ངོ་དྲུག་ལྷག་འགྲོ་བཞིན་ཡོད་དུས། དངོས་ནས་ཕར་བལྟས་ཚོད་ཀྱི་སྐྱེ་ལ་ཁད་ཅིག་ལོས་ཡིན་སྙམ་པའི་སྣང་བ་ཡང་སྟེར་ངེས་ཡིན། གང་ལྟར། ད་ལོའི་ས་ག་ཟླ་བ་ནི་མོ་རང་ལ་དེ་འདྲའི་དཀའ་ངལ་གང་ཡང་མེད་ངེས་ཡིན། དེ་མིན་ལོ་སྔོན་མའི་ནང་དུ་ངེད་གཉིས་ལྷན་དུ་མི་ཉལ་བར་བཤད་དུས་སུ། མོ་རང་གིས་སེམས་ནང་དུ་དཀའ་ངལ་ཞིག་འཕྲད་ཡོད་པ་རེད། དངོས་ནས་བཤད་ན་ངེད་གཉིས་ཀྱི་ནང་ནས་འདོད་ཆགས་ང་ཆེ་བར་བཤད་ཆོག་པ་ཡིན། འོན་ཀྱང་། ངས་རང་གི་བོད་ཀྱི་ནང་བའི་ཆོས་ལུགས་ཀྱི་གུས་སྲོལ་ཁ་ཤས་ཤིག་ལ་རང་ངོས་ནས་ཧུར་ཐག་བྱེད་ཀྱིན་པའི་ཁུལ་ཞིག་གིས། ས་ག་ཟླ་བ་ནི་འཁྲིགས་པ་མི་སྤྱོད་པའི་ཟླ་བ་གཅིག་ལ་ངེས་འཛིན་བྱེད་ཀྱི་ཡོད་ལ། གང་ཐུབ་ཅི་ཐུབ་ཀྱིས་དགེ་བའི་ལས་སུ་གཞོལ་བར་འབད་འབུངས་ཀྱང་བྱེད་ཁུལ་ཡིན། རང་གི་ནང་མི་དག་ལ་ཡང་དེ་ལྟར་དྲན་སྐུལ་བྱེད་ཀྱི་ཡོད།
གཅིག་བྱས་ན་ང་རང་གིས་གླེན་རྟགས་ཤིག་ཡིན་ཡང་སྲིད། འོན་ཀྱང་། ང་རང་ནི་སྐྱེ་བ་སྔ་ཕྱིར་ཡིད་ཆེས་ཡོད་པའི་བོད་མི་ཞིག་ཡིན་དུས། ཁྲེལ་དང་ངོ་ཚ། ཕྱི་ཐག་དང་ཡ་རབས་སྲོལ་བཟང་ལ་ཅུང་ཙམ་གུས་པར་འབད་འབུངས་བྱེད་པར་ཕྱོགས་པའི་འཁྲིས་སུ་འཚུད་ཡོད་པར་བཤད་ཆོག་པ་ཡིན། དེ་ལྟ་བུའི་བསམ་ཚུལ་དང་། མི་རིགས་ཤིག་གི་སེམས་ཚོར་འདིས་རང་ཉིད་ལ་དུས་རྟག་དུ་དཀྲུས་ཀྱང་མི་དག་པའི་འགྱོད་སེམས། བཤད་ཀྱང་མི་རྫོགས་པའི་སེམས་ཁོང་གི་ན་ཟུག་མོད་པོ་ཞིག་ཡོད། འདི་ནི་རང་གིས་དྭང་དུ་ལེན་དགོས་པ་ནི། རྒྱུ་འབྲས་ཀྱི་མི་རིགས་ཤིག་དུ་སྐྱེ་བ་དེ་ཡིས་ཡིན་སྲིད་ཀྱང་། རྒྱུ་འབྲས་ཀྱི་མི་རིགས་འདི་མུ་མཐུད་དུ་ལོག་ལམ། ཉེན་འཕྲེང་གི་ལམ། མི་རིགས་འཇིགས་པའི་གཡང་། འདི་དག་ལ་མི་ལྷུང་ཆེད་དུ། ངའི་རང་གི་ཕྱི་ནང་གསང་གསུམ་གྱི་འཚོ་བ་དང་ལས་ཀ གཞན་ཡུལ་འདི་ན་རང་རེའི་སྤུན་ཟླ་དག་གི་ག་རེ་འཚོལ་གྱི་ཡོད་མེད་དང་། ག་རེ་བྱེད་ཀྱི་ཡོད་མེད་ཁག་དྲང་མོར་སྨྲ་བར་སེམས་གཏིང་ནས་མོས་པ་ཆེན་པོ་བྱུང་བ་འདི་ཡང་། རང་ཉིད་ཀྱིས་གང་ཞིག་ལ་ནག་ཉེས་བཟོས་པ་དེར་འགྱོད་གཤེགས་ཀྱི་ཚུལ་དུ་བཤད་ཆོག་པ་ཡིན།
མི་རིགས་གང་ཞིག་གིས་རང་ཉིད་མི་རིགས་དེར་འགྱུར་བར་འབད་བརྩོད་བྱེད་དགོས་པ་ཡིན་ན་ནི། ཐོག་མར་ཕ་མ་གཉིས་ལ་རེག་ལས་པ་ཡིན་ལ། ཕ་མ་དེ་གཉིས་ཀྱང་རིགས་གཅིག་པ་ཡིན་མིན་དེ་ནི་ཧ་ཅང་གལ་ཆེ་བ་ཡིན་པ་མ་ཟད། གཞན་ཞིག་ནི་ཁོར་ཡུག་ཆགས་འདུག་པ་དེ་རེད། ཕ་མ་གཉིས་ཀ་བོད་མི་ཡིན་པ་གལ་ཆེ་བ་མ་ཟད། བོད་མི་ཡིན་པ་དེ་ཡང་བོད་སྐད་བཤད་པར་དཀའ་ངལ་མེད་པའི་བོད་མི་ཕ་མ་གཉིས་ཡིན་དགོས་པ་དེ་ཡིན། དེ་ལྟར་ཡིན་ན་ནི། བོད་མི་བོད་སྐད་ཤེས་མཁན་ཞིག་དང་བོད་མིའི་གོམ་གཤིས་ཡོད་མཁན་ཞིག་དུ་འགྱུར་བར་ཐེ་ཚོམ་མེད་པར་བཤད་ཆོག་པ་ཡིན། དེ་ནི་ང་རང་གིས་སེམས་གཏིང་གི་ཉམ་མྱོང་བསགས་པའི་འབྲས་པུ་ཡང་ཡིན། དེ་ཡིན་དུས་ང་རང་ནི་ལག་པ་ཡ་གཅིག་ལས་མེད་པའི་མི་ལྟ་བུ་ཆགས་ཡོད་པ་དེ་ཡིན། རང་ཉིད་བོད་མི་ཡིན་པ་ལས་མཛའ་མོ་བོད་མི་མིན། དེ་ནི་གལ་གནད་དུ་ཆགས་ཡོད། བོད་མི་ཞིག་བཟོ་བའི་གལ་གནད་དང་བོ་ཡིན།
ང་ནི་ནམ་རྒྱུན་དུ་ལས་ཀ་དང་འཚོ་བ་གང་ཞིག་གི་ཆེད་དུ་འདུར་བཞིན་ཡོད་ན་རེད། བོད་མི་ཞིག་གི་འདུ་ཤེས་འདི་ཟབ་དྲགས་པའི་བོད་མི་གང་ན་ཡོད་པ་དེ་དག་གིས་འདུས་བསྡོད་འགྲོ་གསུམ་གྱི་གནས་ཚུལ་ལ་བསམ་བློ་གཏོང་བ་དང་རྒྱུས་ལོན་བྱེད་པ་བཅས་ལ་གོམ་ལོབ་དུ་གྱུར་བའི་མི་ཞིག་ཆགས་ཡོད་དུས། རང་ཉིད་བོད་མི་ཡིན་ཟེར་ནས་གླེང་བར་དཀའ་ངལ་ཞིག་གང་ན་ཡོད། དགའ་སྣང་ཡོད་པར་གྱུར་ཡོད་པའི་མི་ཞིག་ཡིན། ད་ལྟའི་འཆར་བོད་མི་ཁ་ཤས་ཤིག་གིས་རང་ཉིད་བོད་མི་ཡིན་ཟེར་ནས་གླེང་བར་ཡང་སྤྲོ་སྣང་མེད་པ་དང་དཀའ་ངལ་ཡོད་པ་ཞིག་ཆགས་ཡོད་མཁན་གྱི་གྲོགས་པོ་སྤུན་ཟླ་རེ་ཟུང་དང་འཕྲད་མྱོང་ཡོད་པ་མ་ཟད། གྲོགས་པོར་གྱུར་ཡོད།
ཁོང་གི་སྐྱེ་ཡུལ་ནི་རྒྱ་གར་ཡིན། ཕ་མ་གཉིས་ཀ་བོད་མི་ཡིན། འདུས་བསྡོད་ཀྱི་གནས་དང་འཚར་ལོངས་བྱུང་ཡུལ་ཡང་བོད་མིའི་སློབ་གྲྭ་ཁག་ཡིན། འཚར་ལོངས་བྱུང་སྟངས་ཀྱི་རྒྱུད་རིམ་ལ་འགྱུར་བ་ཐེབས་ནས་བོད་ཡིག་ལས་ཧིན་ཡིག་ལ་སྤྲོ་སྣང་ཡོད་པ་དང་། བོད་གཞས་ལས་ཧིན་གཞས་ལ་སྤྲོ་སྣང་ཡོད། བོད་སྐད་ལས་ཧིན་སྐད་ལ་སྤྲོ་སྣང་ཡོད་པ། བོད་མི་ཡིན་ཟེར་བ་ལས་རྒྱ་གར་བ་ཡིན་ཟེར་བར་སྤྲོ་སྣང་ཡོད་པ་ཞིག་ཆགས་ཡོད་པ་མ་ཟད། བསམ་བློའི་ནང་དུ་ཡང་དེ་འདྲ་ཞིག་སླེབས་ཡོད་པ་རེད། ཁོང་གིས་དུས་རྒྱུན་དུ་རང་གི་ཕ་ཡུལ་རྒྱ་གར་ཡིན་པར་གླེང་གི་ཡོད། དངོས་ནས་ཁོ་རང་གི་ཕ་ཡུལ་རྒྱ་གར་ཡིན་ནམ་ཞེས་བཤད་ན། ང་རང་གིས་ཁོ་རང་གི་སྐྱེ་ཡུལ་ནི་རྒྱ་གར་ཡིན་པ་ལས། ཕ་ཡུལ་བོད་ཡིན་ཟེར་རྒྱུ་ཡིན། འོ་ན། དེ་རིང་གི་ང་དང་ངའི་བུ་མོ་གནས་ཚུལ་འདི་གང་ལ་འཇོག་དགོས་པ་རེད། སྐྱེ་ཡུལ་རྒྱལ་ཁབ་འདི་རེད། ཕ་ཡུལ་གང་ཡིན་ནམ། ཕ་མ་གཉིས་ཀྱི་གཅིག་མ་གཏོགས་བོད་མི་མིན་སྙམ་བཞིན། སང་ཉིན་གཟའ་སྤེན་པའི་ནང་མི་འདུམ་སྒྲིག་གི་འདུ་འཛོམས་དེར་ཟ་མ་གང་ཞིག་བཟོ་དགོས་མིན་སྐོར་གྱི་སྐད་ཆ་ཞིག་དྲིས་དེ་ཉལ་དུ་སོང་བ་ཡིན།
མུ་འགོད།
དངོས་གནས་ཡག་པོ་བྲིས་འདུག་པར་ཐུགས་རྗེ་ཆེ། ཕོ་རབས་ཤིག་ཏུ་འཇོག་ཆོག།
འ་རོ་དེ་རིང་དངོས་གནས་སྙན་མོ་བྲིས་འདུག་གྲོགས་པོ་ལེགས་ཐུགས་རྗེ་ཆེ་ཕྱོགས་མང་པོ་ལ་ཕན་ཐོགས་དང་ཐུགས་བསམ་བཞེས་ས་འདུག་།མུ་མཐུད་ཡིན་ད་ཚང་མ་ཀློག་བ་ཙམ་མ་ཡིན་པར་དོན་ལ་མཉམ་ལེན་བྱེད་ངེས་ཡིན།།
རྒན་ཀླུ་སྨྱོན་གྱི་རྩོམ་འདི་མུ་མཐུད་ནས་ཀློག་གིན་ཡོད། ཀློག་སྤྲོ་བོ་བྱུང་ལ། ཕྱི་རྒྱལ་ཟེར་བའི་ཐག་རིང་ཐག་རིང་ཞིག་ན་ཡོད་མདོག་སྟོན་མཁན་དག་གི་འཚོ་བའང་སེམས་ལ་འཇོག་གི མུ་མཐུད་ནས་ངོ་སྤྲོད་ཡོང་རྒྱུ་མཁྱེན།
སྐལ་བཟང་ཉི་མ་ལགས། ཉིད་ནས་ཨ་ལགས་ཀླུ་སྨྱོན་ཚང་དང་ངེད་གཉིས་ནོར་བ་རེད། ངེད་གཉིས་མི་གཅིག་མིན། ངས་འབྲི་བཞིན་པ་ནི། ང་རང་གི་སྐོར་དངོས་དེ་ཡིན་ལ། ཞོར་དུ་ཕྱི་རྒྱལ་གྱི་རོགས་པ་དག་གི་སྐྱིད་སྡུག་སྐོར་ཡང་ཡོང་གི་ཡོད་པ་དེ་ཡིན་ལགས།