བོད། ལྷ་ཀླུ་གཉན་གསུམ།
བཅོ་ལྔ།
རྒྱལ་ཁབ་འདིའི་གུང་གསེང་བྱེད་སྟངས་ནི། རྗོའུ་ཆོས་ལུགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད་པ་ཡིན་དུས། རྒྱལ་ཁབ་འདི་ཡང་ཁོང་ཚོས་རྗོ་ཤུ་རྒྱལ་ཁབ་ཡིན་པར་ངེས་འཛིན་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་རྒྱལ་དར་ཡང་ཆོས་ལུགས་ཀྱི་མཚོན་རྟགས་ཤིག་ཆགས་ཡོད་པ་ཡིན། འཛམ་གླིང་གི་ས་ཆ་མང་ཆེ་ཤོས་ཤིག་གི་གུང་གསེང་ནི། གཟའ་སྤེན་པ་ཕྱེད་དང་ཉིན་མ་གཉིས་ཡིན་ན་ཡང་། རྒྱལ་ཁབ་འདིའི་གུང་གསེང་ནི་གཟའ་པ་སངས་དང་སྤེན་པ་གཉིས་ལ་འཁེལ་གྱི་ཡོད། དེ་ནི་ཆོས་ལུགས་པ་དག་གི་ཆེད་དུ་བཟོས་པ་ཡིན་ལ། རྒྱལ་ཁབ་ཀྱིས་ཀྱང་དེ་ལ་བརྩི་བཀུར་མི་བྱེད་རང་བྱེད་ཆགས་ཀྱི་ཡོད།
གཟའ་པ་སངས་དང་སྤེན་པ་གཉིས་ལ་གུང་གསེང་ཡིན་ན་ཡང་། གལ་སྲིད་ཆོས་ལུགས་པའི་ནང་མི་ཞིག་ཡིན་ཚེ། གཟའ་པ་སངས་ཀྱི་ཕྱི་དྲོ་ས་མ་རུབ་གོང་ནས་བཟུང་། གཟའ་སྤེན་པའི་ས་རུབ་གོང་བར་དུ། གློག་གི་ཅ་དངོས་དག་གཏན་ནས་བེད་སྤྱོད་བྱེད་ཆོག་གི་མེད་པ་མ་ཟད། རླངས་འཁོར་བཏང་ནས་གང་སར་འགྲོ་ཡང་ཆོག་གི་མེད་པ་ཡིན། གལ་སྲིད། ཁྱིམ་ཚང་དེ་ནི་ཆོས་ལུགས་པའི་ཁྱིམ་ཚང་ཞིག་མིན་ཚེ། དེ་དག་བརྩི་སྲུང་བྱེད་ཀྱི་མེད་པ་ཡིན། དེ་ཡིན་དུས་གུང་གསེང་འདི་རྒྱལ་ཁབ་ཀྱི་ལས་བྱེད་ཡོངས་ཀྱི་གུང་གསེང་ཆགས་ཀྱི་ཡོད།
ང་རང་ནམ་རྒྱུན་ལྟར་གཟའ་པ་སངས་ལ་ནང་དུ་བསྡད་ཡོད་ལ། མཚམས་རེར་ནང་མི་ལྷན་འཛོམས་ཡོད་པ་ལྟར། ནང་མི་ལྷན་འཛོམས་ཀྱི་ཆེད་དུ། ང་རང་གིས་ཟ་མ་མ་འདྲ་བ་ཁ་ཤས་ཤིག་བཟོས་པ་ཡིན། མཛའ་མོས་མོ་རང་གི་ཚོད་ཀྱི་སྒོང་སྤོར་ཞིག་བཟོས་སོང་། མོ་རང་གི་ཨ་ཅེ་ཡིས་སྒོང་སྤོར་ཞིག་བཟོས་ནས་འཁུར་ཡོང་འདུག དེ་ཡི་རྗེས་སུ་མོ་རང་གི་ཨ་མ་རྒན་མོ་དང་ཨ་མ་རྒན་མོ་གཉོར་སྐྱོང་བྱེད་མཁན་གྱི་ཧྲེས་ལེས་པེན་བུད་མེད་དེ་གཉིས་འབྱོར། དེ་ཡི་སྔོན་ཙམ་དེར་མོ་རང་གི་ཕ་རྒན་གྱིས་ནམ་རྒྱུན་ལྟར་མོ་རང་གི་ཨ་མ་ལ་མེ་ཏོག་ཞིག་དང་ང་ཚོ་ལ་ལག་སྐྱེས་རེ་ཉོས་ནས་སླེབས་སོང་།
ཚང་མ་ཅོག་རྩེ་ཡི་མཐའ་རུ་འཛོམས་ནས་ང་རང་གི་བཟོས་པའི་ཟ་མ་དེ་དག་ལ་རོལ་བཞིན། ཚང་མས་ང་ལ་བསྟོད་བསྔགས་གནངས། ཉི་ཧོང་གི་ཟ་མ། ཐེ་ལན་ཀྲའི་ཟ་མ། ད་དུང་། ཁོང་ཚོའི་རྒྱལ་ཁབ་ཀྱི་དགའ་ཤོས་བྱེད་པའི་ཕྱུར་ཐིགས་དང་ཤ་མོག་བསྲེས་མ་ཞིག དེ་དང་ལྷན་དུ་ཅོག་རྩེ་ཡི་སྒང་དུ་འཐུང་ཆུ་མངར་མོའི་རིགས་ཀྱི་བཀང་ནས་ཡོད་ལ། ཚང་མ་རང་རང་གི་ས་ནས་གང་ལ་དགའ་བ་དེར་མོས་པ་བྱེད་ཀྱིན་ཟས་ལ་རོལ་གྱི་ཡོད། མཛའ་མོའི་ཨ་མ་རྒན་མོ་ནི། དུས་རྒྱུན་དུ་ང་རང་གིས་བཟོས་པའི་བོད་ཟས་རིགས་ལ་དངོས་ནས་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། དེ་རིང་ངས་བོད་ཟས་གང་ཡང་བཟོས་མེད་དུས། མོ་རང་གི་སེམས་པ་ཅུང་ཕམ་འདུག་ལ། ཡང་དང་བསྐྱར་དུ་མོ་རང་ནི་ཟ་མ་གསར་བའི་རིགས་ལ་གོམ་འདྲིས་མེད་རབས་བཤད། མོ་ནི་ད་ལོ་དགུང་ལོ་གྱ་བཅུ་གྱ་བརྒྱད་རེད། མོ་རང་གི་མི་ཚེ་ནང་དུ་སྐད་ཡིག་བཞི་ལ་ཐོག་པ་མེད་ལ། སྐད་ཡིག་གཉིས་ཀྱི་སྒང་ནས་དེབ་ཀྱང་མང་བོ་བྲིས་ཡོད།
ཚང་མས་ཟ་མ་ཟོས་ཚར་བ་མ་ཟད། རང་རང་གི་ས་ནས་ལྷོད་ལྷོད་དུ་བསྡད་ཡོད། མཛའ་མོས་སྡེར་མ་དང་ཤེལ་ཕོར་སྟོང་བ། ལྕགས་ཚེབ་དང་ལྕགས་ཐུར་སོགས་བསྡུ་གསོག་བརྒྱབས། ངས་མོ་རང་ལ་རོགས་པ་བྱེད་ཅེས་བཤད་ཀྱང་། མོ་རང་གིས་ཁྱེད་རང་སོང་ནས་གད་སྙིགས་གཡུགས་དེ་འོང་ན་འགྲིག་ཟེར། ཧྲེས་ལེས་པེན་གྱི་བུད་མེད་དེ་ཡིས་སྡེར་མ་དང་ཤེལ་ཕོར་སྟོང་བ་དག་ཐབ་ཚང་དུ་འཁུར་བཞིན་འདུག ང་རང་གད་སྙིགས་འཕྱོ་རུ་སོང་ནས་ཕྱིར་སླེབས་དུས། མོ་རང་ད་དུང་ཐབ་ཚང་དུ་སྡེར་མ་སོགས་དཀྲུ་བཞིན་འདུག མང་ཤོས་ཤིག་གཙང་དཀྲུ་སྒམ་ནང་དུ་བཞག་ཚར་འདུག མོ་རང་གི་ཨ་ཅེ་ཡིས་ཕྱི་རུ་མོ་རང་གི་ཨ་མ་རྒན་མོར་ཁ་བརྡ་བྱེད་ཀྱི་འདུག་ལ། གཞན་དག་གིས་རང་རང་གི་ས་ན་ཁ་པར་དང་གློག་ཀླད་གསར་བའི་རིགས་ལ་མ་ཁོམ་པར་བསྡད་འདུག
ངས་མོ་རང་ལ་དཀྲུ་རོགས་བྱས་ནས་ཚར་དུ་བཅུགས་པ་དང་། ཤིང་ཏོག་རིགས་གཏུབ་ནས་ཅོག་རྩེ་སྒང་དུ་བཞག དེ་དང་འབྲེལ་མོ་རང་གི་ཨ་ཅེ་ཡིས་མོ་རང་གི་འཁུར་ནས་འོང་བའི་སྒོང་སྤོར་འཁུར་ནས་སླེབས། ཞོར་དུ་ཇ་དང་འཚིག་ཇ། ཚ་བོའི་རིགས་འཐུང་རྒྱུ་འཁུར་འདུག ང་ཚོ་སླར་ཡང་ཅོག་རྩེ་མཐའ་རུ་འཛོམས་ཀྱང་། ཟ་མ་ཟ་དུས་བཞིན་ཚང་མ་འཛོམས་མེད། རང་རང་གི་འདོད་པ་ལྟར། ཁ་ཤས་ཤིག་ཕྱི་ན་བསྡད་ཡོད། མཛའ་མོའི་མ་རྒན་གྱིས་བུ་མོ་ཐར་མ་མཚོ་དང་ལྷན་དུ་ཁྱམས་རྭ་རུ་ཡོད་ལ། དེ་ཡི་འགྲམ་དུ་མོ་རང་གི་ཕ་རྒན་ཡང་ཡོད།
ད་ནི་ཅུང་ལྷོད་ལྷོད་ཆགས་འདུག་པའི་ང་རང་གིས་སྒོང་སྤོར་ཟ་ཞོར་དུ་གློག་ཀླད་ཀྱི་ཁ་ཕྱེ་ནས་དྲ་རྒྱུའི་འཇིག་རྟེན་ལ་ཉུལ་ཞོར་དུ། གཟའ་པ་སངས་ཀྱི་ཀུན་གླེང་ལེའུ་ཚན་ལ་ཉན་པ་ཡིན། ཆུ་ཚོད་གཅིག་མ་འགྲོ་ཙམ་སོང་རྗེས་སུ་བུ་མོ་ཉལ་རན་འདུག་པའི་ང་རང་གིས་ཉན་མཚམས་བཞག་ནས་བུ་མོ་ཉལ་སའི་ནང་དུ་འཇོག་པར་སོང་། བུ་མོ་དངོས་ནས་ཐང་ཆད་ཡོད་པ་འདྲ། སྐར་མ་བཅོ་ལྔ་ཙམ་གྱི་རྗེས་སུ་གཉིད་དུ་གཡུར་སོང་། ང་རང་ག་ལེར་སྐེས་འཛེགས་རྒྱུད་དེ་འོག་ཤོད་དུ་ཡོང་ཞོར། དེ་རིང་རྒྱ་གར་དུ་ཡོད་པའི་ཕ་མ་གཉིས་དང་ནུ་མོ་ལྷ་མོ་སྐྱིད་ལ་ཁ་པར་བརྒྱབས་པའི་སྐོར་ལ་བསམ་བློ་ཞིག་བཏང་།
ངས་མཛའ་མོ་ལ་རང་གི་ཕ་མ་གཉིས་དང་ནུ་མོ་ལ་ཁ་པར་ཁྲོད་དུ་ཁ་བརྡ་གང་བྱས་པ་དང་། གཟའ་ཉི་མའི་ཉིན། ནུ་མོ་ལ་སྒོར་མོ་ཁ་ཤས་ཤིག་སྐུར་དགོས་ཀྱི་ཡོད། མོ་རང་གི་དབྱར་ཁའི་གུང་གསེང་དུ་སླེབས་འདུག་པ་དང་། དབྱར་ལྷམ་ཞིག་དང་དབྱར་ལྭ་སྲབ་སྲབ་ཁ་ཤས་ཤིག་དགོས་ཀྱི་ཡོད་ཟེར་ནས་བཤད་ཀྱི་འདུག་ཞེས་མོ་རང་ལ་བཤད་དུས། མོ་རང་གིས་ཀྱང་འགྲིག་གི་རེད་དང་མ་རེད་ཅེས་ལན་མེད་ན་ཡང་། རྣམ་འགྱུར་ངན་པ་གང་ཡང་བསྟན་མ་སོང་།
མུ་འགོད།
བཅུ་དྲུག
གཟའ་སྤེན་པའི་ཉིན་འདི་ལ་ངེད་གཉིས་མོ་རང་གི་གྲོགས་མོ་དང་། ང་རང་གི་གྲོགས་པོ་རྡོར་རྒྱལ་གྱི་བུ་མོའི་ལོ་གསུམ་ལོན་པའི་སྐྱེས་སྐར་ལ་འགྲོ་བར་ཁ་སང་ནས་བཤད་ཡོད་ལ། ང་རང་ཡང་ཆུ་ཚོད་བརྒྱད་དང་ཕྱེད་ཀ་བར་དུ་ལྷོད་ལྷོད་ཅིག་ཉལ་ཐུབ་ངེས་བསམ་ནས་ཉལ་ཡོད་ན་ཡང་། ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ཞིག་ལ་ང་རང་གི་གཉིད་མ་སད་ཀྱི་བར་དེར། མཛའ་མོ་ངུ་བཞིན་པའི་སྐད་ཅིག་ཐོས་སོང་། དེ་ནས་ང་རང་གིས་མགོ་བོ་ཡར་བཀྱགས་ནས་བལྟས་དུས། མོ་རང་གིས་བུ་མོ་ཐར་མ་མཚོ་མཆན་ཞབས་དུ་འཛིན་བཞིན། མིག་ཆུ་ཁྲོམ་ཁྲོམ་བཞུར་ཞོར་དུ་ང་རང་གི་ཉལ་སའི་འགྲམ་དུ་སླེབས་འདུག
ངས་མོ་རང་ལ་ག་རེ་བྱུང་སོང་། ག་རེ་བྱུང་སོང་ཞེས་དྲིས་དུས། མོ་རང་གིས་ཁྱེད་རང་ཡར་ལ་ལོངས་དང་། བུ་མོ་ལ་བལྟ་རོགས། ང་རང་དཀྲུས་ཁང་དུ་སོང་ནས་དཀྲུས་ཤིག་བརྒྱབས། དེ་ནས་ང་ཚོ་འགྲོ སྐད་ཆ་ཚང་མ་ལམ་བར་དུ་བཤད་ཆོག་ཟེར། ངས་གང་བྱུང་འདི་བྱུང་མ་ཤེས་ཀྱང་། ཚོད་དཔག་ཞིག་བྱེད་ཐུབ་པ་དེ་ནི་ཉིན་འགའི་སྔོན་དུ་ང་ཚོའི་བར་དུ་བྱུང་བའི་གནས་ཚུལ་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཤེས་སོང་། གང་ལྟར། ངས་སྒྲ་སྙན་ཆུང་ཆུང་དེ་བླངས་ནས། བུ་མོ་ཉལ་སའི་ནང་དུ་བཞག་ནས། ངས་བུ་མོའི་ཉལ་སའི་འགྲམ་དུ་བརྡུང་ལེན་ཞིག་བྱེད་ཁུལ་བྱས། དེ་དུས་བུ་མོས་ཀྱང་དགའ་བོ་ཡོད་པའི་ངང་ནས་ཡང་བསྐྱར་ཞེས་མོ་རང་གི་ཨ་མའི་སྐད་ཀྱི་སྟེང་ནས་བཤད།
མཛའ་མོས་དཀྲུས་བརྒྱབས་ཚར་ནས་སླེབས་ན་ཡང་། ད་དུང་། མིག་མཐར་མཆི་མ་ཡང་ཡང་འཁོར་གྱིན་འདུག དེ་ནས་ང་རང་གིས་མཛའ་མོས་གོན་པ་བརྗེ་བོ་བརྒྱབས་ཚར་རེག་བར་དུ་སྒུག ང་རང་གིས་དབྱར་ལྭ་སྟབས་བདེ་ཞིག་གོན་ཞིང་། རང་གི་རྒྱབ་ཁུགས་ཕྲག་པར་འཁུར། བུ་མོ་ཐར་མ་མཚོ་ལག་པར་བཟུང་ནས་འོག་ཤོད་དུ་ཡོང་དུས། མོ་རང་གི་ཨ་ཅེ་ཡི་གཟའ་མི་དག་འདང་ནུབ་མོ་རང་གི་ཨ་མ་ཡི་ནང་དུ་བསྡད་པ་ཡིན་དུས། རྐུབ་སྟེགས་སྙི་མོ་རིང་བོ་དེ་ཡི་སྟེང་ན། མོ་རང་གི་ཨ་ཅེ་དང་ཨ་མ་ཚ་མོ། དེ་ཡི་ཟུར་དུ་ཨ་ཅེ་ཡི་ཁྱོ་ག་བཅས་འདུག མཛའ་མོས་དེ་དག་གི་ཕྱོགས་སུ་ཡང་མི་བལྟ་བར་སྒོ་རུ་འབུད་རྩིས་བྱས་སོང་།
སྐབས་དེ་དུས་ནི་ང་རང་གིས་གང་ཞིག་བྱུང་བ་དེ་དག་ནི་ཁོང་ཚོའི་བར་དུ་བྱུང་བ་ཞིག་ཡིན་པ་ཤེས་ན་ཡང་། ངས་ཀྱང་ཁོང་ཚོ་ལ་ཁ་གྲགས་པར་སྒོ་རུ་འབུད་ན་མི་འགྲིག་པ་ང་རང་གིས་ལོས་ཤེས། ངས་ཚང་མ་ལ་ཞོགས་པ་བདེ་ལེགས་ཞུས་པ་དང་། བདེ་མོ་བཞག་ནས་མོ་རང་གི་རྗེས་སུ་སྒོ་ཕྱི་ལ་འགྲོ་རྩིས་བྱས་དུས། ཨ་ཅེ་ཡིས་ཁྱོ་གའི་ང་རང་ལ་ཁྱེད་རང་གིས་སྒྲ་སྙན་བརྡུང་བ་ཡིན་ནམ་ཟེར། ངས་བརྡུང་ཁུལ་ཞིག་བྱས་ཡིན། བུ་མོའི་ཆེད་དུ་ཞེས་བཤད་དུས། ཁོ་རང་གིས་སྙན་མོ་འདུག ཁྱེད་རང་གིས་ང་ཚོ་ཡོད་སར་བརྡུང་ན་མ་ཆོག་པ་རེད་དམ་ཟེར་ནས་དགོང་ལ་འཛུམ་གྱིས་བཀང་། ང་རང་གིས་འཁེང་ཆུང་གི་ངང་ཚུལ་དང་བཅས་རང་ཉིད་ཀྱི་ཡག་པོ་ཞིག་བརྡུང་མི་ཤེས་པའི་སྐོར་གྱི་ལན་གསལ་བོ་ཞིག་སྤྲད་རྗེས་སྒོ་ཕྱི་ལ་ཐོན། མཛའ་མོ་ནི་རླངས་འཁོར་གྱི་འགྲམ་དུ་སླེབས་འདུག ངས་བུ་མོ་ཐར་མ་མཚོ་རླངས་འཁོར་ནང་དུ་བཞག་ནས་ནང་དུ་འབུད་རྩིས་བྱས་དུས། མོ་རང་གིས་ངེད་གསུམ་གཅིག་བྱས་ན་སྐྱེ་སྐར་གྱི་རྗེས་སུ་མཚོ་འགྲམ་དུ་འགྲོ་ན་ཐང་། དེ་ཡིན་དུས་ཆུ་རྐྱལ་གོན་པའི་རིགས་ཁྱེད་རང་དང་བུ་མོ་ལ་དགོས་པ་དག་ངས་འཁུར་ཡོད། རེད་དེ། ང་རང་གི་གོན་པ་བརྗེད་འདུག ཁྱེད་རང་སོང་ནས་དེ་འཁུར་ཡོང་རོགས་ཞུ་ཟེར།
ང་རང་བསྐྱར་དུ་སྒོ་ནང་དུ་འཛུལ་ནས་ཚང་མའི་ཕྱོགས་སུ་སྟབས་མི་བདེ་བའི་ཚོར་བ་ཞིག་དང་བཅས་བལྟ་ཞོར་དུ། ཀུ་རེ་དང་བཅས་ནང་དུ་ཡོང་ནས་མོ་རང་གི་ཆུ་རྐྱལ་གོན་པ་འཁུར་ནས་རླངས་འཁོར་འགྲམ་དུ་འབྱོར་དུས། མོ་རང་གིས་དགོངས་དག ད་དུང་ཁྱེད་རང་ཕྱིར་ནང་དུ་མ་སོང་ན་འགྲིག་གི་མི་འདུག བུ་མོ་དང་ང་ཚོའི་གཟུགས་པོའི་སྟེང་ལ་ཉི་འགོག་ཞུགས་སྣུམ་དགོས་ཀྱི་འདུག་ཟེར། ང་རང་ཕྱིར་ཚོར་བ་སྟབས་མི་བདེ་བ་ཞིག་འཁུར་ནས་ནང་དུ་འཛུལ་དུས་སུ། ང་སླར་ཡང་ཐོན་ཡོད་ཅེས་བཤད་དུས། ཁོང་ཚོ་ཚང་མས་ངའི་ཕྱོགས་སུ་བལྟས།
མོ་རང་གིས་ཨ་མས་ཁྱེད་རང་གི་ག་རེ་ལུས་འདུག་ཟེར། ངས་ཉི་འགོག་ཞུགས་སྣུམ་དགོས་ཀྱི་འདུག གཅིག་བྱས་ན་ང་ཚོ་སྐྱེ་སྐར་གྱི་རྗེས་སུ་མཚོ་འགྲམ་དུ་འགྲོ་ན་ཐང་ཞེས་བཤད་དུས། མོ་རང་ཡར་བླངས་དེ་ཡོང་ནས་ང་རང་ལ་བལྟ་རོགས་བྱས་ན་ཡང་། ང་རང་གིས་མཛའ་མོས་གང་དུ་ཡོད་པ་བཤད་ཡོད་པ་ཡིན་དུས། ང་རང་གིས་རྙེད་སོང་། ང་རང་ཕྱི་ལ་ཐོན་དུས་མོ་རང་རླངས་འཁོར་ནང་དུ་མིག་ཆུ་ཁྲོམ་ཁྲོམ་བཞུར་གྱིན་འདུག་ལ། མོ་རང་གི་མ་རྒན་གྱིས་རླངས་འཁོར་གྱི་སྒེའུ་ཁུངས་འགྲམ་དུ། རང་གི་བུ་མོ་ལ་དགོངས་དག་ཞུ་བཞིན་འདུག
ང་རང་རླངས་འཁོར་དུ་འཛུལ་ཞོར། མོ་རང་གི་ཨ་མ་ལ་བདེ་མོ་བཞག ང་ཚོ་ནི་སྐྱེ་སྐར་དུ་འགྲོ་བའི་ས་ཆ་ནི། ཀྲེ་ལེ་བེས་ཞེས་པའི་དེང་དུས་སུ་ནེའུ་ཡོག་གཉིས་པར་གྲགས་པའི་གྲོང་ཁྱེར་དེ་ཡི་འགྲམ་གྱི་གྲོང་གསེབ་ཞིག་ལ་འགྲོ་ཡི་ཡོད་ལ། རྗོ་སུ་ལམ་ནས་དེ་ཡི་བར་དུ་རླངས་འཁོར་བཏང་ནས་སོང་ན། ཆུ་ཚོད་གཅིག་ཙམ་འགོར་གྱི་ཡོད། སྤྱིར་ན་སྐྱེ་སྐར་ནི་དུས་ཚོད་བཅུ་གཅིག་སྟེང་དུ་འཛོམས་དུས་བཟོས་ཡོད་ཀྱང་། ང་ཚོ་ཆུ་ཚོད་དགུ་བ་མ་ཟིན་ཙམ་ནས་ཕྱི་ལ་ཐོན་ཡོད་པ་རེད། ལམ་བར་དུ་ངས་མོ་རང་ལ་གནས་ཚུལ་གང་བྱུང་མིན་སྐོར་ནས་དྲི་བ་དྲིས། མོ་རང་གིས་མིག་མཐའ་མཆི་མ་འཁོར་ཞོར་དུ། ང་རང་གི་ཨ་ཅེ་ནི་དངོས་ནས་འདྲེ་མོ་རེད། མོ་རང་གིས་ང་ལ་ཕྲག་དོག་བྱེད་ཀྱི་ཡོད་པ་རེད། ང་དང་ཕ་མ་བར་གྱི་འབྲེལ་བ་དེ་འདྲ་ཞིག་མོ་རང་ལ་མ་ཐོབ་པ་དེར་ངན་སེམས་བཅིངས་ཀྱིན་ཡོད་པ་རེད་ཅེས་བསྡིག་དམོད་དང་བཅས་སྐད་ཆའི་འགོ་བརྩམས་སོང་།
བཅུ་བདུན།
མོ་རང་གིས་རླངས་འཁོར་གཏོང་ཞོར་དུ། མིག་གིས་མདུན་ཕྱོགས་ཀྱི་སྣུམ་ནག་གི་གཞུང་ལམ་དུ་བལྟ་བཞིན། ངའི་ཨ་ཅེ་ཡིས་དེ་རིང་ང་ལ་ཨ་མའི་ནང་དུ་བསྡད་པའི་སྒང་ལ། མ་རྒན་གྱི་འགྲོ་གྲོན་གཏོང་དུ་བཅུགས། ད་དུང་མ་རྒན་ལ་རྣམ་འགྱུར་མི་ལེགས་པ་བསྟན། རང་གིས་ཁང་གླ་བཏང་ནས་བསྡོད་ཐུབ་ཀྱི་མེད་པ་མི་དྲན་པར། ཨ་མ་ལ་དཀའ་ངལ་འཕར་མ་བཟོས་ནས། ཁྱེད་རང་དངོས་ནས་ཕྱི་ལ་ཐོན་རན་རེད། འདི་ནས་ཨ་མ་ལ་དཀའ་ངལ་ཐོལ་བ་མ་བཟོས་ན་ཡག་གི་རེད། འདུག་ཡུན་མང་མེད་ན་ཉུང་ཡོད་པ་མ་རེད་སོགས་ཀྱི་སྐད་ཆ་གང་མང་ཞིག་བཤད་སོང་།
སྐད་ཆ་དེ་ཡིས་འབྱུང་རྐྱེན་ཇི་ལྟར་བྱུང་མིན་སྐོར་དྲིས་དུས། མོ་རང་གི་ཨ་མས་མོ་རང་གི་ཨ་ཅེ་ལ་ཉེ་སྔོན་གྱི་གནས་ཚུལ་བྱུང་བའི་སྐོར་བཤད་པ་དང་། མོ་རང་ནི་དངོས་ནས་དཀའ་ལས་ཁག་པོའི་ནང་དུ་གནས་ཡོད་པ་སོགས་མོ་རང་གི་ཨ་ཅེ་ལ་བཤད་འདུག་པ་དེ་ཡི་འབྱུང་རྐྱེན་ལ་བརྟེན་ནས་དོན་དག་དེ་ཡི་འགོ་བཙུགས་པ་རེད་འདུག་ལ། མོ་རང་གི་ཨ་ཅེ་ཡིས་སྐད་ཆ་དེ་མོ་རང་གི་བུ་མོ་དང་ཁྱོ་ག་ཚང་མིའི་སྔོན་ནས་བཤད་པ་དེ་ཡིས་དམིགས་སུ་བཀར་ནས་མོ་རང་གི་སེམས་སུ་འཕོག་སོང་ཟེར། དེ་དུས་སེམས་དགྲ་ཡིས་གསད་ན་བཅོས་ཐབས་སླ། སེམས་གཉེན་གྱིས་གསད་ན་བཅོས་ཐབས་ཁག་ཟེར་བའི་གཏམ་དཔེ་དེ་ང་རང་ལ་དྲན་དུ་བཅུགས་སོང་།
ངས་མོ་རང་ལ། ཁྱེད་རང་གིས་བསམ་བློ་ག་ལེར་གཏོང་། སེམས་མ་ཕམ། དངོས་ནས་བཤད་ན། འུ་གཉིས་ཀྱིས་ཁྱེད་རང་གི་ཨ་མ་ལ་དཀའ་ལས་བཟོས་པ་མང་མེད་ན་ཉུང་མེད་པ་རེད། མོ་རང་གི་ནང་དུ་བསྡད། མོ་རང་གི་ཟ་མ་ཟས། མོ་རང་གི་ང་ཚོའི་ཆེད་དུ་བྱས་པ་དངོས་ནས་ཉུང་ནི་མ་རེད། མོ་རང་ང་ཚོ་ལ་དཀའ་དྲིན་ཆེན་པོ་ཡིན། ལྷག་པར་ང་ཚོ་མོ་རང་གི་ཁང་བའི་ནང་ལོ་གཅིག་ལྷག་བསྡད་འདུག དེ་ཡི་རིང་དུ་ཁང་གླ་ཞིག་སྤྲོད་དགོས་བྱུང་ན་དངོས་ནས་ཁག་པོ་རེད། འདི་ནས་བོད་པའི་གོམ་གཤིས་དང་མི་འདྲ་བ་ཡིན་དུས། ཁྱེད་ཅག་གི་གོམ་གཤིས་ལྟར་ན། བྱིས་པ་འཚར་ལོངས་བྱུང་བ་དང་རང་རང་གི་ས་ནས་བསྡོད་པ་ལས། ཕ་མའི་མཉམ་དུ་བསྡོད་ཀྱི་མེད་པ་རེད། དངོས་ནས་འུ་ཐུག་པའི་སྐབས་འདྲ་མ་བྱུང་ཚེ། འུ་གཉིས་ནི་གནས་སྐབས་རིང་ཐར་མ་མཚོ་སྐྱེ་ནས་ཅུང་ཆེ་རུ་འགྲོ་རེག་བར་དུ་བསམ་ནས་ཡོང་བ་རེད།
བུ་མོ་ཆེ་རུ་ཕྱིན་པ་དང་། སླར་ཡང་བྱིས་པ་ཞིག་འཁོར་བ་རེད། ད་དུང་འུ་གཉིས་ཀྱིས་དེ་སྐྱེ་རེག་བར་དུ་ཡང་བསྡོད་འདོད་བྱས་པ་རེད། དེ་དག་ནི་འུ་གཉིས་ཀྱིས་ནར་འགྱངས་བྱས་པའི་ནོར་འཁྲུལ་རེད། སྔ་རུང་འཕྱི་རུང་འུ་གཉིས་རང་འགོ་ཁེར་ཐོན་བྱེད་དགོས་པ་ཡིན་དུས། ད་ནི་དངོས་ནས་དུས་ཚོད་ཏག་ཏག་འཁེལ་ཡོད། ང་རང་གིས་ཁྱེད་རང་རང་གི་ཕ་མ་དང་སྤུན་མཆེད་ཚང་མ་ལ་ཁ་གྲགས་རེས་མེད་པའི་ངང་ཚུལ་དེ་དག་མུ་མཐུད་དུ་བྱུང་བཞིན་པའི་གནས་ཚུལ་འདི་རིགས་དངོས་ནས་མཐོང་ན་མི་སྐྱིད་ཀི བོད་ནས་ཡིན་ན། ཕ་མ་ཚོ་ཡོད་ན་བུ་ཕྲུག་དག་ལ་དབང་བ་ཡིན་ལ། བུ་ཕྲུག་དག་ལ་དབང་མིན་གྱི་དྲི་བ་གང་ཡང་མེད། འདི་ནས་དེ་འདྲ་ཞིག་མིན་པ་ངས་ཀྱང་ཤེས་ཡོད་ལ། ཁྱེད་རང་གིས་ཤེས་གསལ་ཡིན་ངེས་རེད་ལ། ཤེས་ཀྱང་དགོས་པ་རེད།
དེ་དུས་མོ་རང་གིས་སླར་ཡང་མིག་ཆུ་ལྡོག་པོ་གཅིག་འཁུར་ཚེས་ལས་ལྷུང་ཞོར་དུ། རེད་རེད། ངས་ཀྱང་སྔོན་ཆད་རང་གི་ཕ་མ་དག་ལ་ཡོད་པ་ནི་རང་གིས་ལོང་སྤྱོད་བྱེད་ཆོག་པ་ཞིག་དུ་འདོད་མྱོང་། རེད་དེ། དེ་རིང་གཞི་ནས་ང་རང་གཉིད་ལས་སད་དུ་བཅུགས་སོང་། དེ་འདྲ་ཞིག་གཏན་ནས་རེད་མི་འདུག ང་རང་གི་དྲིན་ཆེན་མ་ཡིས་ང་ལ་དེ་འདྲ་ཞིག་བྱེད་ཀྱི་རེད་སེམས་སུ་ཡང་དྲན་མྱོང་མེད། ད་ནི་ང་རང་ལ་ཁྱིམ་མེད་པའི་ཚོར་བ་ཞིག་སླེབས་ཀྱི་འདུག་ཟེར་བས། ངས་དེ་ལྟར་བསམ་བློ་གཏོང་མི་ཉན་པ་དང་། རང་གི་དྲིན་ཆེན་ཕ་མ་དག་བཟང་རུང་ངན་རུང་དྲིན་ཆེན་ཕ་མ་ཡིན་དུས། གནས་སྐབས་ཀྱི་ཁོང་ཁྲོ་ཞིག་གི་དབང་གིས་བཟང་བྱས་པ་ཚང་མ་བརྗེད་ན་འགྲིག་གི་མེད་ཚུལ། ཕྱི་འདང་རྒྱགས་དགོས་པ་སོགས་སྐད་ཆ་ཡར་མར་མང་བོ་ཞིག་བཤད་པ་ཡིན།
གྲོགས་པོ་རྡོར་རྒྱལ་དང་ཁོ་རང་གི་བཟའ་ཐོར་ཕྱིན་པའི་བུད་མེད། ད་དུང་བུ་མོ་གསུམ་ཡོད་སའི་གྲོང་གསེབ་ཀྱི་འགྲམ་དུ་སླེབས་དུས། དེ་ཁུལ་ན་རླངས་འཁོར་ནང་གི་ཟ་མ་ཚོང་མཁན་གྱི་མ་བུ་གཉིས་ཡོད་པ་དེ་ནས་ང་ཚོ་གསུམ་གྱིས་ཞོགས་ཟས་ཤིག་ཟས་པ་ཡིན། ཞོགས་ཟས་ནི་དངོས་ནས་སྟབས་བདེ་བོ་རེད་ལ། ཟ་ཁང་གི་གོང་ཚད་དང་བསྡུར་ན་དངོས་ནས་གོང་ཆུང་ཆུང་རེད། ཞིམ་པོ་ཡང་བྱུང་། མཛའ་མོས་ང་ལ་རྒྱ་གར་གྱི་སྲང་ལམ་གྱི་ཟ་མ་ཚོང་མཁན་དག་དྲན་དུ་བཅུགས་སོང་ངམ་ཟེར།
ངེད་གསུམ་གྲོགས་པོ་རྡོར་རྒྱལ་གྱི་བུ་མོ་དང་ཁོང་གསུམ་ཡོད་སའི་ཁང་བའི་ནང་དུ་འབྱོར་དུས། ང་ཚོ་ལག་པ་སྟོང་བ་བྱས་ནས་སྐུ་མགྲོན་དང་བོ་ཆགས་འདུག དངོས་ནས་བཤད་ན་བུ་མོའི་སྐྱེ་སྐར་གྱི་ལག་རྟགས་ཤིག་ངའི་མཛའ་མོ་ཡིས་གྲོགས་པོ་བུ་ཆུང་གི་རྒན་མོ་ཐོར་ཟིན་པ་དེ་དང་མཉམ་དུ་ཉོས་ཡོད་འདུག་མོད། མོ་རང་ད་དུང་འབྱོར་མེད་པ་ཡིན་དུས། ང་ཚོ་ལག་པ་སྟོང་བར་སྔོན་དུ་འབྱོར་བ་དེ་ནི་དངོས་ནས་སྟབས་བདེ་མོ་ཞིག་མ་བྱུང་། གྲོགས་པོ་རྡོར་རྒྱལ་གྱི་བུ་མོས་ང་ཚོའི་ལག་ནང་དུ་ཏན་ཏན་བལྟས་ཡོད་ངེས་ཡིན།
རིམ་གྱིས་བཟའ་མི་མི་ཉུང་བ་ཞིག་རང་རང་གི་ལག་རྟགས་འཁུར་ནས་སླེབས་སོང་བ་དང་། མི་ཇེ་མང་ཇེ་མང་དུ་སོང་བ་དང་བསྟུན། བྱིས་པ་ཇེ་མང་དུ་སོང་དུས། བྱིས་པ་ཚང་མ་ཆུ་རྐྱལ་སའི་འགྱིག་གི་སྣོད་ཆེན་པོ་ཞིག་ཕྱི་ལ་བཞག་ནས་དེ་ཡི་ནང་དུ་བྱིས་པ་ཚང་མ་མཉམ་དུ་རྩེད་མོ་རྩེད་འགོ་བཙུགས་སོང་། དེ་དུས་མཛའ་མོས་བུ་མོ་ཐར་མ་མཚོ་ཡང་དེ་ཡི་ནང་དུ་བཞག་ནས་རྩེད་མོ་ལ་གཡེང་སོང་། ངས་གྲོགས་པོ་རྡོར་རྒྱལ་དང་ལྷན་དུ་ཐ་མག་ཞིག་འཐེན་ཞོར་དུ། ཁོ་རང་གི་ཁྲིམས་རྩོད་པའི་སྐོར་དང་། ཁྲིམས་རྩོད་པ་དེ་ཤོར་ན། ཁོ་རང་གི་ག་རེ་བྱེད་མིན་སོགས་ཞིབ་དུ་གླེང་དུས། ཁོ་རང་ནི་སྔར་བཞིན་བསམ་བློ་མ་འགྱུར་བར་བསྡད་འདུག ཁྲིམས་ཐོག་ནས་བསྡད་ཆོག་པའི་ཆོག་མཆན་རེག་སོང་བ་ཡིན་ན་སྔར་བཞིན་ལས་ལ་བྲེལ་ནས་བསྡོད་རྒྱུ་རེད་འདུག མིན་ཚེ། ལོ་ངོ་བཅུ་གསུམ་ཙམ་ལ་ངོ་མ་ཐུག་པའི་ཕ་མ་གཉིས་ལ་ཐུག་འཕྲད་བྱེད་པར་བསྐྱོད་འཆར་ཡོད་པ་དེ་རེད།
བཅོ་བརྒྱད།
སྐྱེ་སྐར་བྱེད་སྟངས་ནི་རང་གི་དགའ་ཉེ་སྤུན་མཆེད་དག་འབོད་པ་ཡིན་དུས། དེ་རིང་འདི་རུ་འཛོམས་ཡོད་པ་ནི། གྲོགས་པོ་རྡོར་རྒྱལ་གྱི་ངོ་ཤེས་བོད་པ་ང་གཅིག་བུ་མ་གཏོགས་འབྱོར་མེད། རྒྱུ་མཚན་ནི་སྐྱེ་སྐར་ཁོ་རང་གི་བཟའ་ཐོར་བྱིན་པའི་བུད་མེད་ཀྱིས་གྲྭ་སྒྲིག་བྱས་པ་ཡིན་དུས། མོ་རང་གིས་སུ་ལ་མགྲོན་འབོད་བྱས་པ་དེ་དག་འབྱོར་ཡོད་པ་རེད། ང་རང་གི་མཛའ་མོ་དང་བུད་མེད་དེ་ཚོ་གྲོགས་མོ་ཡིན་པའི་ཁུལ་རེད། དེ་ཡི་སྟབས་ཀྱི་ང་རང་ཡང་མཛའ་མོ་དང་མཉམ་དུ་ཡོང་ཡོད་པ་རེད། ལག་རྟགས་ནི། ག་རེ་ཉོས་ན་འགྲིག་མིན་འདྲི་སྲོལ་ཡང་ཡོད་ལ། རང་རང་གི་འདོད་པ་ལྟར་ཚོང་རྭ་ནས་རྩེད་ཆས་རིགས་ཉོས་དེ་འོང་བ་ཡིན། དེབ་དང་བྱིས་པའི་བརྙན་འཁོར་སོགས་ཀྱང་སྤྲོད་སྲོལ་འདུག
ངའི་མཛའ་མོ་ཡིས་མོ་རང་ལ་སྐད་ཆ་དྲིས་དེ་གང་འཁོ་མིན་དྲིས་པ་ལྟར་གྲོགས་པོ་བུ་ཆུང་གི་བཟའ་ཐོར་སོང་བའི་བུད་མེད་དེ་དང་ཁོ་གཉིས་ཀྱི་ལྷན་དུ་ཁྲོམ་རྭ་ནས་ཚོང་གཉེར་བྱེད་པའི་འཕྲུལ་སྒམ་ཆུང་ཆུང་ཨང་རྩིས་ཅན་ཞིག་ཉོས་འདུག གྲོགས་པོ་རྡོར་རྒྱལ་གྱི་བུ་མོས་ཀྱང་དེ་ལ་དངོས་ནས་དགའ་བོ་བྱུང་སོང་། གྲོགས་པོ་རྡོར་རྒྱལ་དང་ཁོ་རང་གི་བཟའ་ཐོར་ཟིན་པའི་བུད་མེད་གཉིས་ཀྱིས་ལྕགས་རྟ་གསར་བ་ཞིག་ཉོས་འདུག དེ་ནི་བུ་མོ་མོ་རང་གི་འདོད་པ་ཡིན་པར་བཤད། འདི་ལྟར་སྐྱེ་སྐར་རོལ་སྲོལ་མི་འདྲ་བའི་གོམ་གཤིས་འདི་ནི་བྱིས་པ་དག་གི་ལོ་གཅིག་ནང་གི་ཆེས་དགའ་ཤོས་ཀྱི་ཉིན་ཞིག་ཡིན་ཟེར་ན་ཆོག འོན་ཀྱང་། ཆེ་རུ་ཕྱིན་པ་དང་ཕ་མ་དག་གིས་འབྱོར་བའི་ཡོང་གི་ཡོད་ན། སྐྱེ་སྐར་ལ་རྒྱལ་ཁབ་གཞན་ལ་བལྟ་སྐོར་དུ་ཁྲིད་པ་དང་། ཅ་དངོས་གོང་ཆེན་ཉོ་བ་སོགས་ཀྱི་ལུགས་སྲོལ་འདུག
དགའ་རོགས་དང་བཟའ་ཚང་དག་གིས་ཉིན་མ་འདི་ནི་ཆེས་གལ་ཆེན་དུ་བརྩི་སྲོལ་འདུག་ལ། སྐྱེ་སྐར་ཉིན་མོ་རང་ལ་སུ་ཡིས་ལག་རྟགས་བཟང་བོ་ཞིག་སྤྲོད་པ་དེ་ནི་རང་ཉིད་ལ་ཆེས་དགའ་མཁན་གྱི་མི་ཞིག་ལ་ངེས་འཛིན་བྱེད། དམིགས་བསལ་གྱིས་ལས་རིགས་དང་ཅ་དངོས་སྤྲོད་མཁན་ལ་དེ་བས་བརྩི་མཐོང་བྱེད། གྲོགས་པོ་ཕན་ཚུན་གྱིས་སྐྱེ་སྐར་རོལ་བ་ནི་དངོས་ནས་གལ་ཆེན་དུ་བརྩི་ཡི་ཡོད། གང་ལྟར། སྐྱེ་སྐར་རོལ་བ་ནི། ཕྱི་ལུགས་སྤྱི་མཚུངས་ཤིག་ཡོད་པ་ནི། སྒོང་སྤོར་སྟེང་དུ་ལོ་གྲངས་ཤིག་བཞག དེ་ནས་ལྭ་སྒྲོན་ཁ་ཤས་ཤིག་སྤར། དེ་ནས་མིག་གཉིས་ཀ་བཙུམ། སྐབས་དེར་སྨོན་འདུན་ཞུ་བ་ཡིན།
སྐྱེ་སྐར་གྱི་དུས་ཚོད་ནི་དེ་ལྟར་མཇུག་བསྡུ་རན་པ་དང་། ང་དང་མཛའ་མོ་བུ་མོ་གསུམ་ཡང་ལམ་དུ་ཆས་དགོས་པ་ཡིན་དུས། ངས་ད་ནི་སོང་ན་འགྲིག་གི་ཡོད་པ་འདྲ་ཞེས་བཤད་དུས། མོས་ཀྱང་མོས་མཐུན་བྱས་ནས་ང་ཚོ་ལམ་དུ་ཆས་གྲབས་ཡོད་པའི་སྐབས་དེར། ངས་གྲོགས་པོ་རྡོར་རྒྱལ་ལ་བཟང་ངན་གང་ཞིག་བྱུང་ན་ལན་ཞིག་འབྱོར་རྒྱུ་ཡོད་པ་བྱེད་དགོས་ཞེས་རེ་སྐུལ་ཞིག་བཞག མཛའ་མོས་རེ་འདོད་ལྟར། ང་ཚོ་གྲོང་ཁྱེར་ཀྲེ་ལ་བེས་འགྲམ་གྱི་མཚོ་ཁར་འགྲོ་རྒྱུ་བྱས་པ་ཡིན། ལམ་ལ་ཆས་ནས་སྐར་མ་ཁ་ཤས་ཤིག་ལ་མ་སོང་བར་བུ་མོ་གཉིད་སོང་།
བུ་མོ་གཉིད་སོང་། ད་ནི་ང་ཚོ་ཤར་རྒྱགས་རྗོ་སུ་ལམ་དུ་ཕྱིར་ལོག་ན་ཞེས་བཤད་དུས། མོ་རང་གིས་དངོས་ནས་ཡིན་ནམ་ཟེར། ངས་ཡིན་ཞེས་བཤད་པ་ན། མོ་རང་གིས་རླངས་འཁོར་ནང་གི་འཕྲུལ་སྒམ་ལམ་སྟོན་བྱེད་ནང་གི་ས་ཚིགས་སྒྱུར་སོང་ན་ཡང་། ཅུང་ཙམ་རྗེས་སུ་མོ་རང་ནང་དུ་འགྲོ་འདོད་མེད་པའི་སྐོར་བཤད་པ་ལྟར། ང་ཚོ་མཚོ་ཁའི་ཕྱོགས་སུ་སོང་། ལམ་བར་དུ་ངེད་གཉིས་ཀྱིས་མ་འོངས་པའི་འཚོ་བའི་སྐོར་དང་ས་གནས་གང་ཞིག་ལ་གནས་སྤོར་དགོས་མིན། ང་རང་གི་ལས་ཀ་གང་བྱེད་ཐུབ་མིན་སོགས། མོ་རང་གིས་ཀྱང་ལོ་གཅིག་གི་རྗེས་སུ་ལས་ཀ་སླར་ཡང་བྱེད་ཐུབ་མིན་སོགས། གང་ལྟར། ཨ་མའི་ནང་ནས་མི་རིང་བར་གནས་སྤོ་རྒྱུའི་ཕྱོགས་སུ་མོ་རང་གིས་འདོད་པ་ཤུགས་ཆེན་པོ་བྱེད་ཀྱི་འདུག
དངོས་ནས་བཤད་ན། དུས་ཚོད་འདི་ནི་ཏག་ཏག་ཞིག་ཆགས་མེད། ངེད་གཉིས་གནས་སྤོར་དགོས་པ་ཡིན་ན་ཡང་། བུ་སྐྱེ་ནས་གནས་སྤོར་ན་སྟབས་བདེ་ཆགས་ཀྱི་ཡོད། རེད་དེ། མོ་རང་གི་ཚོར་བ་འདི་འདྲ་ཞིག་གི་འོག་ནས་མོ་རང་གི་མ་རྒན་ནང་དུ་བསྡད་ཀྱང་སྐྱོ་སྣང་ཞིག་ལས་མེད་པ་ལྟ་བུ་ཆགས་འདུག ང་ཚོ་ས་རུབ་གྲབས་ཡོད་དུས་སུ་མཚོ་ཁ་ནས་ཕྱིར་རྗོ་སུ་ལམ་དུ་ཕྱོགས། མཚོ་འགྲམ་དུ་དངོས་ནས་བུད་མེད་ཡག་མ་ཆེས་མང་བ་མ་ཟད། ཚང་མ་དོར་ཐུང་དང་ནུ་ཁེབ་ལེབ་ལེབ་རེ་གྱོན་མཁན་ཡིན། མིག་མ་ན་བར་དུ་ལྟ་འདོད་ཡོད་མཁན་དག་གིས་མིག་ཟུར་འཕངས་ཀྱང་། དེ་ལ་ཐེ་ཇུས་བྱེད་མཁན་མེད། སྔོན་ཆད་ང་རང་ཧ་ལས་པའི་ལྟ་རྒྱུ་དགའ། དེ་རིང་ནི་སེམས་པ་སྐྱིད་པོ་ཞིག་མེད་དུས་སུ། དེ་ལ་བལྟས་ཀྱང་ཚོར་བ་དམིགས་བསལ་ཞིག་གང་ཡང་མི་འདུག
ངས་ཕྱིར་ནང་དུ་འབྱོར་ན་མོ་རང་གི་ཨ་མ་དང་མཛའ་མོ་གཉིས་ཀྱིས་ཕན་ཚུན་ལ་སྐད་ཆ་བཤད་སྲིད་དམ། བཤད་པ་ཡིན་ན་བཟང་བ་ལ་སྙམ། མོ་རང་གི་ཨ་མ་ནང་དུ་བསྡད་མི་འདུག གང་ཞིག་ལ་སོང་མ་ཐག་ཡིན་པ་ཤེས་ཀྱི་འདུག སྔོ་ཚལ་ཞིག་བཟོས་འདུག ད་དུང་། ཐིགས་པ་ཞིག་བཙོས་ནས་བཞག་འདུག ང་རང་གྲོད་ཁོག་ལྟོགས་ཀྱི་འདུག ངས་ཟ་འདོད་ཡོད་པའི་ཁྱེད་རང་ལ་དགོས་སམ་ཞེས་དྲིས་དུས། མོ་རང་གིས་ཀྱང་ཟོས་སོང་། བུ་མོ་ལམ་ཁ་ནས་སླར་ཡང་གཉིད་སྟབས། ཉལ་སའི་ནང་དུ་བཞག་ཡོད། ཅུང་ཙམ་རྗེས་སུ་མོ་རང་གི་མ་རྒན་མ་འབྱོར་སོང་། མ་བུ་གཉིས་ཀ་དགྲ་ལྟ་བུ་བྱས་ནས་བསྡད། གཅིག་གཅིག་ལ་ཁ་ཡང་མ་གྲགས་པར་ཉལ་དུ་སོང་།
མཛའ་མོའི་ཕ་རྒན་གྱིས་ཐེངས་བཅུ་གྲངས་ཤིག་ལ་ཁ་པར་སླེབས་ན་ཡང་། མོ་རང་གིས་དེ་ལ་ཡ་ལན་བྱས་ཡོད་པ་མ་རེད། གང་ལྟར། མོ་རང་ཉལ་ཁར་ཁ་པར་སླར་ཡང་སླེབས་དུས་ཁ་པར་བླངས་སོང་། ངས་གང་ཞིག་བཤད་མིན་སོགས་གཏན་ནས་མ་ཤེས། དྲིས་ཀྱང་མེད། ཕ་མ་གཉིས་ཀ་ནི་ལོ་ངོ་བདུན་ཙམ་སྔོན་དུ་ལོག་ག་ཆགས་པ་རེད། དེ་ཡང་མོ་རང་གི་ཨ་མས་རང་གི་ཁྱོ་ག་དང་མཉམ་དུ་ཆེས་མཐའ་མཇུག་གི་མི་ཚེ་མཉམ་དུ་རོལ་འདོད་མེད་པར། མོ་རང་ལ་ཁུ་སིམ་པོ་དགོས་རབས་བཤད་ནས་ལོག་ཁར་སོང་འདུག ང་རང་འདིར་སླེབས་པ་ནས་བཟུང་། ཁོང་ཚོ་ཅུང་ཐུག་འཕྲད་ཀྱི་སྐབས་མང་དུ་སོང་རབས་བུད་སོང་བའི་སྐོར་ང་རང་གི་མཛའ་མོ་ཡིས་བཤད་སོང་། འདི་ལྟར་ཁྱིམ་ཚང་འདི་དང་ང་རང་གི་མཛའ་མོའི་སེམས་ནང་དུ་གི་མནར་གཅོད་ཀྱི་བར་དུ་ང་རང་འདི་ལྟར་འཚོ་ཡོད་པ་རེད།
བོད་ཀྱི་སྲོལ་རྒྱུན་གོམ་གཤིས་ཀྱི་ཕ་མ་ལ་གུས་བརྩི་དང་བརྩེ་བ་ཡོད་སྟངས། གཞན་ཡུལ་གྱི་གོམ་གཤིས་དང་བསྡུར་ནས་ཡོང་དུས། དངོས་ནས་གནམ་ས་ལྟ་བུའི་ཁྱད་པར་ཡོད་སྣང་སྟེར་ཡང་། ཞིབ་དུ་བརྟག་ནས་སོང་དུས་ཕ་མ་ནི་ཕ་མའི་ཚུལ་དུ་གུས་བཀུར་དང་དགའ་ཞེན། བརྩེ་བ་བཅས་ཡོད་པ་ཞིག་དགོས་ན། ཕ་མས་རང་གི་བུ་ཕྲུག་ཆེད་དུ་གང་ཡང་གཏོང་འཕོད་པའི་བྱམས་བརྩེ་ཡི་ཕྱག་ཟུང་དེ་ནི་གལ་ཆེན་ཡིན་པ་དང་དེ་ཉིད་ཡོད་ན། བུ་ཕྲུག་གིས་ཀྱང་ཕ་མའི་ཆེད་དུ་གང་ཡང་བྱེད་སྲིད་པའི་སྙིང་སྟོབས་དང་དགའ་ཞེན། བརྩི་བཀུར་གྱི་རིན་ཐང་། བརྩེ་བ་ཟབ་མོ་ཞིག་ཡོང་རྒྱུ་ཡིན་པ་དེ་ནི་བཤད་མ་དགོས་པ་ཞིག་ཡིན་མོད། གཞན་ཡུལ་ན་ཞིབ་དུ་ཉན་ཡ་
མུ་འགོད།
འེ་དྲིན་ཅན་རང་ལ་དུས་ཚོད་ཡོད་ན་མཚམས་ནས་བཅུ་བདུན་སོགས་མགྱོག་པོ་ཡིན་ད།
ངའི་ཁ་བརྡ་དྲ་བའི་སྒོ་ཐེང་གསུམ་རེ་ཕྱེ་གི་ཡོད་ཉིན་རེ་དེ་ཚང་མ་རང་གི་རྩོམ་འདི་ཀློག་འདོད་ཁོ་ན་ཡིན་།
འེ་གྲོགས་པོ་ལགས་རང་ལ་དུས་ཚོད་བྱུང་ན་མུ་མཐུད་བཅུ་བདུན་པ་སོགས་འབྲི་རོགས་ཧ་ཅང་ཡག་པོ་འདུག།
ངའི་ཉིན་རེར་ཁ་བརྡ་དྲ་བའི་སྒོ་ཐང་གསུམ་རེ་ཕྱེ་གི་ཡོད་ཚང་མ་རང་རྩོམ་འདི་ཀློག་འདོད་ཡིན།
དགའ་བསུ་ཡོད་དྲ་གྲོགས་ལེགས།
རྨ་ཆུ་སྐལ་བཟང་ལགས། འདི་ན་བཅོ་བརྒྱབ་བར་དུ་ཡོད་པ་རེད། བཅུ་དགུ་ཁ་བརྡ་ཚང་ལ་སྐུར་ཟིན་པ་ཡིན། འགོད་མིན་དེ་ནི་ཁ་བརྡ་ཚང་གི་རང་དབང་ཡིན་པ་རེད། ཉིད་རང་དོ་སྣང་ཆེན་པོས་སྒོ་ནས་འདིར་ཡོང་བ་དགའ་ནས་ཡོད།