གཞི་རིམ་སློབ་གྲྭ་ཁག་ལ་ནང་ཆོས་ཁྲིད་ཐབས་སྐོར་གྱི་བསམ་ཚུལ་རགས་ཙམ་གླེང་བ།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
སྤྱིར་བོད་ཀྱི་རིག་གནས་སྐོར་གལ་ཆེ་ཚུལ་དང༌། ཡང་དགོས་ནང་དོན་རིག་པའི་སྐོར་གལ་ཆེ་ཚུལ་དང་རྒྱ་ཆེ་ཚུལ། གཏིང་ཟབ་ཚུལ་སོགས་ནི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་སློབ་སྤྱི་དང་སློབ་དགེ་མཐའ་ན་སློབ་གྲྭའི་མ་མ་ཡན་ཆད་ཁ་ཐོགས་ཚད་ཀྱི་ངག་སྒོ་ནས་བཏོན་དང་འདོན་བཞིན་པ་ནི་ཆོ་ག་ཕྱག་ལེན་ནང་བཞིན་ཆགས་ཟིན་པ་ཞིག་ལ་ཕྲན་གྱིས་གཟབ་ནན་ལྟ་བུས་གལ་ཆེ་ཚུལ་སོགས་བཤད་ན། ཁ་ན་ན་དང་ལྕེ་ཚ་ཚ་ལས་ཕན་ཐོགས་དམིགས་བསལ་གང་ཡང་འཐོན་རྒྱུའི་རེ་བ་མེད་པས་འདིར་ཞུ་འདོད་མེད།
དེ་བས་གལ་ཆེའི་རང་བཞིན་ལྡན་པ་དང་མི་རིགས་རང་གི་བླ་སྲོག་མཚོན་པའི་རིག་གཞུང་གི་སྙིང་ནོར། དེང་སང་ཆབ་སྲིད་དང་དཔལ་འབྱོར་ཚན་རིག་བཅས་ཀྱིས་ཡར་འཐོན་ཟིན་པ་དང་འགྲོ་བཞིན་པའི་རྒྱལ་ཁབ་འདྲ་མིན་སྣ་ཚོགས་པ་སྐྲ་སེ་སེ་དང་མིག་སྔོ་སྔོ་སྣ་འབིགས་འབིགས་ཀྱིས་མཚོན་པའི་མི་རིགས་དཀར་ནག་ཅི་རིགས་པས་སྔ་རྗེས་རྩོད་ནས་འཚང་ཀ་རྒྱག་ས། བསམ་བློ་བ་ཚོས་ཀླད་རྩའི་ནང་ནས་མ་རྙེད་པ་དང༌། ཚན་རིག་པ་ཚོས་ཆེ་ཤེལ་ནང་ནས་མ་མཐོང་བ། སྲིད་དོན་པ་ཚོའི་ཐབས་ཇུས་ཀྱི་ཀློང་དུ་མ་ཚུད་པའི་རང་རེའི་ནང་ཆོས་རིག་པ་འདི་ཉིད་མེ་ལ་མི་འཚིག་པ་དང་ཆུ་ལ་མི་ཤོར་པའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་ནི། རང་རེ་ལ་དུས་ལས་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཡིན་པའང་གསལ་བཤད་དགོས་དོན་མི་འདུག
ནང་ཆོས་རིག་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཀྱི་གཙོ་བོ་ནི་རིས་མེད་ཆོས་ལུགས་དང་གདན་ས་ཁག་ཡིན་པ་དང༌། དེ་དག་གིས་འགན་གང་ཞིག་བཞེས་ནས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་སྐོར་འདིར་སྐབས་སུ་མ་བབ་པས་བཤད་པ་དོར་ནས། འདིར་སྐབས་སུ་བབ་པ་བོད་ཀྱི་ནང་ཆོས་རིག་པའི་སློབ་ཁྲིད་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ནང་ཆོས་ཀྱི་ཞག་རྩའི་དང་བྲོ་བ། མ་མཐའ་ཡང་ཆོས་ཀྱི་ཐ་སྙད་ཡན་ཆད་ཀྱི་གོ་རིམ་རགས་རིམ་རེ་ཤེས་དགོས་པ་དང༌། དེའི་ཐབས་ཚུལ་སྐོར་བསམ་ཚུལ་རགས་བཤད་འདོད་བྱུང༌།
༡ ཆོས་དགེ་ལ་ཚང་དགོས་པའི་ཆ་རྐྱེན།
འདུལ་བ་ནས་བཤད་པའི་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་མདོ་སྡེ་རྒྱན་ལས་བཤད་པའི་ཡོན་ཏན་བཅུ། སྔགས་ལུགས་ནས་བཤད་པའི་ཡོན་ཏན་བཅུ་སོགས་གདན་ས་ཆེན་པོའི་དགེ་བའི་བཤེས་གཉེན་ཚོར་ཚང་དགོས་པའི་ཡོན་ཏན་དང་ཆ་རྐྱེན་ཤིན་ཏུ་མང་ཡང༌། རང་རེའི་ཤེས་ཡོན་སྲིད་ཇུས་གཏན་འབེབས་ཡིག་ཆ་ནས་གསུང་པ་ལྟར་གྱི་མཁས་བཙུན་གཉིས་ལྡན་ཞིག་དགོས་པ་དེ་གལ་ཆེ་བ་མཐོང༌། དེ་ཡང་ས་པཎ་གྱི་མཁས་འཇུག་ལས་གསུང་པ་ལྟར། གནས་ལུགས་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་མཁན་ལ་ངེས་དོན་གྱི་མཁས་པ་དང༌། ཤེས་བྱ་རིག་གནས་ལྔ་ལ་མཁས་པའི་སྐྱེ་བོར་མཁས་པ་ཆེན་པོ། རིག་པའི་གནས་གང་ཡང་རུང་བ་ཞིག་ལ་མཐོང་ཐོས་མྱོང་བས་གནས་ཚད་མཐོན་པོར་སླེབ་མཁན་ལ་མཁས་པ་བཞེས་བརྗོད་ཅིང༌། ཤེས་ཡོན་སྲིད་ཇུས་ལས་མཁས་པ་འབྱུང་བ་ནི་སྡེ་སྣོད་གསུམ་ལ་མཐོང་ཐཽས་མྱོང་བའི་གནས་ཚད་ངེས་ཅན་ཞིག་ཡིན་དགོས། བཙུན་པ་ཡང་གདན་ས་ཆེན་པོ་རྣམས་སུ་སོར་ཐར་བྱང་སེམས་གསང་སྔགས་གསུམ་གྱི་སྡོམ་པའི་བཅས་མཚམས་ལས་མི་འདའ་བ་སོགས་ཀྱི་སྐོར་མང་ཡང་འདིར་མ་མཐར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ངེས་པར་དུ་སྲུང་བ་ཞིག་དགོས་ངེས་ཡིན། ཀུན་སྤྱོད་དང་ཤེས་ཡོན་ཕུད་པའི་ད་དུང་ལྷག་བསམ་གྱི་ཐོག་ནས་བསྡུ་བཞིའི་ཉམས་ལེན་དང་གཞན་ཕན་གྱི་ལྷག་བསམ་ཡང་ངེས་ཅན་ཞིག་དགོས་ངེས་ཡིན། ལག་ལེན་གྱི་ཆ་རྐྱེན་ཐོག་སློབ་ཚན་ཁྲིད་སྟངས་ཀྱི་གོ་རིམ་དང་ཉམས་མྱོང་ཡོད་པ། སྨྲ་བརྗོད་ཀྱི་ཐོག་ནས་སློབ་མར་གོ་བརྡ་འཕྲོད་ངེས་ཀྱི་སྤྱི་སྐད་ཤེས་པ། ཕྱག་བྲིས་ཀྱི་ཐོག་ནས་ནག་པང་དང་ཤོག་ངོས་ལ་དབུ་ཆེན་དབུ་མེད་གཉེས་ཀའི་ལམ་ནས་གོ་བརྡ་འཕྲོད་ངེས་ཀྱི་ཡིག་གཟུགས་དང་དག་ཆ་ཡོད་པ། སློབ་འཁྲིད་འཆར་འགོད་དང་རང་སྦྱོང་སྤྲོད་སྟངས། རང་སྦྱོང་དུས་ཐོག་ལ་བལྟ་རྒྱུ་སོགས་ཀྱི་ཆ་རྐྱེན་ངེས་པར་དུ་ལྡན་དགོས།
༢ སློབ་ཁྲིད་གནང་ཕྱོགས་ཐད།
སློབ་ཁྲིད་གནང་ཕྱོགས་ཐད། དེ་སྔོན་སྐལ་བཟང་དུས་བཟང་སྐབས་ཀྱི་གདན་ས་དང་ཆོས་སྡེ་ཆེན་པོ་རྣམས་སུ་འཆད་ཉན་གནང་སྲོལ་དང་དེའི་རྒྱུན་བཟང་ད་ལྟའི་བར་གནས་བཞིན་པ་འདི་ཉིད་ནང་བཞིན་དུས་རབས་ཀྱི་སློབ་གྲྭའི་ཁོར་ཡུག་ནང་ཡོང་ཐབས་མེད་པས། དེས་ན་ཡུལ་དུས་ཁོར་ཡུག་ལ་བརྟེན་ནས་སློབ་གྲྭའི་རྭ་བའི་ནང་དུས་རབས་དང་འཚམས་པའི་སློབ་ཁྲིད་གནང་ཕྱོགས་རང་གི་འཆར་སྒོ་ཙམ་འགོད་ན། གཞུང་ཆེན་རྩ་བཤད་གནང་རྒྱུའི་ངལ་བར་བརྟེན་མི་དགོས་པར་དཀོན་མཆོག་གི་གྲངས་དང་ཡོན་ཏན་ནུས་པ། དེ་བཞིན་ཚེ་སྐྱེ་བ་སྔ་ཕྱི། ལས་རྒྱུ་འབྲས། བདེན་པ་བཞི་དང་བདེན་པ་གཉིས་སོགས་གནད་གལ་ཆེ་བའི་རིགས་རྣམས་ཚིག་དོན་གཉིས་ཐད་ནས་སློབ་མའི་བློ་ཐོག་ཏུ་ངེས་ཐབས་གནང་རྒྱུ་དེ་གལ་འགང་ཤིན་ཏུ་ཆེ་བའི་གཞི་རྩ་ཞིག་ཡིན། སློབ་མ་ཚོའི་སེམས་ཁམས་ལ་དཀོན་མཆོག་ལ་དད་པ་དག་སྣང་དང༌། ལས་རྒྱུ་འབྲས་ལ་ཡིད་ཆེས། སྐྱེ་བ་སྔ་ཕྱི་ལ་དོ་ཁུར་བྱེད་མཁན་ཞིག་འགྱུར་བ་དང༌། དེ་ལ་བརྟེན་ནས་ཡ་རབས་སྤྱོད་བཟང་དང་ངོ་ཚ་ཁྲེལ་ཡོད་ཀྱིས་མཚོན་པའི་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་དང་ལྷིང་འཇགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་པ་ཡིན།
སློབ་ཚན་འདི་ཉིད་ཁྲིད་སྟངས་ཐད་ྋགོང་ས་མཆོག་གི་གསུང་རྩོམ་ཁག་རྩ་འཛིན་གྱིས་སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་ལུང་དང་རིགས་པ། ལྷག་དོན་འདུལ་བ་ལས་བརྒྱ་བ་དང་མདོ་མཛངས་བླུན་སོགས་ནས་བབྱུང་བའི་གཏམ་བརྒྱུད་ཁག དེ་བཞིན་དེང་སང་འཛམ་གླིང་ཤར་ནུབ་གང་ས་ནས་གནས་ཚུལ་ཐོན་དང་འཐོན་བཞིན་པའི་སྐྱེ་བ་སྔ་ཕྱི་དྲན་མཁན་ཁག་གི་ལོ་རྒྱུས་དང་རྒྱུད་རིམ་བཅས་ལ་ཞིབ་འཇུག་ནན་པོའི་ལུགས་སུ་བྱས་ཏེ་རྒྱས་བསྡུས་འཚམས་པའི་སྒོ་ནས་སློབ་ཁྲིད་གནང་རྒྱུ། དེས་རིགས་སྒྲེས་ནས་དཀོན་མཆོག་གི་ཡོན་ཏན་དང་ལས་རྒྱུ་འབྲས། བདེན་གཉིས་དང་བདེན་བཞི། བྱམས་སྙིང་རྗེ་སོགས་ཀྱང་ྋགོང་ས་མཆོག་གི་གསུང་རྩོམ་ཁག་ལ་གཞིར་བཅོལ་ནས་མདོ་དང་བསྟན་བཅོས་ལས་བྱུང་བའི་གཏམ་བརྒྱུད་དང་སྒྲུང༌། དེ་བཞིན་དེང་སང་གསར་པ་མཐོན་དང་མཐོན་བཞིན་པའི་དངོས་བྱུང་གི་འབྲེལ་ཡོད་ལོ་རྒྱུས་སོགས་ལ་ཉམས་ཞིབ་གང་ནུས་ཀྱིས་སློབ་དུས་དང་བསྟུན་ཏེ་རྒྱས་བསྡུས་འཚམ་པའི་ཐོག་ནས་སློབ་ཁྲིད་གནང་རྒྱུ། སྐབས་འགར་ཞལ་ཐང་དང་པར་རིས་ཀྱི་ཐོག་ནས་འགྲོ་བ་རིག་དྲུག་དང་ཉོན་མོངས་དུག་གསུམ། བདེན་པ་བཞི། དཀོན་མཆོག་གསུམ། དགེ་སྡིག་སྤང་བླང་གི་ཕན་ཡོན་དང་ཉེས་དམིགས་ངོ་སྤྲོད་གནང་ན་སློབ་མའི་ཤེས་ངོར་ཤར་བདེ་བའི་ཁྱད་པར་ཡོང་གི་རེད་སྙམ། དེ་བཞིན་གཟུགས་མཐོང་གློག་འཕྲིན་ནང་དུ་འཛམ་གླིང་ཤར་ནུབ་ཀྱི་གསར་འགྱུར་ཁག་ནས་འབྱུང་བའི་སྐྱེ་བ་སྔ་ཕྱི་དྲན་ཚུལ་གྱི་སྐོར་ལྟད་མོ་གཟིགས་འཇུག་རྒྱུ། ཆ་རྐྱེན་གྱིས་འདང་བའམ་སྟེས་དབང་ལྟ་བུས་ཉེ་འཁོར་རྣམས་སུ་སྔ་བ་སྔ་ཕྱི་དྲན་པའི་དཔེ་མཚོན་དངོས་མཐོང་རིགས་ཡོད་ན་དེ་རིགས་ལ་དངོས་སུ་ལྟ་མཁན་ཁྲིད་ནས་ངོ་སྤྲོད་ཁ་གསལ་གནང་རྒྱུ།
དེ་ཡང་དཔེ་དེབ་རིགས་ལ་མཚོན་ན་དབྱིན་ཡིག་ཐོག་བར་དོ་ཡོད་པའི་སྐོར་དེ་སྔོན་རྩོམ་པ་པོ་རང་ཉིས་ཀྱིས་སྐྱེ་བ་སྔ་པྱི་ཟེར་བ་རྩ་བ་ནས་ཁས་མི་ལེན་ནའང་རྩོམ་པ་པོའི་མིང་མི་དྲནརང་ཉིད་དངོས་སུ་གཟུགས་པོ་དང་ཁ་བྲལ་ནས་རང་ཉིད་ཟུར་དུ་ཆད་པའི་སྣང་བ་ཤར་བ་མ་ཟད། ད་དུང་འཆི་ལ་ཉེ་བའི་སྐབས་སུ་འཆར་གཞི་གང་ཞིག་ཡོད་པ་དེའི་རྗེས་སུ་ལེ་དབར་ཁྲི་སྟོང་དུ་མར་ཁད་ཀྱིས་སོང་བ་དང༌། སླར་ཡང་རང་གི་གཟུགས་པོའི་ནང་དུ་ཕྱིར་འཛུལ་པའི་སྣང་བ་རྗེན་པ་དངོས་སུ་བྱུང་རྗེས་ཤི་བའི་རྗེས་རྣམ་ཤེས་མེད་དུ་མི་འགྲོ་བ་རྣམ་ཤེས་དང་འགྲོགས་པའི་ཡིད་ལུས་ཤིག་འགྲོ་རྒྱུ་ཡོད་པ་ར་སྤྲོད་ཀྱིས་བརྩམས་པའི་དེབ་དེབ་དེའི་མིང་མི་དྲནདང༌། དེ་བཞིན་ཧིན་ཡིག་དང་དབྱིན་ཡིག་རྒྱ་ཡིག་ཁག་གི་གསར་ཤོག་དང་དུས་དེབ་དུ་མའི་ནང་དུ་གྲལ་རིམ་ངེས་མེད་ཀྱི་མི་སྣ་འདྲ་མིན་གྱིས་སྐྱེ་བ་སྔ་ཕྱི་དྲན་རབས་མི་ཉུང་བ་ཞིག་བཀོད་འདུག་པ་དེ་དག་སློབ་དགེ་རང་ཉིད་ཀྱིས་ཡིག་རིགས་གཞན་དག་མི་མཁྱེན་ན། རྒྱུས་ཡོད་གཞན་དང་གཞན་ལ་དེ་དང་དེའི་སྐོར་གྱི་གནས་ཚུལ་ལོ་རྒྱུས་ཞིབ་འབྲི་གནང་ནས་རྒྱལ་ཁབ་དང་མི་རིགས་གང་གི་དུས་དེབ་དང་གསར་ཤོག་རྩོམ་ཡིག་རྩོམ་པ་པོ་འདོན་ཐེངས་དཔེ་སྐྲུན་ཁང་དང་བཅས་པ་ངོ་སྤྲོད་གསལ་པོའི་ཐོག་ནས་སློབ་མ་ཚོར་ར་སྤྲོད་དང་སློབ་འཁྲིད་གནང་རྒྱུ།
ད་དུང་བོད་ཡིག་གི་ཐོག་ནས་བྲིས་པའི་ཉེ་རབས་དངོས་བྱུང་གི་ལོ་རྒྱུས་ཕྱོགས་བསྡེབས་ལྟ་བུར་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང༌། དེའི་ཐུགས་སྲས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཡབ་སྲས་ཀྱིས་མཛད་པའི་༵དུས་རབས་ཉེར་ཅིག་པའི་གཞོན་ནུ་རྣམས་ལ་བདམས་པཀདང༌། ༵སྐྱེ་བ་སྔ་ཕྱིའི་སྐོར་ཀགྱི་དེབ་འདི་དག་གི་ནང་ཉེ་རབས་འཛམ་གླིང་ནང་གྲགས་ཆེ་བའི་སྐྱེ་བ་སྔ་ཕྱིའི་སྐོར་སྐད་ཡིག་དུ་མའི་ཐོག་འཁོད་པའི་ལོ་རྒྱུས་མང་པོ་ཞིག་ཕྱོགས་བསྡོམས་བྱས་ཡོད།
རྫ་བ་བློ་བཟང་དཀོན་མཆོག་གི་སྐྱེ་བ་དྲན་པའི་ལོ་རྒྱུས་ད་ལྟར་འབྲི་བཞིན་པ་ཡིནསོགས་ཀྱི་ཐོག་ནས་སློབ་ཚན་གྱི་ཟུར་རྒྱན་ལྟ་བུ་བྱས་ནས་སློབ་ཁྲིད་གནང་རྒྱུ། སྐབས་འགར་སློབ་མ་ཚོར་ལྷན་སྐྱེས་ཀྱི་བསམ་བློ་གང་ཞིག་འདུག་པ་ཚོད་དཔག་ཆེད་སྐྱེ་བ་སྔ་ཕྱིས་མཚོན་པའི་ནང་ཆོས་ཀྱི་གཞི་རིམ་ཐོག་གླེང་མོལ་གནང་རྒྱུ་དང༌། སྐབས་འགར་སློབ་མ་ཕན་ཚུན་བགྲོ་གླེང་གནང་བཅུག་ན། དེ་དག་གི་ཐོག་ནས་སློབ་མ་ཚོའི་བསམ་བློའི་ནང་སྐྱེ་བ་སྔ་ཕྱིས་མཚོན་པའི་ཆོས་ཀྱི་ལྟ་གྲུབ་དང་བག་ཆགས་ཀྱིས་སེམས་རྒྱུད་ཟིན་འདུག་མིན་དང༌། དེ་ཉིད་མི་གཞན་དག་ལ་ར་སྤྲོད་བྱེད་སྟངས་ཐབས་ལམ་ཐོག་གནས་ཚད་གང་ཙམ་ཞིག་སླེབས་ཡོད་པ་དེ་ཚོད་དཔོག་གནང་ཐུབ་ངེས་ཡིན།
གལ་ཏེ་གོང་གསལ་ཐབས་ལམ་དེ་དག་ལ་མི་བརྟེན་པར་སློབ་དེབ་ནས་བཤད་པ་ལྟར་གྱི་སྐྱེ་བ་སྔ་ཕྱི་དང་ལས་འབྲས། དཀོན་མཆོག་བདེན་གཉིས་དང་བདེན་བཞི་བཅས་ཀྱི་གོ་དོན་དང་དབྱེ་བ་མཚན་གཞི་སོགས་བློ་ལ་བྱང་ངེས་པ་ཞིག་ཁྲིད་པའི་དབང་དུ་བཏང་ནའང༌། དེས་སློབ་མ་ཚོས་ཡིག་ཚད་སྐབས་སུ་རྒྱུགས་འཕྲོད་པ་ཙམ་དང་དྲི་བའི་སྐབས་སུ་ལན་འདེབས་ཐུབ་པ་ཙམ་མ་གཏོགས། སློབ་མའི་སེམས་ཁམས་དང་ནང་ཆོས་གཉིས་ཆུ་ལ་ཆུ་བཞག་ལྟ་བུའི་གཅིག་ཏུ་འདྲེས་མི་ཐུབ་པས། ནང་ཆོས་སློབ་ཁྲིད་དེ་ཉིད་ལུགས་སྲོལ་དང་མཛེས་ཚོན་ཙམ་མ་གཏོགས་ཕན་ཐོགས་གང་ཡང་མ་བྱུང་བ་རེད།
མདོར་ན་ནང་ཆོས་སློབ་འཁྲིད་གནང་བའི་དགོས་པ་ནི། སློབ་མའི་བསམ་བློ་ལ་ནང་ཆོས་ཀྱི་ཞག་རྩི་གོས་པ་དང༌། སློབ་མ་དེས་སློབ་མཐར་སོན་པའི་རྗེས་མ་ཤི་བར་དུ་ཕྱག་ལས་གང་ཞིག་གནང་ནའང་ལས་འབྲས་དང་མཐུན་པའི་ཐོག་ནས་སྤྱི་ཚོགས་ཞབས་ཕྱི་གནང་ཐུབ་པ་ཞིག་དགོས་པ་དེ་ཡིན། སློབ་ཚན་དང་སློབ་གསོ་འདིས་མ་འདང་པའི་རྐྱེན་གྱིས་གཞིས་བཞུགས་མཐོ་སློབ་མཐོན་མཁན་མི་ཉུང་བ་ཞིག་ཆོས་ལུགས་ནི་རྗེས་ལུས་ཀྱི་གཞི་རྩར་འཛིན་པ་དང༌། ཆོས་ཀྱི་ཞག་རྩི་མེད་པའི་རྐྱེན་གྱིས་མི་རིགས་དང་རྒྱལ་ཁབ་གཞན་གྱི་སློབ་མཐོན་པ་མཁས་པ་མང་པོ། མི་བསད་ཁྲག་སྦྱོར་དང༌། འབར་འགད་གཏོར་གསུམ་ཅི་རིགས་སྣ་ཚོགས་བྱས་དང་བྱེད་བཞིན་པའི་ལོ་རྒྱུས་འདི་རིགས་མཐོས་ཅོས་ཡོད་པ་ཡིན་པ། འདི་དག་རིགས་རང་རེའི་སློབ་མའི་ཁྲོད་ནས་མི་ཡོང་བ་གནང་སའི་འགག་རྩ་ཡང་སློབ་ཚན་འདི་ཉིད་དང་སློབ་གསོ་འདི་ཉིད་ལ་རགས་ལས་ཡོད།
༣ སློབ་ཚན་ཁྲིད་སྟངས་དང་འབྲེལ་བའི་ཀུན་སྤྱོད།
ཆོས་དགེ་ནི་སློབ་དགེ་གཞན་དང་མི་འདྲ་བར་ནང་བསམ་བློའི་ཐོག་ནས་དུག་གསུམ་ལ་ཁ་གཏོད་ངེས་ཅན་ཐུབ་མཁན་གྱི་གྲས་ཤིག་ངོས་འཛིན་མི་ཞུ་མཐུ་མེད་ཡིན་པས། དེ་དང་འབྲེལ་བའི་ཀུན་སྤྱོད་ཀྱང་དམ་ཟམ་ངེས་ཅན་ཞིག་གནང་དགོས། སློབ་དགེ་གཞན་དག་ལ་མཚོན་ན་ཁྱིམ་ན་བཟའ་ཟླ་དང་འཁྲུག་པ་ཤོར་པའི་འཐབ་རྩོད་ཀྱི་བསམ་བློ་དེ་ཉིད་འཛིན་ཁང་དུ་ཁྱེར་ནས་རྒྱུ་མཚན་མེད་པར་སློབ་ཕྲུག་ཚོར་ཁ་རྡུང་གཏོང་བ་དང༌། ཁྱིམ་ཀྱི་དཀའ་ངལ་དང་སྡུག་བསྔལ་ལུས་ཐོག་ཏུ་ཁུར་ནས་འཛིན་ཁང་ནང་ངོ་གདོང་རྫ་རི་ལྟར་གནག་ནས་འཛུལ་བ།
འགའ་ཞིག་འཛིན་ཁང་ནང་དུ་སློབ་མ་བུ་མོ་རྣམ་པ་ཡག་གྲས་ཀྱི་འཁྲིས་སུ་བསྡད་ནས་འབྲེལ་མེད་ཀྱི་སྐད་ཆ་བཤད་དེ། སློབ་ཁྲིད་ཟུར་འཇོག་བྱེད་པ་དེ་འདྲས་མཚོན། ལུས་སེམས་རྒྱ་ཡན་དུ་སོང་བའི་ཀུན་སྤྱོད་ཀྱི་རྐྱེན་པས་སློབ་མའི་ཚོར་ངོར་དགའ་སྣང་འདྲེན་མི་ཐུབ་པ་དང༌། སློབ་དགེ་ལ་ཡིད་ཆེས་བརླགས་པ་དེ་འདྲ་ཡང་ཡོང་མི་སྲིད་པ་མིན་པས། ཆོས་དགེ་ཞིག་གི་ངོས་ནས་བཤད་ན་དེ་འདྲ་འོང་བའི་གཞི་རྩ་མེད་པས་ཡོང་དོན་མེད་མོད། འོན་ཏེ་དེའི་ཐོག་དོ་སྣང་ཆེན་པོ་གནང་རྒྱུ་དེ་ཤིན་ཏུ་གལ་ཆེ་སྙམ།
ཆོས་རིག་སྣང་བ་དམ་པའི་འོད་སྣང་གིས། །
མི་ཚེ་ཕྱེད་ཀ་འཚོ་བའི་ལམ་སྣེ་ནས། །
གོམས་པས་སེམས་རྒྱུད་གྲོལ་བ་མ་ནུས་ཀྱང༌། །
ཐོས་དོན་འཆད་པའི་སྤོབས་པ་ཅུང་ཟད་བརྟས། །
དེ་ཕྱིར་འདི་ན་གང་ཞིག་བརྗོད་པ་དག །
ངང་པས་མཚོ་ལས་འོ་མ་ལེན་བ་བཞིན། །
གང་ཞིག་ཕན་པའི་གྲུབ་ཆ་ཅུང་ལྡན་ན། །
དེ་དག་དགོངས་པའི་ཀློང་དུ་སྟིམས་པར་འཚལ།།
ཤིས་སྨོན་བཅས་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་གི་ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
༡ ཆོས་དགེ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཨ་ལེ་ད་རུང་ཕར་གཡུག་ཞོག སྤྱི་འཐུས་ཤིག་ལ་ཚང་དགོས་པའི་ཆ་རྐྱེན་ལྷག་པར་དུ་ཆོས་ལུགས་ཀྱི་སྤྱི་འཐུས་ཤིག་ལ་ཚང་དགོས་པའི་ཆ་རྐྱེན་དེ་ཚོ་དང་། རང་ཉིད་ལ་ཆ་རྐྱེན་གང་ཞིག་ཚང་གི་མེད་པ་དེ་ཚོ་ངོས་ལེན་བྱོས་དང་།
༢ ཨ་ལེ་ད་རུང་སློབ་ཁྲིད་གནང་ཕྱོགས་དེ་ཚོའང་ཕར་གཡུག་ཞོག གྲོས་ཚོགས་སྐབས་བསམ་བློ་གུ་དོག་མཁྲེགས་འཛིན་མ་བྱས་པར་བསམ་བློ་གུ་ཡངས་དཀྱེལ་ཆེའི་སྒོ་ནས་བགྲོ་གླེང་སྦྱངས་བཤད་བྱེད་སྟངས་དེ་ཚོར་སློབ་སྦྱོང་ཡག་པོ་གནང་རོགས།
༣ སློབ་ཚན་ཁྲིད་སྟངས་དང་འབྲེལ་བའི་ཀུན་སྤྱོད་ཀྱང་ཕར་གཡུག་ཞོག སྤྱི་འཐུས་གྲོས་ཚོགས་སྐབས་ཀུན་སྤྱོད་ག་འདྲ་ཞིག་འཛིན་དགོས་པ། མ་མཐའ་ཡང་སྒྲིག་འགལ་དང་ཁྲིམས་འགལ་བྱེད་མ་དགོས་པ། གྲོས་ཚོགས་འཚོགས་པར་གཏོར་བརླག་མ་ཐེབས་པའི་སྤྱོད་པ་ཞིག་བསྐྱང་ཐུབ་ན་ཐུགས་རྗེ་ཆེ།
རང་ཉིད་ཀྱི་སྒོ་གསུམ་ལ་ཨི་ཁུང་བརྡོལ་ནས་རྣག་བསགས་བསྡད་ཡོད་ཀྱང་ད་རུང་གཞན་ལ་བསླབ་བྱ་འདྲ་ཞིག་རྒྱག་ཁུལ་བྱེད་པ་འདི་ལས་ཨུ་ཐུག་གི་བྱ་བ་ཞིག་མཐོང་དཀོན་ནོ།
རྩོམ་ཉོབ་དེ་མང་ཆེ། གོ་རྒྱུ་མེད་ཆེ། ཀློག་འདོད་ལར་ནས་སྐྱེ་མ་སོང་། སྐྱབས་མགོན་རིན་པོ་ཆེའི་བཀའ་རེད་ཟེར་གྱིན་འདུག་གཞི་རིམ་སློབ་གྲྭར་བསྡུས་གྲ་བསླབ་ཡ་དེ། དེ་ཡིན་ན་ཐང་། གཞན་དུ་དུས་ཚོད་འཕྲོ་བརླག་རང་རེད་འདུག དེའི་ཚབ་དུ་དངོས་གནས་རྗེ་རིན་པོ་ཆེའི་མཚད་པའི་ཚད་མའི་དཀའ་གནས་བསྡུས་པ་དེ་ཕར་ཁ་གཏུག་ཁྲིད་ན་དགེ་མཚན་ཆེ་བར་མཐོང་། བསྡུས་གྲྭ་ལོ་གསུམ་བསླབ་ཀྱང་སྐྱབས་སུ་འགྲོ་ཚུལ་ཡག་པོ་ཞིག་ནི་ཤེས་ཀྱི་མི་འདུག རྗེ་རིན་པོ་ཆེའི་ཚད་མའི་དོན་བསྡུས་དེ་བསླབ་ན་སློབ་མའི་རྒྱུད་ལ་དགེ་ལུགས་པའི་བག་ཆགས་ཞིག་ཀྱང་ཞོག་ཐུབ་ཀྱི་རེད་ལ། རིག་ལམ་ཀྱང་ཕལ་ཆེར་ལོབ་རྒྱུ་རེད།
བེ་རི་འཇིགས་མེད་ལགས་སྐུ་ཁམས་བཟང་། ང་རང་ཆོས་དགེ་མིན་ཡང་སློབ་གྲྭའི་ནང་གི་ལས་བྱེད་ཆུང་ཆུང་ཞིག་ཡིན། རང་རིགས་གཞོན་སྐྱེས་རྣམས་ལ་རང་གི་རིགས་གཞུང་སློབ་སྟོན་ཞུ་རྒྱུ་ནི་ང་ཚོ་འབྲེལ་ཡོད་ཚང་མའི་ལས་འགན་ཡིན་པས། ང་ཚོས་གང་ཐུབ་ཞུ་དང་ཞུ། ལྷག་པར་བཙན་བྱོལ་སྤྱི་ཚོགས་ནང་ཆོས་དགེ་མེད་པའི་སློབ་གྲྭ་མང་བ་ཡོད་པ། ཁྱེད་རང་ཤེས་ཡོན་ཅན་ཞིག་དང་སྤྱི་འཐུས་ཤིག་གིས་དེ་བས་ཀྱང་གསལ་གསལ་མཁྱེན་ངེས་རེད། ཁྱེད་རང་གི་གསུངས་པའི་སྐྱེ་བ་སྔ་ཕྱི་དྲན་པའི་དེབ་དང་ཚགས་པར་སྐད་རིགས་འདྲ་མིན་ལ་ཡོད་པ། དེ་བཞིན་བར་མདོ་དྲན་པའི་དབྱིན་དེབ་སོགས་མིང་ཐོས་པ་ཙམ་གྱི་ངོ་མཚར་ཆེ། ཁྱེད་རང་ནས་སློབ་གྲྭ་ཁག་ལ་དེ་འདྲའི་དེབ་དང་བརྙན་འཁོར་རྩ་ཆེན་(ཡིད་ཆེས་འཕེར་ངེས་ཀྱི་རྒྱུ་མཚན་ཡོད་པའི་)གྲངས་རེ་གཉིས་ཤིག་དང་། གོང་གསལ་ནང་དོན་དེ་དག་ལྡན་པའི་ཚགས་ཤོག་གི་མིང་དང་། ཟླ་ཚེས་ཞིབ་འཁོད་ཀྱི་ཐོ་གཞུང་ཞིག་སྐུར་རོགས་གནང་། མ་མཐར་ཡང་ཁྱེད་རང་གིས་བཀླགས་ཚར་བའི་དེབ་དང་ཚགས་པར་གི་ཐོ་ཁ་གསལ་ཞིག་སློབ་གྲྭ་ཁག་ལ་བསྐུར་གནང་ཡོང་བ་མ་ཟད་དྲྭ་ཐོག་ཏུ་ཡང་བཀོད་རོགས་གནང་། ཁྱེད་རང་གིས་བསམས་པ་དེ་འབྲལ་མེད་དུ་འགྲོ་མདོག་ཁ་པོ་མ་རེད་ལགས།
བསྡུས་གྲྭ་བསླབ་པ་ཞེས་པ་དེར་བསམ་བློ་ཞིག་གཏོང་དགོས། བསྡུས་མང་པོ་ཡོད་པའི་གང་ཞིག་བསླབ་དགོས།
ངས་བྱས་ན་བསྡུས་གྲྭ་བསླབ་རྒྱུ་ཡོད་མ་རེད་ཟེར་མཁན་ཚོའི་བསམ་བློའི་ནང་གི་བསྡུས་གྲྭ་ནི། བསེ་བསྡུས་གྲྭ་དང་རྭ་སྟོད་བསྡུས་གྲྭ་ལྟ་བུར་བསམ་བློ་གཏོང་གི་ཡོད་རེད། དངོས་གནས་དེ་ཚོ་བསླབ་བསྡད་ན་དུས་ཚོད་མང་པོ་དང་མགོ་རྙོག་གི་རེད།
དེ་མིན་བསྡུས་གྲྭ་ཆུང་ཆུང་དེ་འདྲ་དང་། དེ་ཡང་རིགས་ལམ་ཆུང་ངུའི་རྣམ་གཞག་ལྟ་བུ་ཞིག་བསླབ་ཐུབ་ན་དཔེ་ཡང་པོ་འདུག རྗེས་མ་ཁོང་ཚོའི་བོད་ཀྱི་ནང་ཆོས་ཀྱི་གཞུང་གང་ཞིག་ཀློག་ན་གོ་བརྡ་འཕྲོད་བདེ་བའི་ཕན་ཐོག་ཆེ།
ཨ་མྱས་རྨ་ཆེན་རྡུང་རྡུང༌༎
རྒྱ་མི་རྡུང་རོགས་བྱས་ན༎
མདའ་ཚན་མགོན་པོ་ཚེ་རིང༌༎
མགོན་པོ་དངོས་གནས་ལས་ཆགས༎
ལི་ཐང་ཨ་ཐར་རྡང་རྡང་༎
རྒྱ་ལ་རྡང་པོ་བྱེད་ན༎
མཛན་ཚན་མགོན་པོ་ཚེ་རིང༌༎
དངོས་གནས་དཔའ་བོ་ཡིན་འགྲོ༎