སྲས།
མཚན་མོ་རྔམས་ཀྱིན་སླར་ཡང་འཁྲིས་ལ་སླེབས།།
མི་རྣམས་མུན་པར་འཁྱུད་ནས་ནས་རྨི་ལམ་རྩོམ།།
ཁོ་བོས་གཉིད་དང་ལོ་ཟླ་བོར་རྗེས་སུ།།
དྲན་པས་གཤེར་བའི་གཞས་དེ་སུ་ལ་ལེན།།
འགྲམ་པ་བསྐྱོར་ཏེ་ངག་སྒོ་ཡང་ཡང་བསལ།།
མགྲིན་པ་རྣོང་གིན་གནའ་བོའི་གཞས་ཚིག་བཀླགས།།
ཕྱི་ན་འཐོར་བའི་སྡོང་ལོའི་ཤག་སྒྲ་ཡང་།།
སེམས་ལྡན་སུ་ཞིག་སྐྱོ་བའི་དངན་པ་འདྲ།།
དཔྲལ་བའི་རླབས་ཕྲན་ལྟེབས་པའི་གཙང་ངོགས་སུ།།
ཁེར་རྐྱང་འཚོ་བའི་ན་བུན་གཡོ་བའི་དུས།།
རང་མལ་བོར་བའི་བྱེའུ་དམར་མོ་དེ།།
ཡིད་ཀྱི་ལྗོན་རྩེར་འཁོར་བའི་མགྲོན་པོ་ཡིན།།
སེམས་ཀྱི་རྒྱུད་སྐུད་འདར་བའི་དབྱངས་འགྲོས་ཤིག།
རྒྱང་ནས་བསླབས་ཤིང་རྒྱང་ལ་གྱེར་བ་ཡང་།།
སྒོ་ཁྱིའི་གཅོང་སྐད་འཁོར་བའི་རི་འདབས་དེར།།
གཞོན་པའི་རྨི་ལམ་ཅི་ཞིག་སྦས་བས་ཡིན།།
རི་ཚོགས་སྐར་མར་བསྙེས་པའི་དབེན་འཇགས་ཁྲོད།།
གདོད་མའི་འབྲོག་ཁྱིམ་གཟིམས་པའི་གོ་འདབས་སུ།
དྲོད་ཀྱིས་འབར་བའི་ཐབ་མེ་ལམ་ལམ་དེ།།
སུ་ལ་བསྒྲོན་པའི་འདང་གི་ཚེ་འབར་ཡིན།།
དེ་དུས་གཡོས་པའི་ངག་གི་པིར་ཆུང་དེས།།
སེམས་ལ་སྤྱན་ཆུང་གཞན་ཞིག་བྲིས་པ་འདྲ།།
མུན་པས་མིག་ཟུང་བཀབ་པའི་དོ་ནུབ་ཀྱང་།།
བདག་གིས་དེ་ཉིད་ཁོ་ན་གསལ་བོར་མཐོང།
ལས་དང་ལམ་གྱིས་བྲིས་བའི་བར་ཐག་ཅེས།།
ཞེ་ཤ་འཁྱགས་འཁྱགས་མ་གནང་བརྩེ་བའི་མི།།
སྐར་མའི་གཙང་བོ་གཤེགས་པའི་དགུ་ཚིགས་ཁོང་།།
སེམས་པའི་ཤར་ནུབ་སྦྲེལ་བའི་སྐ་རགས་ཡིན།།
2014.08.11