བོད། ལྷ་ཀླ་གཉན་གསུམ།
དགུ
ཞོགས་ཉལ་ཞིག་རྒྱགས་ཁུལ་བྱས་ཀྱང་། སེམས་ལྷོད་དུ་འབབ་པའི་གཉིད་ཅིག་གཏན་ནས་ཁུགས་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི་དེ་རིང་མཛའ་མོའི་ཕུ་བོ་དང་རྒན་མོ། བུ་ཕྲུག་སོགས་ཡོང་གི་ཡོད་པ་ཡིན་ལ། ཁོང་ཚོས་བར་དུ་བུ་ཕྲུག་ཞིག་གི་བྱ་སྤྱོད་ལས་འཕྲོས་པའི་ཁ་རྩོད་ཤོར་ནས་ཟླ་ངོ་བརྒྱད་ལྷག་གི་རིང་དུ་སྐད་ཆ་བཤད་རྒྱུ་མེད་པ་དང་ཐུགས་འཕྲད་མེད་པར་ལུས་པ་རེད། དེ་ཡིན་དུས་ང་རང་ཡང་དེ་དག་གི་ནང་དུ་ཡོད་པའི་ནང་མིའི་འཁྲིས་ཤིག་ཡིན་དུས། སེམས་པ་ལྷོད་ལྷོད་ཅིག་མེད་ཀི རང་གི་མཛའ་མོ་ལ་སྐྱོན་མེད་པ་མིན་ན་ཡང་། མཛའ་མོས་ཁོ་རང་གི་ཕུ་བོའི་བུས་མ་རབས་བྱས་པ་དེར་དེ་འདྲ་བྱེད་མི་རུང་བར་བཤད་པ་དེར། ཕུ་བོའི་རྒན་མོ་ཁྲོས་དེ་ཁ་རྩོད་ཆུང་ཆུང་ཞིག་ཤོར་བ་ཡིན། རྒྱུ་མཚན་དེ་ལས་གཞན་གང་ཡང་མེད། ཉིན་མོ་དེ་ནས་ཁོང་ཚོའི་བར་དུ་ཁ་བསྲེ་མེད་པར་གྱུར་བ་རེད།
དེ་རིང་ནི་མོ་རང་གི་ཨ་མའི་མ་རྒན་གྱི་སྐྱེ་སྐར་གྱི་དུས་ཤིགས་ཡིན་ལ། ཉིན་མ་ཁ་ཤས་ཤིག་ཕྱིན་ཚར་ན་ཡང་། དེ་རིང་ནི་ཕུ་བུའི་བཟའ་མི་དག་གིས་རང་གི་ཨ་མའི་ནང་དུ་ཨ་མ་རྒན་མོ་ལ་སྐྱེ་སྐར་རོལ་རྒྱུའི་དུས་ཚོད་བཟོས་པ་ཡིན། ད་དུང་། ཕན་ཚུན་གྱི་འདུམ་སྒྲིག་དེ་ཞི་བར་འཇགས་པའི་ཆེད་དུ། མཛའ་མོའི་མ་རྒན་གྱིས་ཐབས་ཤེས་སྣ་མང་བྱས་པ་རྒྱུད་དེ་རིང་ང་ཚོ་ཅོག་རྩེ་གཅིག་ལ་སླར་ཡང་འདུས་ནས་ཡོད་ཀྱང་། མོ་རང་གི་ཨ་ཅེ་ཡི་ནང་མི་སླེབས་མ་སོང་། ནམ་རྒྱུན་ལྟར་དཀའ་ངལ་ཞིག་ཡོད་པ་དེ་ནི། ཁ་ལག་མང་ཤོས་ང་རང་གིས་བཟོ་བཞིན་ཡོད་ན་ཡང་། མོ་རང་གི་ཕུ་བོའི་བུ་མོ་གཉིས་ལ་ང་རང་གིས་འདི་ཟ་མི་འདོད་ཀི དེ་ཟ་ན་མི་འདོད་ཀི འདི་སྣང་བ་འགྲོ་བཞིན་མི་འདུག་ཟེར་ནས་བཤད་དེ་འོང་དུས། མ་རྒན་དེས་ཀྱང་བྱིས་པ་དེ་དག་གི་རྒྱབ་སྐྱོར་དུ་འོང་ནས་གང་བྱེད་ཅི་བྱེད་ལ་རང་དབང་སྟེར་བ་ཡིན། རང་དབང་དེ་ནི་ཁྱིམ་མི་བཀང་བོ་སྟབས་བདེ་རུ་མི་འཇུག་པའི་རང་དབང་ཞིག་ལས། བུ་ཕྲུག་ལ་ཐོབ་དགོས་པའི་རང་དབང་ཞིག་མ་རེད་ཅེས་བཤད་ཆོག་ན་ཡང་། བཤད་ས་ཞིག་མེད་པ་ཡིན།
མཛའ་མོའི་མ་རྒན་ནི་ད་ལོ་ལོ་གྱ་བཅུ་གྱ་བརྒྱད་ལ་གསོན་པ་ཡིན་ལ། དངོས་ནས་བཤད་ན་མོ་རང་གི་སྐྱེ་སྐར་འདི་རོལ་ཐེངས་གསུམ་པ་ཡིན། དང་བོ་དེ་ནི་ང་དང་མཛའ་མོ། ཐར་མ་མཚོ། མོ་རང་གི་ཕ་རྒན། མོ་རང་གི་ཨ་ཅེ་ཡི་ནང་མི་དང་མོ་རང་གི་ཨ་མ་བཅས་ཡིན། དེ་ནི་སྐྱེ་དུས་ཀྱི་ཉིན་གཉིས་ཀྱི་སྔོན་ཡིན། སྐྱེ་སྐར་གཉིས་པ་དེ་ནི་མོ་རང་གི་སྐྱེ་སྐར་ཉིན་ཡིན་ལ། ཟ་ཁང་དུ་ཁ་ལག་ཟ་རུ་ངེད་གསུམ་དང་མོ་རང་གི་ཨ་མ། ཨ་མའི་མ་རྒན། མ་རྒན་དེ་ལ་ཞབས་ཞུ་སྒྲུབ་མཁན་གྱི་ཧྲེས་ལེ་ཕེན་གྱི་བུད་མེད་གཅིག་ཡོད་པ་ང་ཚོ་ཡིན། དེ་རིང་ནི་གསུམ་པ་དེ་ཡིན། ཕུ་བོའི་རྒན་མོས་ནང་མི་འདིའི་ཁྲོད་ཀྱི་མི་ང་མ་གཏོགས་ཁ་རྩོད་མ་ཤོར་ས་མེད་ལ། དེ་དག་གིས་ནང་ནས་གཏན་ནས་ཁ་བསྲེས་མེད་པར་ལོ་ངོ་མང་བོ་སོང་བ་དེ་ནི། མོ་རང་གི་བཟའ་ཚང་གི་ཕ་རྒན་ཡིན། དེ་ཡིན་དུས་ང་ཚོས་འདི་ལྟར་སྐྱེ་སྐར་ཞིག་རོལ་བ་དེ་ལ་ཡང་། ནང་མི་ཚང་མ་འཛོམ་ནས་ཁ་བགད་ནས་གཏམ་སྙན་མོ་རེ་དང་། སེམས་དྲོ་ནས་གཅིག་གཅིག་ལ་གུས་བརྩི་བྱེད་པའི་སྲོལ་དེ་མེད་པ་ཆགས་ཡོད་པ་ཡིན།
ང་རང་གིས་ནམ་རྒྱུན་ནང་མི་འཛོམ་དུས་ཀྱིས་ལས་དེ་དང་དུ་བླངས་པ་ཡིན། ཚང་མ་ཅོག་རྩེ་སྒང་དུ་བསྡད་ནས་ཟ་མ་ཟ་བཞིན་ཡོད་ཀྱང་། ངས་མུ་མཐུད་དུ་བྱ་ཤ་དང་ཟ་མ་གཞན་གཉིས་ཀྱིས་མཇུག་འཕྲོ་སྐྱོང་བཞིན་ཡོད། མཛའ་མོས་ང་རང་ཅོག་རྩེ་སྒང་དུ་ཡོང་རོགས་ཟེར་ནས་འབོད་ཀྱི་ཡོད། ངས་དེ་ལ་ང་རང་གིས་བཟོས་ཚར་ན་ཡོང་གི་ཡིན། བུ་མོ་རེ་ཞིག་རིང་གཉིད་ཡོད་དུས། མོ་རང་གིས་ལྷོད་ཀྱིས་ཟ་མ་ཟ་ཆོག་པ་ཡིན། ང་རང་ཡང་སྐར་མ་བཅུ་གྲངས་ཤིག་གི་རྗེས་སུ་ཅོག་རྩེ་སྒང་དུ་ཞུགས་པ་ཡིན།
མི་ཡུལ་གྱི་གོམས་གཤིས་ནི་བརྩི་བཀུར་ཡོད་ས་ཞིག་ན་ཏན་ཏན་ཡོད་ངེས་ཡིན་ཡང་། ཕ་མ་དང་སྤུན་མཆེད་ཀྱི་བར་དུ་བོད་མི་ལ་ཡོད་པའི་གུས་སྲོལ་དེ་གཏན་ནས་མེད་ཟེར་ན་ཕལ་ཆེར་ང་རང་ནོར་མེད། ཟ་མ་ཟས་ཚར་སོང་བ་དང་མཛའ་མོ་ངེད་གཉིས་ཀྱིས་ཅོག་རྩེ་སྒང་གི་སྡེར་མ་དང་ཟས་ལྷག་དག་བསྡུ་གསོག་བརྒྱབས། མོ་རང་གིས་ང་ལ་སྡེར་མ་དང་ཤེལ་ཕོར། སྣོད་སོགས་དཀྲུ་མི་དགོས་ཟེར་ནས་ཡང་ཡང་བཤད། ངས་ཀྱང་དང་ལེན་བྱེད་པར་བསམ་ན་ཡང་། མ་བསམ་ས་ནས་བུ་མོ་གཉིད་ལས་སད་སོང་བ་མ་ཟད། མོ་རང་གིས་བུ་མོ་ལ་ཟ་མ་སྟེར་དགོས་དུས། ང་རང་གིས་མུ་མཐུད་དུ་སྡེར་མ་དང་ཤེལ་ཕོར། ཟས་སྣོད་སོགས་དཀྲུས་རྗེས་སུ། གད་སྙིགས་འཁུར་ནས་རེ་ཞིག་གི་ངལ་གསོའི་ཆེད་དུ་ཕྱི་ལ་ཐོན་པ་ཡིན།
ཕྱིར་འབྱོར་ནས་སྐར་མ་ལྔ་མ་སོང་གོང་དེར་མཛའ་མོས་ང་རང་ལ་ཤིང་ཏོག་དེ་དག་གཏུབ་རོགས་གནོངས་ཞེས་བཤད་པ་དེར། ངས་ཅུང་ཙམ་སྒུག་དང་ཞེས་བཤད་དེ། ཤིང་ཏོག་ཁུ་ཞིག་བཏུང་ནས་བསྡད་དུས། མོས་མོ་རང་གི་ཨ་མར་སྐུལ་བ་དང་། མོ་རང་གི་ཨ་མས་ནང་གི་མནའ་མར་རོགས་བྱེད་དུ་བོས་སོང་། ཤིང་ཏོག་གཏུབ་ཚར་བ་དང་སྒོང་སྤོར་དང་འཚིག་ཇ་སོགས་མོ་རང་གིས་ཕུ་བོས་འཁུར་ནས་སླེབས། མི་རེ་ལ་ག་ཚོད་དགོས་མིན་སྐོར་དྲིས། ངས་ང་རང་ལ་དུམ་པུ་གཅིག་དགོས་པར་སྐུལ་བ་ལྟར། ཁོ་རང་གི་རྒན་མོས་བཟོས་པའི་སྒོང་སྤོར་དུམ་པུ་ཞིག་ལྕགས་ཚེབ་དང་བཅས་ང་ལ་སྤྲད་སོང་།
ད་ནི་རེ་ཞིག་རིང་ང་ཚོ་རང་རང་གི་ས་ནས་ཇ་དང་འཚིག་ཇ། སྒོང་སྤོར་རེ་ཟ་ཞོར་དུ། ཁ་རོག་གེར་བསྡད་ཡོད་ལ། ངས་ཀྱང་དྲ་སྒོ་ཕྱེ་ནས་དྲ་ཚིགས་དག་ལ་བལྟ་ཀློག་བྱེད་ཀྱིན། རང་ཉིད་བོད་མི་ཞིག་གི་སེམས་འདིས་བཏང་བའི་མནར་གཅོད་ལ་ཀུ་ཡངས་རེ་གཏོང་ཨེ་ཐུབ་སྙམ་བཞིན་དུ། བོད་མི་ཞིག་གི་འགན་འདི་ངས་འདི་ལྟར་འཁུར་ཐུབ་ངེས་ཡིན་མིན་སྐོར་ལ་བསམ་བློ་རེ་བཏང་བ་ཡིན། ལྷག་དོན་དུ་ང་དང་འདྲ་བའི་གཞན་ཡུལ་ན་འཚོ་བའི་སྤུན་ཟླ་དག་གིས། རང་གི་མ་འོངས་པའི་སྐྱེ་རྒྱུད་དེ་དག་བོད་སྐད་གཙང་མ་ཞིག་ཤོད་པར་མཐུན་རྐྱེན་ཇི་ལྟར་སྒྲུབ་བམ་སྙམ་ཞོར་དུ། ངས་བུ་མོ་བང་དུ་བླངས་དེ། བུ་མོའི་ཐོད་པར་འཛུབ་མོ་བཙུགས་དེ། ཐོད་པ་ཞེས་བསྐྱར་ཟློས་ཁ་ཤས་ཤིག་བྱས་པ་ན། བུ་མོས་ཀྱང་ཐོད་པ་ཟེར། དེ་ནས་རྫུ་མ་དང་སྣ། ངས་རང་ལ་ཡིད་ཆེས་ཤིག་བྱེད་ཞོར་དུ། སེམས་ཤུགས་ཤིག་ཡོད་པ་སྔར་ལས་ཆེ་རུ་ཕྱིན་སོང་།
བཅུ།
ནང་མི་འདུ་འཛོམས་ཀྱི་ལས་དེ་ཚར་ནས་ང་རང་གིས་ནང་གི་ཅ་དངོས་དག་ཕར་འཇོག་ཚུར་འཇོག་བྱས་ནས་ཡུན་རིང་མ་སོང་བའི་སྐབས་དེ་འདྲ་ཞིག་ལ། མཛའ་མོས་ང་རང་ལ་བུ་མོ་ཁྲིད་དེ་ཕྱི་རོལ་དུ་འགྲོ་བར་སྐུལ་བ་ལྟར། ང་རང་གིས་ཀྱང་དྭང་དུ་བླངས་ནས་བུ་མོ་ཁྲིད་དེ་ཁང་བའི་འགྲམ་གྱི་སྐྱེད་ཚལ་ཞིག་ལ་སོང་ནས་ཆུ་ཚོད་གཉིས་རིང་དུ་བུ་མོ་དང་མཉམ་དུ་རྩེད་མོ་རྩེས་པ་ཡིན། ས་ཡང་རུབ་གྲབས་ཡོད་སྟབས། ང་རང་གིས་བུ་མོ་ཁྲིད་དེ་ཕྱིར་ནང་དུ་འབྱོར་དུས། མཛའ་མོའི་མ་རྒན་གྱིས་དགོང་ཟས་ཟ་བཞིན་འདུག་ལ། མོ་རང་གིས་ཁ་པར་ནང་དུ་མོ་རང་གིས་ཕ་རྒན་ལ་ཁ་བརྡ་བྱེད་ཀྱིན་འདུག
མཛའ་མོས་ཁ་པར་ནང་དུ་སྐད་ཆ་བཤད་ཞོར་དུ། ང་རང་ལ་ཁྱེད་ཀྱིས་བུ་མོ་ལ་དོར་མ་མི་གཡོགས་པར་གང་བྱེད། གནམ་གཤིས་གྲང་དུ་འགྲོ་འདུག ངས་མི་སྐྱོན་གི ཕྱི་རོལ་དེ་འདྲའི་གྲང་མོ་ཞིག་མ་རེད་ཅེས་བཤད་ཀྱང་། མོ་རང་གིས་མ་རྒན་གྱིས་ཀྱང་བུ་མོས་རྒྱབ་དུ་བླངས་ནས་གྲང་མོ་འདུག ང་རང་གིས་ད་ལྟ་རང་ནང་ལྭ་བརྗེ་བོ་བརྒྱབས་པ་ཡིན། བལྟས་དང་ཟེར། སྐབས་དེ་འདྲ་ཞིག་ལ་ངས་ཡར་མར་ལ་བལྟས་དུས། ནང་གི་སྒོ་དང་སྒེའུ་ཁུངས་ཚང་མ་ཕྱེ་ནས་བཞག་འདུག ངས་རེད། ནང་གི་སྒོ་དང་སྒེའུ་ཁུངས་ཚང་མ་ཕྱེ་ནས་བཞག་འདུག་པ་དེ་ཡིས་ལན་པ་རེད་ཅེས་བཤད། དེ་འདྲའི་སྐབས་དེར་མཛའ་མོས་བུ་མོ་ལ་མ་རྒན་གྱིས་སྡེར་མའི་ནང་གི་ཟ་མ་སྟེར་གྱི་འདུག
ངས་དེ་མཐོང་ནས། དེ་མ་སྤྲོད། ཟ་མ་ཕར་ཞོག་ན་བཟོས་ཟིན་པ་དེ་དག་ཚ་བོ་བཟོས་དེ་སྤྲད་ན་འགྲིག་གི་འདུག་ཞེས་བཤད་དུས། མོ་རང་གིས་མ་རྒན་གྱིས་དེ་མི་སྐྱོན་གི སྡེར་མའི་ནང་གི་འབྲས་མ་གཏོགས་ཤ་སྤྲོད་ཀྱི་མི་འདུག་ཟེར་བས། དེ་འདྲ་མིན་ཚུལ། ཤ་དང་འདྲེས་པའི་ཟ་མ་ནི་མ་སྤྲད་པར་རེ་སྐུལ་ཞུས་པ་དེར་བསམ་བློ་ཞིག་བཏང་ན་རེད་ཅེས་བཤད་དུས། མ་རྒན་མས་སྐད་ཤུགས་ཆེན་པོས་ཁྱེད་རང་གིས་བུ་མོའི་འགྲམ་ནས་ངེད་གཉིས་ལ་ཁ་རྩོད་མ་བརྒྱབས་པ་ཡིན་ན་ག་འདྲ་འདུག་ཟེར་ནས་བཤད་དུས་སུ། ངའི་སྙིང་ལ་ན་ཟུག་ཞིག་སྐྱེ་རུ་བཅུགས་སོང་། རང་གི་བུ་མོའི་རྒྱབ་དུ་བླངས་ནས་སྐད་ཆ་བཤད་པ་ལས། ང་རང་གི་བསམ་ཚུལ་དེར་དྭང་ལེན་ཙམ་ཡང་མི་བྱེད་པ་མ་ཟད། ང་རང་གིས་སྟེང་དུ་གཉིས་ཀ་ཤོར་སོང་། དེ་དུས་ངས་མ་རྒན་མ་ལ་ཁྱེད་རང་གིས་རང་གི་རྒན་པོ་ལ་རང་གིས་སྡེར་མའི་ནང་གི་ཤ་དང་ལྷན་དུ་འདྲིས་པའི་ཟ་མ་སྤྲོད་ཀྱི་ཡོད་དམ་ཞེས་བཤད།
མོ་རང་ཁྲོ་བཞིན་དུ་ང་རང་ཁྱེད་གཉིས་བར་གྱི་སྐད་ཆ་མི་དགོས། ང་རང་ཁ་རོག་གེར་འཇོག་རོགས་ཟེར་ནས་རྣམ་འགྱུར་ཆེས་སྡུག་པ་ཞིག་སྟོན་ཞོར་དུ། སྡེར་མ་འཁུར་ནས་ཁྱམས་རར་བུད་ཐལ། ང་རང་གིས་དེ་ནས་ཟ་མ་ཞིག་ཚ་བོ་བཟོས་དེ་མཛའ་མོ་ལ་སྤྲོད་ཞོར་དུ། དེ་རིང་ག་རེ་རེད། ཁྱེད་དང་མ་རྒན་གཉིས་ཀྱིས་ང་རང་ལ་རྣམ་འགྱུར་མི་ལེགས་པ་དང་སྐད་ཆ་རྩུབ་པོ་རྐྱང་བཤད་དོན་གང་རེད་དམ་ཞེས་བཤད་ནས་ང་རང་ཕྱི་ལ་འགྲོ་རྩིས་བྱས་དུས་སུ། མོ་རང་གིས་ངེད་གཉིས་ཀྱིས་ཁྱེད་རང་ལ་ཁ་རྩོད་བརྒྱབས་མེད། དེ་ནི་ཁྱེད་རང་གི་རྣམ་དོག་རེད་ཟེར་ནས་རྣམ་འགྱུར་ཅུང་འཇམ་དུ་ཕྱིན་སོང་།
ང་རང་ནི་གཞན་ཁྱིམ་དུ་ཡོད་པ་མ་ཟད། གཞན་ངོ་འཚོ་བའི་སྐབས་འདི་འདྲ་ཞིག་ལ། བདེན་པའི་སྐད་ཆ་ཙམ་ཡང་གཞན་དབང་མེད་པའི་གཞན་སྐད་ཀྱི་བརྡ་སྤྲོད་འདིས་ང་རང་ལ་སེམས་པ་ཅུང་སྐྱོ་རུ་བཅུགས་སོང་། དེ་ནས་ང་རང་གིས་སྐར་མ་ཁ་ཤས་རིང་དེར་སྒོ་ཕྱི་ལ་ཐོན་ནས་སྒོ་འགྲམ་གྱི་ནགས་ཚལ་དེ་ནས་ཐ་མག་རྐང་གཅིག་འཐེན་ཞོར་དུ། དངོས་ནས་ང་རང་གིས་འདི་ནས་འདི་ལྟར་བུ་མོ་དང་སྐྱེ་ལ་རན་པའི་བུ་དེ་གཉིས་ཀྱི་གདོང་ལ་བལྟས་དེ་གཞན་གྱི་གོམ་གཤིས་སྐྱུར་མོའི་འདིའི་འོག་ནས་མི་ཚེ་སྡུག་བསྒོམ་བྱེད་དགོས་པ་ཡིན་ནམ། དེ་ལྟར་བྱས་པ་དེ་ཡིས་མ་འོངས་པའི་མི་ཚེ་ནང་དུ་ང་རང་གི་རིགས་རྒྱུད་བུ་དང་བུ་མོ་འདི་གཉིས་ཀྱི་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་འདྲ་བྱེད་པར་ཕན་ཐོག་སྲིད་དམ་སྙམ་ཞོར། ཕྱིར་མཛའ་མོའི་མ་རྒན་གྱི་ཁང་བའི་ནང་དུ་འཛུལ་བ་ཡིན།
སེམས་ལྷོད་དུ་བཞག་ནས་ཕྱིར་ནང་དུ་འཛུལ་དུས་སུ། མོ་དང་བུ་མོ། མོ་རང་གི་མ་རྒན་གསུམ་གྱིས་ཁྱམས་ར་ན་ཟ་མ་ཟ་བཞིན་ཡོད་ཀྱང་། ང་རང་ལ་སུ་གང་གིས་ཟ་མ་ཟ་དགོས་སམ་ཟེར་ནས་སྐད་ཆ་ཙམ་ཡང་དྲིས་མ་སོང་ལ། བཟང་ངན་ཡག་སྡུག་གི་སྐད་ཆ་ཚིག་གཅིག་ཀྱང་བཤད་མཁན་བྱུང་མ་སོང་། དེ་ནས་ང་རང་ལ་ཟ་མ་ཟ་དགོས་སམ་ཞེས་དྲིས་པ་ཡིན་ན། ང་རང་གིས་ནང་མི་ཞིག་གི་ཚད་དུ་བཟུང་ནས་སེམས་པ་ཅུང་དགའ་ངེས་ཡིན་མོད། དེ་འདྲའི་སྐད་ཆ་གང་ཡང་མེད་དུས། ལྷག་དུ་ཁ་ལག་ཟ་འདོད་མེད་པའི་ཚོར་བ་ཞིག་ཡོད་ཀྱང་། རང་ཉིད་ཀྱི་གཟུགས་པོའི་གནས་སྟངས། འཚོ་གནས་ཀྱི་ཕྱོགས་སུ་བསམ་བློ་ཞིག་བཏང་དུས། རྒྱང་རིང་གི་དྲིན་ཆེན་མ་ལོས་ཀྱང་གཞན་ཁྱིམ་ནས་སྡིག་པོ་གཏོང་གི་མེད་ལ། དེ་འདྲ་བྱུང་ན། དངོས་ནས་ཁག་གི་རེད་ལ། ཁྱེད་རང་གིས་བཤད་ཚུལ་ལ་བལྟས་ན་ནང་མི་དེ་དག་ཁྱེད་རང་ལ་བཟང་རབས་རྒྱན་རབས་འདུག་པ་དེ་ཡིས་སེམས་བདེ་ནས་ཡོད། ཁ་ལག་ཡག་པོ་ཟ་དགོས་པ་རེད། ཁྱེད་རང་ནི་ཤ་མ་ཟས་པར་རྒྱུན་རིང་སོང་བའི་མི་ཞིག་ཡིན་དུས་ཟ་མ་ཡག་པོ་མ་ཟས་ན་གཟུགས་པོའི་འཁྱོག་གི་མ་རེད་ཟེར་བ་དེ་དྲན་ཞོར་དུ་ཐབ་ཚང་གི་ཕྱོགས་སུ་གོམ་པ་སྤོ་བར་བརྩམས་པ་ཡིན།
འདི་ནས་བཟུང་རང་གིས་གང་ཐུབ་ཅི་ཐུབ་ཀྱི་ཁ་མི་གྲགས་པའི་རང་ལུགས་དང་། རང་གི་འདོད་ཕྱོགས་ལ་བརྩོན་པའི་སྙིང་སྟོབས་ཤིག་ཀྱང་སླེབས་སོང་། ད་ལྟའི་བར་དུ་ཚུར་ལ་བཟང་བའི་སྐོར་ལ་བསམ་བློ་བཏང་ནས། ཐ་ན་རང་གིས་གང་འདོད་པ་དེ་ཡི་སྐོར་ནས་ཉིན་གཅིག་ལ་རང་གི་འདོད་པ་ལྟར་ཕྱི་ལ་ཐོན་པ་ནི་དངོས་ནས་མེད་པ་ནས་ཡོད་པ་ཙམ་ཡིན། ད་ནས་བཟུང་། རང་གིས་འདོད་ཕྱོགས་ཀྱི་དབང་ཚད་སྐོར་ལ་ཤུགས་ཆེན་པོ་བྱེད་རྒྱུར་སེམས་ཐག་ཞིག་གཅོད་ཞོར་དུ་ཟ་མ་ཚ་བོ་བཟོས་པ་དེ་དག་ལག་དུ་བཟུང་ནས་ཅོག་རྩེ་སྒང་དུ་བཞག་ནས། མགོ་སྒུར་ནས་རང་ཉིད་གཅིག་བུའི་ཟ་ཁུལ་བྱས་པ་ཡིན།
བཅུ་གཅིག
ཕྱི་རྒྱལ་བས་འགྲོ་སྲོལ་ཡིན་ན། ཉལ་ཁར་ཚང་མ་ལ་གཟིམ་ཞག་གནོང་ཞེས་སྨོན་སྐུལ་བྱེད་སྲོལ་ཡོད་ན་ཡང་། དོ་ནུབ་ང་ཚོར་ཉལ་ཁར་སྐད་ཆ་དེ་ནི་མེད་པར་གྱུར་ཡོད། སྤྱིར་བཏང་གིས་ང་རང་གིས་བུ་མོ་ཉལ་སའི་ནང་དུ་འཇོག་གི་ཡོད་ཀྱང་། དོ་ནུབ་ཁོང་ཁྲོ་དེ་ཡིས་དབང་གིས་མཛའ་མོས་བུ་མོ་པང་དུ་བླངས་དེ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར། ཐོག་ཁར་ཉལ་དུ་བུད་སོང་བའི་ཤུལ་དུ། འོག་ཤོད་དུ་ང་རང་གློག་ཀླད་སྟེང་དུ་གསར་འགྱུར་དང་ཟིན་བྲིས་དག་ཀློག་ནས་བསྡད་ཡོད་ལ། མོ་རང་གི་མ་རྒན་གྱིས་བརྙན་འཕྲིན་གསར་འགྱུར་དང་ཆ་འཕྲིན་སྐོར། དངོས་བྱུང་གཏམ་རྒྱུད་ཐུང་ཐུང་དག་ལ་བལྟ་བཞིན་ཡོད།
ཆུ་ཚོད་བཅུ་བ་ནི་མོ་རང་ཉལ་དུ་འགྲོ་བའི་དུས་ཡིན། མ་རྒན་མ་ཁ་རོག་གེར་ཉལ་དུ་བུད་ཐལ། ནམ་རྒྱུན་གྱི་གཟིམ་ཞག་གནོངས་རོགས་ཤེས་པའི་སྐད་ཆ་དེ་མེད་པར་བུད་ཐལ། ད་གཟོད་ང་ཡིས་གཞན་ཁྱིམ་གྱི་བྲོ་བ་དེ་མྱོང་འགོ་བཙུགས་པ་ཡིན་པ་ཤེས་ཀྱི་འདུག ངས་དགོང་ཟས་ཟས་ཤུལ་གྱི་སྣོད་ཆས་རིགས། དཀྲུས་གཤོང་ནང་གི་དེ་དག་ཡོངས་རྫོགས་གཙང་མ་བཟོས་རྗེས། གཞི་ནས་ཉལ་དུ་སོང་བ་ཡིན། སང་ཉིན་གང་འདྲ་ཡོད་དམ་སྙམ་ཞོར་ཉལ་དུ་སོང་།
དུས་ཚོད་ལྟར། ང་རང་ལས་ཀ་འགྲོ་བའི་དུས་ཚོད་ལ་འགྱུར་བ་མེད། སྔར་བཞིན་ཡིན། མཛའ་མོས་ང་རང་ལ་དེ་རིང་ང་ཁྱེད་རང་གི་འགྲམ་དེར་ལས་ཀ་འགྲོ་བཞིན་ཡོད། ཅུང་ཙམ་སྒུག་ནས་ང་རང་གི་རླངས་འཁོར་དུ་སོང་ན་ཞེས་པའི་སྐད་ཆ་དེ་བཤད་སོང་། ངས་མིན། ཁྱེད་རང་གིས་ངལ་ཅུང་ཙམ་གསོས་ཤིག བུ་མོ་ཡང་གཉིད་འདུག་ཞེས་བཤད་པ་ཡིན་ལ། མོ་རང་དང་མཉམ་དུ་མཚམས་རེར་འགྲོ་ཡི་ཡོད་ན་ཡང་། མོ་དང་མཉམ་དུ་སོང་དུས། ང་རང་ལས་ཀར་རྗེས་ལུས་ཐེབས་ཀྱི་ཡོད།
ཕྱི་དྲོ་ང་རང་ལ་ལས་ཀ་ཡོད་དུས་ཁ་པར་སླེབས་བྱུང་། དེ་ནི་གྲོགས་པོ་བློ་བཟང་རེད། ཁོས་ང་རང་ལ་ཁྱེད་རང་ལ་གུར་ཞིག་ཡོད་པ་དེ་གཡར་ན་འགྲིག་གི་རེད་དམ་ཟེར། ངས་དེ་འགྲིག་གི་རེད། ངེད་གཉིས་ཀྱིས་དེ་ནི་མི་གཉིས་ནང་དུ་གཤོང་བ་དེ་ཡིན་ཞེས་བཤད་དུས། ཁོས་ཁྱེད་རང་ལ་སྔོན་ཆད་ཆེན་པོ་ཞིག་ཡོད་པ་དེ་ག་རེ་རེད་ཅེས་དྲིས་པ་དེར། ངས་དེ་ནི་ངེད་གཉིས་ཀྱི་མིན་པ་དང་། མོ་རང་གི་ཨ་ཅེ་ཡི་ཡིན་པ་བཤད་པ་ཡིན། དེ་དུས་ཁོ་རང་གིས་ང་རང་ཡང་ཁོང་ཚོ་དང་མཉམ་དུ་ཨེས་ལ་ཀྲི་ལ་འགྲོ་ཐུབ་མིན་སྐོར་དྲིས་སོང་།
ངས་ང་རང་འགྲོ་ཐུབ་མིན་སྐོར་ལ་སང་ཉིན་ནངས་ཉིན་ཁ་པར་གཏོང་ཆོག་ཞེས་ཁ་པར་གྱི་ཁ་བརྒྱབས་པ་ཡིན། ཅུང་མ་འགོར་བར་མཛའ་མོས་ཁ་པར་སླེབས་སོང་། མཛའ་མོས་ཁྱེད་རང་གི་ལས་ཀ་གྲོལ་ན། དངུལ་ཁང་འགྲམ་གྱི་སྡེབ་ཚོང་ཁྲོམ་རྭ་དེར་ཤོག་དང་། བུ་མོ་ངེད་གཉིས་ཀྱིས་དེ་ནས་སྒུག་འདུག་ཟེར། ངས་འགྲིག་གི་རེད། ང་རང་ལས་ཀ་གྲོལ་མ་ཐག དེ་རུ་ཡོང་ངེས་ཡིན་ཞེས་བཤད་པ་ཡིན། ང་རང་དུས་ཚོད་དེ་རུ་སླེབས་ཐུབ་མིན་གྱི་སེམས་འཚབ་བྱེད་ཀྱིན། ཐབ་ཚང་ནང་གང་མགྱོགས་ཅི་མགྱོགས་ཀྱིས་དཀྲུས་ན་ཡང་། རོགས་པ་ཁ་ཆེ་དེ་གཉིས་ཀྱིས་གཙང་མ་ཐེངས་གསུམ་པ་དེ་བཟོ་རྩིས་བྱས་སོང་། ད་གཟོད་ང་རང་དུས་ཚོད་ཀྱི་རྗེས་སུ་མི་ཟིན་པ་ཤེས་ནས་དགོངས་པ་ཞུས་དེ་སྔོན་དུ་སྒོ་ལ་བུད་པ་ཡིན།
བུ་མོ་དང་ངེད་གསུམ་ནང་དུ་འབྱོར་དུས། བུ་མོ་ལམ་བར་དུ་རླངས་འཁོར་ནས་གཉིད་སོང་སྟབས། མཛའ་མོས་ཐོག་ཁང་དུ་འཁུར་ནས་བུད་སོང་། ང་རང་གཟུགས་པོ་ཞིག་དཀྲུ་རུ་སོང་ནས་ཕྱིར་སླེབས་དུས། མོ་རང་གི་མ་རྒན་མ་སླེབས་འདུག་ལ། མོ་རང་གི་ཉལ་ཁང་ནང་དུ་འཛུལ་ནས་སྒོ་ཕྱི་ལ་ཐོན་གྱི་མི་འདུག མཛའ་མོ་མོ་རང་ནི་མཚམས་རེར་སེམས་ཁམས་རིག་པ་ཞིག་གི་སར་སློབ་ཚན་ཉན་དུ་འགྲོ་ཡི་ཡོད་པ་ཡིན། མོ་རང་དེ་རིང་དེར་འགྲོ་ངེས་ཡིན་ཞེས་དུས་ཚོད་ལྔ་བ་མ་ཟིན་ཙམ་ནས་ཕྱིན་སོང་། སྤྱིར་ཡིན་ན་དུས་ཚོད་དྲུག་དང་ཕྱེད་ནས་བརྒྱད་པ་བར་དུ་ཡིན་མོད། དོ་ནུབ་དེ་འདྲའི་སྔ་བོ་འགྲོ་དོན་ང་ལ་བཤད་མ་སོང་ལ། ངས་ཀྱང་དྲིས་མེད།
བུ་མོ་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྒང་ནས་གཉིད་ལས་སད་པ་དང་། ང་རང་གིས་ཐེངས་ཁ་ཤས་ལ་ལག་པར་ལེན་རྩིས་བྱོས་ཀྱང་། ཨ་མ་ཟེར་ནས་འབོད་པ་ལས། ང་རང་མི་དགོས་ཞེས་མ་རྒན་གྱི་སྐད་ཀྱི་སྟེང་ནས་ལན་ཡང་ཡང་བཏབས་དུས། ངའི་སེམས་པ་ཅུང་སྐྱོ་ན་ཡང་། ཅུང་ཙམ་བཞག་རྗེས་མོ་རང་གི་འགྲམ་དུ་སོང་ནས། པ་ཁོ། མ་ངུ་། ཁ་རོག་གེར་བསྡོད། ཤོག འུ་གཉིས་འོག་ཁང་དུ་སོང་ནས། ཁྱེད་རང་ལ་ཟ་མ་ཞིག་སྟེར། ཨ་ཕའི་ཁ་ལ་་ཉོན་ཞིག་ཞེས་བཤད་དུས། མོ་རང་གིས་གང་ཞིག་གོ་བ་ལྟར། ངུ་མཚམས་བཞག་ནས་ང་རང་གི་བང་དུ་སླེབས།
ཟ་མ་ཟ་ཞོར་དུ་མོ་རང་གི་རེ་འདོད་ལྟར། བྱིས་པའི་བརྙན་འཕྲིན་ཞིག་སྟོན་བཞིན་དུས་ཚོད་བདུན་དང་ཕྱེད་ཀར་སླེབས་དུས། གཞི་ནས་མོ་རང་གིས་ཨ་མ་རྒན་མོ་ཡང་ངེད་གཉིས་ཀྱི་འགྲམ་དུ་སླེབས་སོང་། རྒྱུ་མཚན་ནི་མོ་རང་གི་གསར་འགྱུར་བལྟ་བའི་དུས་ཚོད་ལ་ཉེ་བས་ཡིན། ངས་དེ་ནས་བུ་མོའི་སོ་ཞིག་དཀྲུས། ཉལ་ལྭ་གོན་ནས་ཐོག་ཁར་ཉལ་དུ་འགྲོ་ཞེས་བཤད་དུས། མོ་རང་གིས་མ་རྒན་གྱིས་སྐད་ཀྱི་སྟེང་ནས་མི་དགོས། མི་དགོས་ཞེས་ལན་བཏབས་སོང་། གང་ལྟར། ངས་མོ་ལ་སྐད་ཆ་སྙན་མོ་ཞིག་བཤད་ཀྱིན་ཐོག་ཁང་དུ་ཁྲིད་ཐབས་སོང་།
ཐོག་ཁང་ནས་ཉལ་སའི་ནང་དུ་བཞག་ནས། ང་རང་གིས་ཁྱི་སྐད་བརྒྱབས་པ་དང་། བྱི་བའི་སྐད་བརྒྱབས། ལུག་གི་སྐད་བརྒྱབས་དེ་བུ་མོ་དགོད་དུ་བཅུགས། མོ་རང་གིས་ཀྱང་ཡང་བསྐྱར། ཡང་བསྐྱར་ཞེས་པའི་མ་རྒན་གྱི་སྐད་དེ་བཤད། ངས་ཀྱང་ཡང་དང་བསྐྱར་དུ་མོ་རང་ལྷན་དུ་རྩེས། བར་སྐབས་ཤིག་ལ་མོ་རང་ཐང་ཆད་པ་དང་། ཉལ་ཐུལ་ལག་པར་བཟུང་ནས་ཉལ་འགོ་བཙུགས། ཆུ་ཚོད་དགུ་བ་ཟིན་པར་ཉེ་བ་དང་མོ་རང་གི་ཨ་མ་ཕྱིར་འབྱོར་ནས། འོག་ཁང་དུ་མོ་རང་གི་ཨ་མ་རྒན་མོ་གཉིས་ཀྱིས་སྐད་ཤུགས་ཆེན་པོས་མོ་རང་གཉིད་ལས་དཀྲོགས་སོང་བ་བསྟུན། མོ་རང་གིས་ཨ་མ་ཞེས་སྐད་ཤུགས་ཆེན་པོས་ངུ་འབོད་བྱས། མོ་རང་གིས་ཨ་མར་ཐོག་ཁང་དུ་སླེབས་ནས། གཉིད་མིན་སྐོར་ཙམ་མི་འདྲི་བར། ང་རང་ལ་ཁྱེད་རང་གིས་ད་ལྟ་ནས་ཉལ་དུ་བཅུགས་ནས་གཉིད་ནི་མ་རེད་ཅེས་མོ་རང་གིས་ནམ་རྒྱུན་གྱི་སྐད་ཆ་ལས་བརྒལ་བའི་སྐད་ཆ་ཞིག་བཤད་ཞོར་དུ། མོ་རང་གིས་ཨ་མས་བཤད་ན་ཆུ་ཚོད་དྲུག་དང་ཕྱེད་ཀའི་རྗེས་སུ་གཉིད་ལས་སད་སོང་ཟེར། མོ་རང་ག་དུས་གཉིད་ལས་སད་པ་རེད་ཟེར།
ངས་ཁྱེད་རང་གིས་ཨ་མས་བཤད་པ་བདེན་པ་རེད། ཁྱེད་རང་གི་ཨ་མ་ཁྱེད་རང་སོང་དུས་མོ་རང་གི་ཉལ་ཁང་དུ་འཛུལ་ནས་བསྡད་ཡོད་པ་དེ་ནས་ཕྱི་རུ་ཆུ་ཚོད་བདུན་པའི་རྒྱབ་དུ་མ་གཏོགས་ཐོན་མེད་དུས། མོ་རང་གིས་བུ་མོ་གཉིད་ལས་ཆུ་ཚོད་དྲུག་དང་ཕྱེད་ཀའི་རྗེས་སུ་སད་པ་ཇི་ལྟར་ཤེས་པ་རེད། ད་འགྲིག་གི་རེད། ཁྱེད་རང་གིས་ཨ་མས་བཤད་པ་བདེན་ནི་རེད་ཅེས་ལན་བཏབས་དུས། མོ་རང་གིས་དེས་ན་ག་དུས་གཉིད་ལས་སད་པ་རེད་ཅེས་དྲིས་པ་དེར། ཁྱེད་རང་གིས་ཨ་མས་བཤད་པ་བདེན་པ་ཡིན་ནི་རེད། ད་ནི་ཁྱེད་རང་གིས་བུ་མོ་ག་དུས་ཉལ་མིན་དང་། ག་རེ་བྱེད་མིན་སོགས་ཀྱི་ཐད་དུ་རང་གིས་འདོད་པ་ལྟར་བྱོས་ཤིག་ཞེས་བཤད་ཞོར་དུ། ང་རང་ཤིང་གི་སྐེས་འཛེགས་དེ་ལས་མར་བབས་དེ་གློག་ཀླད་ཀྱི་སྟེང་དུ་བསྡད་པ་ཡིན། མོ་རང་གིས་བུ་མོ་ལག་པར་བཟུང་ནས་འོག་ཁང་དུ་སླེབས་སོང་།
མུ་འགོད།
ཨ་་་་ཨ་་་་་ཨ། ད་་ཁྱེད་ཅིག་འདག་རྒྱུ་རེད་པྭ། ཨ་ལ་རྩེད་མོ་ཡིན། ཤུགས་རྒྱོབས།བཟོད་པ་སྒོམ།
ཤུགས་བརྒྱབས་ནས་བཟོད་པ་སྒོམས་དང་། དེ་ནི་ཁྱོད་དང་ཁྱེད་ཀྱི་བོུ་གཉིས་ཀའི་མ་འོང་བའི་བདེ་སྐྱིད་ཀྱི་འཚོ་བ་མཉམ་དུ་རོལ་བར་ཕན་གི་རེད། ཁྱོད་སྡོད་སའི་ཡུལ་གྲུ་དེ་གང་ཡིན་རུང་མགོ་སེར་ཕལ་ཆེ་བ་ཞིག་ནི་གཞུང་རྒྱུ་དྲང་ཞིང་ཁ་རི་ཁ་ཐུག་དག་རེད། མཚམས་ལན་རེར་ཚིགས་པ་གཡག་ལ་ཟོས་ནས་རྟ་ལྕགས་གླང་ལ་གཞུ་སྐབས་ཀྱང་ཡོང་གི་རེད། དེ་འདྲ་བ་ནི་ག་ས་གང་ལ་ཡོད་པ་རེད། མ་གཞི་སེམས་སྟེང་ནས་ཤ་ཚ་དང་བརྩེ་སེམས་ཡོད་ན་འགྲིག་གི་རེད། དེར་བཟོད་པ་སྒོམ་མ་ཐུབ་པ་ག་རེ་ཡོད་རེད། གང་ལྟར་ཁྱོད་དེ་ཚང་གི་མག་པ་ཆགས་ཚར་རེད་མོད།
ད་སེམས་ཤུགས་མ་ཆག་གྲོགས་པོ་རང་ཡུལ་དང་གཞན་ཡུལ་ཙམ་དང་རང་སྐད་དང་གཞན་སྐད་ཙམ་ལས་རྙོག་དྲ་དེ་ཚོ་འཁོར་བའི་རང་གཅེས་རང་ཡིན་པས་རང་སེམས་ལ་མ་འཇོག་པར་སྡུག་རེས་སྒོམ་དགོས་རེད།
དེ་ལ་ཧ་སེང་དགོས་ཡོད་མ་རེད་རང་གིས་ཐོག་མའི་དམིགས་ཡུལ་བཞིན་བུ་ཕྲུག་གི་མདུན་ལམ་དང་འདས་བའི་བཟའ་ཚང་གིས་མཛའ་རྩེ་ལའང་བསམ་ནས་བཟོད་སྒོམ་དང་བསམ་ཤེས་བྱེད་དགོས་རེད།
གྲོགས་པོ་ལགས་ནམ་རྒྱུན་ཁྱོད་ཀྱིས་བུ་མོར་རང་ཚོའི་གོམས་བཤིས་དེ་ཉིད་སློབ་རྒྱུའི་གཅིག་པོར་ཐུགས་བསམ་མ་བཞེས་པར། བུ་མོར་བྱམས་སྐྱོངས་གནང་རྒྱུ་གལ་ཆེ་ཤོས་ཡིན། བུ་མོ་ཆེན་པོ་ཆགས་དུས་རང་བྱུང་གི་བསམ་པ་ཚུར་ལ་ཁུར་ངེས་ཡིན། ད་དུང་བཟོད་པ་སྒོམས་དང་བྱ་བ་མཐའ་དག་འགྲུབ་ངེས་ཡིན། ཁྱོད་ཀྱིས་རྩོམ་ཡིག་ཡུལ་སྐད་ག་གེ་མོ་ཞིག་ལ་མ་བྲིས་རོགས་གོ་བ་ལེན་རྒྱུར་དཀའ་ངལ་འདུག