ཞི་བདེའི་ཕོ་ཉ་ནས།
ཉེ་ལམ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་གསུང་ཕེབས་པ་ལྟར་ད་ལྟ་འཛམ་གླིང་གི་བོད་མི་ཡོངས་ནས་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐག་གཅོད་བྱ་ཕྱིར་ཚ་ཚ་འུར་འུར་སྒོས་དམིགས་བསལ་ཚོགས་ཆེན་ཚོགས་པར་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར།
ད་ལྟ་འཛམ་གླིང་གི་བོད་རིགས་འདུས་སྡོད་བྱེད་ས་གང་དང་ཀུན་ཏུ་ཚ་ཚ་འུར་འུར་སྒོས་རང་རང་གི་བསམ་ཚུལ་སྣ་ཚོགས་འདོན་བཞིན་པའི་སྐབས་འདིར།
འདིར་གཞིས་སྡོད་བོད་རིགས་མི་མང་གི་གུང་ཁྲན་ཏང་གི་གདུག་རྩུབ་ཆེན་པོའི་དྲག་གནོན་འོག་ན་རང་ཉིད་ཀྱི་བསམ་ཚུལ་ཕྱིར་འདོན་རྒྱུའི་གོ་སྐབས་ཕར་ཞོག རྒྱུན་ལྡན་གྱི་འཚོ་བ་ལ་ཡང་དཀའ་ངལ་རབས་དང་རིམ་པ་ཞིག་འཕྲད་བཞིན་ཡོད་པས་མངོན་གསལ་དོད་པོའི་སྒོ་ནས་བཀའ་གསུང་དེ་བསྒྲུབས་ཐུབ་ཐབས་བྲལ་མོད། ཡིན་ན་ཡང༌། འདིར་བོད་མི་གང་མང་ཞིག་ནས་དེ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། དེ་ལ་འཇིགས་སྔངས་དང་སེམས་ཁྲལ་ཡང་ཆེན་པོ་བྱེད་བཞིན་འདུག འཇིགས་སྔངས་དང་སེམས་ཁྲལ་བྱེད་དོན་ནི། གཙོ་བོ་ཉེ་ཆར་ྋགོང་ས་མཆོག་སྐུ་བསྙུང་བཞེས་པའི་སྐབས་དེ་ག་རང་ལ་ཚོགས་ཆེན་འདི་འདྲ་ཞིག་སྐོང་དགོས་པར་བཀའ་ཕེབས་པ་དེ་ལ་མི་མང་གིས་སེམས་ཁྲལ་བྱེད་གཞིར་གྱུར་བ་དང༌། གཞན་ཞིག་ནི་ད་ལྟ་མི་མང་གང་མང་ཞིག་ནས་རང་བཙན་དང་འཐབ་འཁྲུག་གི་ལམ་ལ་དུང་པ་བྱེད་མཁན་ཡང་མང་པོ་ཡོད་པས། ྋགོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་དཀའ་ལས་བརྒྱབ་སྟེ་བསྐྲུན་པའི་ཞི་བདེ་གཉིས་མོལ་གྱི་རྨང་གཞི་བརྟན་པོ་དེ་གཏོར་མི་ཡོང་ངམ་སྙམ་པ་དེ་རེད།
དེས་སྟབས་ཀྱིས་འདིར་ང་ཚོས་བོད་ནང་ཁུལ་གྱི་ཐོབ་ཐང་མི་འདྲ་བའི་མི་གང་མང་ཞིག་ལ་བགྲོ་གླེང་དང་བསམ་ཚུལ་རྒྱུས་ལོན་ཟབ་མོ་བྱས་པ་ལྟར་ན་སྡོམ་ཚིག་གསུམ་ལ་འདུས་ཡོང་གི་འདུག
༡ རང་བཙན་གྱི་ལམ་ལ་འགྲོ་དགོས་ཟེར་བ་དང༌།
༢ ྋགོང་ས་མཆོག་གི་དབུ་ཁྲིད་ཀྱི་ལམ་དུ་ཤར་རྒྱག་འགྲོ་དགོས་ཟེར་བ་དང༌།
༣ བརྒྱ་ཁ་གཅིག་གྲགས་ཀྱིས་གནས་ཚུལ་ཅི་ལ་ཐུག་ཀྱང་གང་མགྱོགས་ཅི་མགྱོགས་ཀྱིས་ྋགོང་ས་མཆོག་བོད་ལ་གདན་་
འདྲེན་ཞུ་དགོས་ཟེར་བ་བཅས་རེད།
དེ་ལས་ཀྱང་ྋགོང་ས་མཆོག་གི་དབུ་ཁྲིད་ཀྱི་ལམ་ལ་མོས་མཐུན་བྱེད་མཁན་ཧ་ཅང་མང་ལ་ཤེས་ཡོན་ཅན་གང་མང་ཞིག་ནས་དེ་ལ་གདེངས་འཇོག་དང་དབྱེ་ཞིབ་ཀྱང་གང་མང་བྱེད་བཞིན་པ་གཤམ་གསལ་ལྟར།
དང་པོ། དབུ་མའི་ལམ་གྱི་གྲུབ་འབྲས་དང་རྒྱལ་ཁ།
ད་ལྟའི་བར་དུ་ྋགོང་ས་མཆོག་གི་དབུ་མའི་ཐབས་ལམ་ལ་བསྟེན་ནས་བོད་དོན་ཐག་གཅོད་ཐད་ཐ་མའི་གྲུབ་འབྲས་སམ་ཐག་གཅོད་མ་བྱུང་བ་དོན་དངོས་ཡིན་མོད། ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཕུལ་དུ་བྱུང་བའི་ཐབས་ལམ་དེ་ལ་བརྟེན་ནས་བོད་དོན་ཐག་གཅོད་ཐད་རྨང་གཞིའི་མཐུན་རྐྱེན་ནམ་དགོས་ངེས་པའི་གཞི་རྩའི་ཆ་རྐྱེན་བརྟན་པོ་ཞིག་འཛུགས་ཐུབ་ཡོད་པ་གཤམ་གསལ།
༡ རྒྱ་གར་འཕགས་པའི་ཡུལ་དུ་བོད་བཙན་བྱོལ་གཞུང་མ་ལག་དང་བཅས་པ་བརྟན་པོར་བཙུགས་ཤིང༌། འཛམ་གླིང་
ས་ཁུལ་གང་སར་ཡོད་པའི་བོད་རིགས་ཕལ་ཆེར་མ་བསྐུལ་དང་བླངས་ཀྱིས་གཞུང་འདིའི་འོག་ཏུ་འཚོ་སྡོད་བྱེད་བཞིན་པ་དང༌། ཐ་ན་བོད་ནང་ཡོད་པའི་མི་མང་ཡོངས་ནས་ཀྱང་ཕྱི་ལོགས་སུ་རང་ཉིད་ལ་སྲིད་གཞུང་ཞིག་ཡོད་པའི་ཡིད་ཆེས་དང་སྤོབས་པ་བྱེད་བཞིན་ཡོད་པ་འདི་ནི་བོད་དོན་དང་བོད་མི་མང་གི་རྒྱལ་ཁའི་རྨང་གཞི་གཙོ་བོ་དེ་ཡིན། འདི་ནི་ྋགོང་ས་མཆོག་གི་གྲུབ་འབྲས་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་མི་ཡོངས་ནས་གཞུང་འདི་སྲ་བརྟན་ཡུན་གནས་ཡོང་པའི་ཐབས་ཤེས་འབད་བརྩོན་གནང་རྒྱུ་ཤིན་ཏུ་གལ་ཆེ་བའོ།། དཔེར་ན། གལ་ཏེ་བོད་ཀྱི་གནད་དོན་ཐག་མ་ཆོད་པར་ྋགོང་ས་མཆོག་དགོངས་པ་རྫོགས་པ་ཡིན་ནའང་ད་དུང་མུ་མཐུད་དུ་གཞུང་འདི་བརྟན་པོར་གནས་ཐུབ་པའི་ཕྱོགས་ལ་བོད་མི་ཡོངས་ནས་འབད་བརྩོན་ཞུ་དགོས་པ་མ་ཟད་འཛམ་གླིང་གི་ས་གནས་གང་སར་ཡོད་པའི་བོད་རིགས་འདུས་སྡོད་བྱེད་པ་ཚང་མར་གཞུང་གི་ཡན་ལག་ལས་ཁུངས་འཛུགས་རྒྱུ་དང་དེ་ལ་ཀུན་གྱིས་བརྩི་བསྲུང་བྱ་རྒྱུ་ཤིན་ཏུ་གལ་ཆེའོ།།
༢ བོད་མི་རིགས་ཟེར་བ་འདི་མན་ཇུ་ནང་བཞིན་རྩ་མེད་དུ་མ་སོང་བར་ད་དུང་མུ་མཐུད་དུ་ཐུན་མོང་མ་ཡིན་པའི་མི་རིགས་ཤིག་དང་རིག་གནས་ཤིག་གི་ངོ་བོར་གསོན་པོར་གནས་ཐུབ་པ་འདིའང་ྋགོང་ས་མཆོག་གི་སྐུ་ཚེའི་གྲུབ་འབྲས་ཆེ་ཤས་ཤིག་ཡིན།
༣ བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་ལའང༌། ཨ་རི་གཙོ་བྱས་པའི་རྒྱལ་ཁབ་གང་མང་ཞིག་གི་མཐོ་རིམ་དཔོན་པོ་དང༌། གྲོས་ཚོགས་འཐུས་མི་སོགས་ཧ་ཅང་མང་པོས་ྋགོང་ས་མཆོག་གི་དབུ་མའི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་དང༌། རྒྱ་ནག་གཞུང་ལའང་ྋགོང་ས་མཆོག་གི་ལངས་ཕྱོགས་དབུ་མའི་ཐབས་ལམ་དེ་རྒྱ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཡག་ཤས་དེ་ཡིན་པས་ྋགོང་ས་མཆོག་དང་ལྷན་དུ་གྲོས་མོལ་གྱི་ལམ་ནས་རྒྱ་བོད་གནད་དོན་ཐག་གཅོད་བྱེད་དགོས་པ་འི་སྐུལ་འདེད་ཤུགས་ཆེར་གནང་བཞིན་པ་འདི་རྒྱ་བོད་གནད་དོན་ཐག་གཅོད་བྱེད་པ་ལ་མེད་དུ་མི་རུང་བའི་མཐུན་རྐྱེན་གཙོ་བོ་ཡིན་ལ། དེ་ཡང་ྋགོང་ས་མཆོག་གི་གཉིས་ཕན་དབུ་མའི་ལམ་གྱི་གྲུབ་འབྲས་གཙོ་བོ་དེ་ཡིན་པ་ཀུན་གྱིས་སྐབས་འདིར་དྲན་དགོས།
༤ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་པ་དང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག དམངས་གཙོའི་ཚོགས་སྡེ་ཁག འཛམ་གླིང་ཐོག་གི་སྐད་གྲགས་ཅན་གྱི་མི་སྣ་མང་པོ། དྲང་བདེན་ལ་དགའ་བའི་མི་མང་དུང་ཕྱུར་མང་པོས་བོད་དོན་ལ་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་པ་འདི་ཡང་ྋགོང་ས་མཆོག་གི་ལྷག་བསམ་དག་པའི་ཞི་བདེའི་མཛད་སྤྱོད་བཟང་པོའི་ཉེར་ལེན་ལ་བརྟེན་ནས་བྱུང་བའོ།།
༥ མདོར་ན་བོད་ཀྱི་གནད་དོན་ཟེར་བ་འདི་རང་དབང་དང་དམངས་གཙོ། ཆོས་ལུགས་དད་མོས་དང༌། འགྲོ་བ་མའི་ཐོབ་ཐང་སོགས་ཕྱོགས་ཡོངས་ནས་ས་ཕྱར་ཏེ་རྡོ་ལྷང་ལ་བུད་པའི་དཔེར་ལྟར་རྒྱ་ནག་གུང་ཁྲན་ཏང་གིས་འགེབ་ས་སྐུང་ས་ཅི་ཡང་མ་རྙེད་པར་དབང་མེད་དུ་གྲོས་མོལ་བྱེད་དགོས་པར་གྱུར་པ་སོགས་བོད་དོན་ནི་ད་ལྟ་དངོས་སུ་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ་ཐ་མའི་ཐག་གཅོད་ཀྱི་དུས་སུ་སླེབས་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གུང་ཁྲན་ཏང་གིས་རྒྱུ་མཚན་གནས་ལུགས་ཅི་ཡང་མེད་པར་ཐ་མའི་ཐག་གཅོད་ཀྱི་འགག་རྩར་གཏུགས་པའི་བོད་དོན་དེ་ལ་ཕར་གཡོལ་ཚུར་གཡོལ་བྱས་ནས་བསྡད་ཡོད་པ་རེད། དེ་ལྟར་སྟོབས་ཆེན་རྒྱ་ནག་གཞུང་དང་འདྲ་མཉམ་གྱི་སྒོ་ནས་ཁ་གཏད་དུ་ལངས་ཏེ་རྒྱ་ནག་དམར་པོའི་སྲིད་གཞུང་ཅི་བྱ་འདི་བྱེད་མེད་པའི་ཚོད་ལ་ལྷུང་བ་འདི་ནི་ྋགོང་ས་སྐྱབས་མགོན་ཆེན་པོའི་ཞི་བདེ་དང་དྲང་བདེན་གྱི་དགོངས་སྤྱོད་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་པ་མ་ཤེས་པར། དབུ་མའི་ལམ་ལ་གྲུབ་འབྲས་གང་ཡང་མ་བྱུང་ཟེར་བ་ནི་གླེན་པ་སྨྱོན་པ་དགྲ་བོའི་རྒྱབ་རྩ་བྱེད་མཁན་ཞིག་ཡིན་ན་མ་གཏོགས་སུ་ཞིག་གིས་བཤད་ཕོད། དེས་སྟབས་ཀྱིས་ད་ལྟ་ང་ཚོས་དབུ་མའི་ལམ་སྤངས་ཏེ་ཁ་ཕྱོགས་གཞན་ཞིག་ཏུ་འགྲོ་དགོས་ཟེར་ན། དེ་ནི་ད་ལྟ་ང་ཚོས་ཐ་མའི་ཐག་གཅོད་ཀྱི་འགག་རྩར་ཐུག་པའི་བོད་དོན་དེར། ཕྱོགས་ཡོངས་ནས་བདེན་པ་མངོན་འགྱུར་གྱི་མཐུན་རྐྱེན་ཚང་བ་དེ་ཆུ་ལ་གཡུག་ནས་གཞི་མེད་ས་ཞིག་ལ་འཇུ་ཟེར་བ་དང་གཅིག་མཚུངས་མ་རེད་དམ།
གཉིས་པ། རྒྱ་ནག་གིས་བོད་དོན་ཐག་མི་གཅོད་པའི་རྒྱུ་མཚན།
ཕྱི་རྐྱེན་དང་ནང་རྐྱེན་དུས་སྐབས་ཀྱི་ཕྱོགས་གང་ནས་ལྟོས་ནའང་རྒྱ་ནག་རང་གི་རྩ་ཁྲིམས་དང་མི་འགལ་བའི་སྒོ་ནས་བོད་ཀྱི་གནད་དོན་འདི་ལས་སླ་བོའི་སྒོ་ནས་ཐག་གཅོད་བྱེད་ཐུབ་ལ། ཐག་གཅོད་བྱེད་རན་པའི་སྐབས་འདིར་གུང་ཁྲན་ཏང་གིས་བོད་ཀྱི་གནད་དོན་ཐག་གཅོད་རྒྱུ་མིན་ཟེར་ནས་མིག་བཙུམས་ནས་སྡོད་པའི་རྒྱུ་མཚན་ཅི་རེད་ཟེར་ན། དེ་ནི་རྒྱུ་མཚན་གཅིག་ལ་ཐུག་སྟེ། རྒྱལ་ཁབ་འདིའི་ནང་རང་དབང་དང་དམངས་གཙོ་ཟེར་བ་དེ་དྲི་ཙམ་ཡང་མེད་པའི་རྐྱེན་གྱིས་རེད། གལ་ཏེ་བོད་ལ་ཆེས་མཐོའི་རང་སྐྱོང་སྤྲད་ཚེ་རྒྱལ་ཁབ་ཁ་བྲལ་ལ་འགྲོ་པའི་ཉེན་ཁ་ཡོད་པ་མ་ཡིན་པར། དེས་རྐྱེན་གྱིས་ཀྲུང་གོ་དམངས་གཙོ་རང་དབང་ཅན་གྱི་ཕྱོགས་སུ་མཆོང་བསྐྱོང་ཆེན་པོ་ཞིག་བྱས་པ་ཡིན་པས། རྐྱེན་དེས་གུང་ཁྲན་ཏང་གི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་གཡོ་འཁྱོམ་འགྲོ་སྲིད་པ་དེ་ནི་གུང་ཁྲན་ཏང་གིས་བོད་ཀྱིགནད་དོན་ཐག་མི་གཅོད་པའི་རྒྱུ་མཚན་གཙོ་བོ་དེ་རེད།
གསུམ་པ། བོད་དོན་ཐག་གཅོད་ཀྱི་གཞི་རྩའི་ཐབས་ལམ།
དེ་ལྟར་ང་ཚོས་བོད་ཀྱི་གནད་དོན་ཀྱི་གནས་སྟངས་དང༌། གུང་ཁྲན་ཏང་གི་ཅིའི་ཕྱིར་བོད་དོན་ཐག་མི་གཅོད་པ། རྒྱ་ནག་དམངས་གཙོ་རང་དབང་ཅན་དུ་འགྱུར་རྒྱུ་དང་བོད་དོན་ཐག་གཅོད་གཉིས་མཉམ་ཤི་མཉམ་གནས་ཡིན་པ་བཅས་ཀྱི་གནས་ལུགས་གསལ་བོར་ཤེས་པ་ན། ད་གཟོད་ང་ཚོ་འགྲོ་དགོས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་ཡང་གསལ་བོར་མཐོང་ཐུབ་སྟེ། ང་ཚོས་མངོན་གསལ་དོད་པོ་དང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་སྟེ་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་སྒོ་ནས་བོད་ས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་རྒྱུར་འགྱུར་བ་མི་གཏོང་རྒྱུ་མ་ཟད། དེ་ལྟར་གཞུང་དམངས་གཉིས་ནས་མངོན་གསལ་དོད་པོའི་སྒོ་ནས་འཛམ་གླིང་མི་མང་དང་རྒྱ་རིགས་མི་མང་ལ་ཤེས་སུ་འཇུག་དགོས། ཁོ་ཚོར་ཕྱི་གསལ་ནང་གསལ་སྒོས་ཡིད་ཆེས་ཐོབ་པ་བྱེད་དགོས། ང་ཚོས་རྒྱ་ནག་གཞུང་གིས་བཤད་པའི་རྒྱལ་ཁབ་གཅིག་གྱུར་ལ་སྲུང་བརྩི་བྱེད་དགོས་ལ་དེའི་དགོས་པ་རྒྱུ་མཚན་བོད་མི་མང་ལ་ཤེས་སུ་འཇུག་དགོས། ད་དུང་རྒྱ་བོད་ཕྱོགས་གཉིས་གས་ཁ་བྲལ་དུ་མི་འགྲོ་བ་གསུམ་ལ་བརྩི་སྲུང་ཞུ་དགོས།
༡ རྒྱལ་ཁབ་ཁ་བྲལ་དུ་མི་གཏོང་བ་བྱེད་དགོས། དཔེར་ན། བོད་རྒྱ་ནག་ལས་ལོགས་སུ་གྱེས་ཏེ་རང་བཙན་བྱེད་པ་ལྟ་བུ། ༢ མི་རིགས་ཕན་ཚུན་ཁ་བྲལ་དུ་མི་གཏོང་བ་བྱེད་དགོས། དཔེར་ན། རྒྱ་བོད་ཁ་ཆེའི་མི་རིགས་སོགས་ཀྱི་བར་འགལ་ཟླ་དཀྲུགས་ཤིང་བཟོ་བ་ལྟ་བུ། ད་ལོ་གུང་ཁྲན་ཏང་གིས་བོད་པ་རྣམས་གྲོགས་མེད་ཁེར་རྐྱང་བཟོ་ཕྱིར་མི་རིགས་ཁ་བྲལ་བཟོ་བའི་ལས་འགུལ་ཚབས་ཆེན་སྤེལ་བ་རེད།
༣ མི་རིགས་ནང་ཁུལ་ཁ་བྲལ་དུ་མི་གཏོང་བ་བྱེད་དགོས། དཔེར་ན། བོད་ཀྱི་ས་དུམ་བུར་བཅད་པ་དང༌། བོད་མི་རིགས་ནང་ཁུལ་ལ་རྒྱུ་དང་དབང་ཤུགས་སྤྱད་ནས་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་བ་ལྟ་བུ། ང་ཚོས་མཉམ་འབྲེལ་བྱེད་དགོས་པ་གསུམ་གྱི་སྒོ་ནས་སྔར་ལས་ལྷག་པའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་རྒྱ་ནག་དམངས་གཙོ་དང་བོད་ལ་རང་སྐྱོང་དོན་དང་ལྡན་པ་ཞིག་ཐོབ་པར་འབད་བརྩོན་བྱེད་དགོས།
༡ འཛམ་གླིང་ལ་མཉམ་འབྲེལ་བྱེད་དགོས། དཔེར་ན། སྲིད་གཞུང༌། ཚོགས་པ། མི་མང༌། ཆོས་ལུགས། སློབ་གསོ་སོགས་ཕྱོགས་ཡོངས་ནས་འཛམ་གླིང་གི་སྤྱི་ཚོགས་ཡོངས་ལ་མཉམ་འབྲེལ་སྔར་ལས་ལྷག་པ་བྱེད་དགོས།
༢ རྒྱ་ནག་མི་མང་ལ་མཉམ་འབྲེལ་བྱེད་དགོས། དཔེར་ན། རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་རྒྱ་རིགས། ཚོགས་པ། ལས་བྱེད། སློབ་ཕྲུག ཚོང་པ། མང་ཚོགས་སོགས་ལ་མཉམ་འབྲེལ་དང་ཁོང་ཚོར་ྋགོང་ས་མཆོག་གི་དབུ་ཁྲིད་པའི་བོད་མི་མངས་ཀྱི་ལངས་ཕྱོགས་རྒྱུས་ལོན་དང་གོ་རྟོགས་མཐོ་རུ་གཏོང་དགོས། ལྷག་པར་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་ཡོད་པའི་རྒྱ་རིགས་སྲིད་དོན་ཚོགས་པ་ཁག་དང༌། དམངས་གཙོ་རང་དབང་ཚོགས་པ་ཁག་ལ་མཐུན་སྒྲིལ་གྱིས་རྒྱལ་སྤྱིའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས།
༣ བོད་ཕྱི་ནང་མཉམ་འབྲེལ་བྱེད་དགོས། དཔེར་ན། བརྒྱུད་ལམ་དང་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ་བོད་ཕྱི་ནང་གཉིས་ཕན་ཚུན་མཉམ་འབྲེལ་དང་རྒྱུས་ལོན་གཏིང་ཟབ་ཏུ་བཏང་ནས་དབུ་མའི་ལམ་ལ་ཤར་བསྐྱོད་ཐུབ་པ་དགོས།
བཞི། ྋགོང་ས་མཆོག་བོད་དུ་གདན་འདྲེན་པ།
ད་ལྟ་བོད་མི་བརྒྱ་ཆའི་བརྒྱ་ཡི་གཅིག་གྱུར་གྱི་རེ་འདུན་ལྟར། ང་ཚོའི་མིག་སྔའི་གོམ་པ་དང་པོ་དེ་ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་རེད། དེ་ཡང་རབ་བྱུང་ན ྋགོང་ས་མཆོག་ནས་བོད་ཀྱི་ས་ཁུལ་གང་རུང་ཞིག་ཏུ་དུས་འཁོར་དབང་ཆེན་གསུང་རྒྱུ་དང༌། དེ་ལྟར་མ་བྱུང་ཡང་ཚུར་བོད་དུ་ཕེབས་ཏེ་ལྟ་སྐོར་ཙམ་བྱས་ཏེ་ཕྱིར་ཕེབས་ནའང་ཆོག དེ་ནི་རྒྱ་ནག་གི་ཏཱ་ལའི་བླ་མ་ཕྱིར་ཕེབས་སྐོར་གྱི་གྲོས་ཆོད་དང་ཡོངས་སུ་མཐུན་པ་རེད། ྋགོང་ས་མཆོག་བོད་དུ་ཕེབས་སྐབས་བོད་མི་མང་ནས་རང་བཙན་གྱི་ལས་འགུལ་མི་སྤེལ་རྒྱུ་མི་མང་ངོས་ནས་འགན་ལེན་དང་ཁེག་ཐེག་ཐུབ་དགོས། ད་དུང་རྒྱ་ནག་གཞུང་ནས་ཀྱང་དྲག་ཤུགས་ཀྱིས་མནན་པ་ཙམ་མ་ཡིན་པར་བོད་མི་མངས་ཀྱི་བསམ་བློའི་ངོས་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་ལེན་བྱེད་དུ་འཇུག་འདོད་ཡོད་ན། ཐབས་ལམ་ཉག་གཅིག་ནི། དངོས་ཤུགས་བརྒྱུད་གསུམ་ནས་ྋགོང་ས་མཆོག་ལ་བོད་ནང་གི་མི་མང་ལ་གོང་གསལ་ཁ་བྲལ་དུ་མི་གཏོང་བ་གསུམ་གྱི་བཀའ་སློབ་གནང་འཇུག་དགོས་པ་དེ་རེད། ད་ལོའི་གསུམ་པའི་བཅུ་བཞིའི་དོན་རྐྱེན་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་བོད་མི་རིགས་གཉིས་བསམ་བློའི་ཆ་ནས་ཁ་བྲལ་དུ་བཏང་བ་རེད། བོད་མི་བརྒྱ་ཆའི་བརྒྱ་ལ་ཀྲུང་ཧྭ་མི་མངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི་ལ་རང་ཉིད་ཀྱི་རྒྱལ་ཁབ་ཡིན་བསམ་མཁན་གཅིག་ཀྱང་མེད་པར་བྱས་པ་རེད། དེ་ནི་གུང་ཁྲན་ཏང་གིས་མངགས་པའི་དམག་དཔུང་དེ་ཚོར་གཏུམ་དྲག་དང་གདུག་རྩུབ་ཆེ་དྲག་པས་རེད། ཁོ་ཚོས་གདུག་རྩུབ་ཆེན་པོའི་སྒོ་ནས་བོད་མི་མང་རྒན་བྱིས་ཁྱད་མེད་དུ་དམར་གསོད། འཛིན་བཟུང༌། གཅར་རྡུང༌། འཕྲོག་བཅོམ་གང་བྱུང་དུ་བྱས་པ་མ་ཟད། ད་དུང་ཁ་ནས་ཁྱོད་ཚོ་ང་ཚོའི་དགྲ་བོ་ཡིན་པས་རྩ་མེད་གཏོང་དགོས་པ་རེད། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་རྒྱུ་ཡིན་སོགས་བྱུང་རྒྱལ་དུ་སྨྲས་པ་རེད། ད་དུང་རྒྱ་བོད་མི་རིགས་བར་ལ་དཀྲུགས་ཤིང་བརྒྱབ་ནས་རྒྱ་ནག་མི་མང་ལ་བོད་རིགས་ནི་རྒྱ་མི་རིགས་ཀྱི་དགྲ་བོ་ཡིན་པའི་སློབ་གསོ་དང་དྲིལ་བསྒྲགས་བྱས་ནས་བོད་མི་མང་གི་ཞི་བའི་འོས་ལངས་ཀྱི་ངོ་བོ་བསྒྲིབས་ནས་གྲོགས་མེད་ཁེར་རྐྱང་བཟོ་ཐབས་བྱས་པ་རེད། དེས་སྟབས་ཀྱིས་ད་ལྟ་བོད་མི་མངས་ཀྱི་སེམས་དང་བསམ་བློ་གཅིག་གྱུར་གྱི་ཕྱོགས་སུ་འགུགས་དགོས་ན། དེ་ནི་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་གསུང་ཕེབས་རྒྱུ་ལས་ལྷག་པའི་ཐབས་ཤེས་ཅི་ཡང་ཡོད་པ་མ་རེད། དེས་སྟབས་ཀྱིས་རྒྱ་ནག་གཞུང་གིས་ཀྱང་དོན་དངོས་ཁས་ལེན་བྱས་ཏེ། ྋགོང་ས་མཆོག་ལ་གོ་སྐབས་བྱིན་ཏེ་མི་རིགས་གཉིས་ཀྱི་བསམ་བློ་ཆིག་སྒྲིལ་དང་མཛའ་མཐུན་མཉམ་གནས་ཐུབ་པའི་ཕྱོགས་ལ་ནུས་ཤུགས་འདོན་དུ་འཇུག་དགོས། མདོར་ན་གུང་ཁྲན་ཏང་གིས་གཙོས་རྒྱ་རིགས་ཡོངས་ནས་ྋགོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་དེད་དཔོན་དང་ཀྲུང་ཧྭ་མི་རིགས་ཀྱི་བླ་ན་མེད་པའི་གཟི་བརྗིད་དུ་ངོས་ཟིན་པར་བྱས་ནས་ཁོང་ལ་རྒྱ་ནག་མི་རིགས་དུང་ཕྱུར་མང་པོར་ཆབ་སྲིད་མ་ཡིན་པར་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་སོགས་ཀྱི་སྒོ་ནས་ཞབས་འདེགས་ཞུ་རུ་འཇུག་དགོས། དོན་ཚན་འདི་འགྲུབ་པར་ད་ལྟ་ང་ཚོས་ཁ་ཚ་དགོས་གཏུགས་ཀྱིས་འབད་བརྩོན་བྱེད་དགོས།
ལྔ་པ། ཞི་བདེའི་ལྷན་ཚོགས་འཛུགས་གཉེར།
ང་ཚོ་གངས་ལྗོངས་ཆོལ་གསུམ་བོད་མི་ཚང་མྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གདུལ་བྱ་དང༌། སློབ་མ་ཡིན་པའི་ཆ་ནས་ད་དུང་ང་ཚོར་འགན་འཁྲི་གཙོ་བོ་ཞིག་ཡོད་པ་ནི། ང་ཚོས་ད་དུང་བོད་དོན་དང་མ་འབྲེལ་བའི་ཁོང་གི་དགོངས་སྤྱོད་ཟབ་མོ་སྟེ། གཉིས་མོལ་ཞི་བདེ་ཡི་སྒོ་ནས་འཛམ་གླིང་འདི་ཁྲག་མི་བཞུར་བའི་དུས་རབས་གསར་བ་ཞིག་ཏུ་འཁྲིད་ཐུབ་པའི་འབད་བརྩོན་བྱེད་དགོས། དེ་ཡང་བྱམས་དང་སྙིང་རྗེའི་སློབ་གསོ་དང༌། ཞི་བདེ་དང་དྲང་བདེན་གྱི་སྟོབས་ཤུགས་དར་སྤེལ་བཏང་སྟེ། ཁོང་གིས་”དུས་རབས་ཉེར་གཅིག་པ་དེ་ཁྲག་མི་བཞུར་བའི་དུས་རབས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས་”གསུང་བའི་དགོངས་སྤྱོད་དེ་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་རམ་འདེགས་བྱེད་དགོས། དེ་ཡང་དཔེར་ན། འཛམ་གླིང་རང་བཞིན་ཅན་གྱི་ྋགོང་ས་མཆོག་གི་དགོངས་སྤྱོད་དར་སྤེལ་གཏོང་བའི་༼འཛམ་གླིང་ཞི་བདེའི་ལྷན་ཚོགས་འཛུགས་དགོས༽གཏན་འཇགས་དང་ཁྲིམས་མཐུན་ཡོང་ཕྱིར་ལྷན་ཚོགས་དེའི་འགོ་ཁྲིད་གཙོ་བོ་ཕྱི་རྒྱལ་གྱི་ཞི་བདེ་ལ་དགའ་བའི་མི་སྣ་གྲགས་ཅན་ཁག་ལ་འཁུར་དུ་འཇུག་རྒྱུ། དེའི་ནང་དུ་འཛམ་གླིང་ཡོངས་ཀྱི་ཆོས་ལུགས་རིས་མེད། མི་རིགས་རིས་མེད། ཕྱོགས་ཁག་རིས་མེད་ཀྱི་མཐུས་མི་བསྡུ་ཐུབ་པ་བྱེད་དགོས། ལྷག་པར་ནོ་བེལ་ཞི་བདེ་གཟེགས་རྟགས་བཞེས་མཁན་ཚོར་འབྲེལ་གཏུགས་དང་ཁོང་ཚོར་ཚོགས་པ་དེའི་དབུ་ཁྲིད་གཙོ་བོ་བྱེད་དུ་འཇུག་དགོས། འདིའི་ཕྱོགས་ལའང་ད་རེས་ཀྱི་ཚོགས་ཆེན་ནས་གྲོས་བསྡུར་ཡོང་བ་མཁྱེན།
དྲུག་པ། ྋགོང་ས་མཆོག་གི་སྐུ་ངལ་ཡང་དུ་གཏོང་དགོས།
ཉེ་ཆར་ྋགོང་ས་མཆོག་སྐུ་ངལ་ཆེ་དྲག་པས་སྐུ་ལ་བསྙུང་གཞི་བཞེས་པ་དེས་བོད་ནང་ལོགས་ཀྱི་མི་མང་ལ་བློ་ཡུལ་ལས་འདས་པའི་སེམས་ཁྲལ་ཆེན་པོ་བྱུང་བ་རེད། ཡིན་ནའང་ད་རེས་སྟབས་ལེགས་ནས་ཚབས་ཆེའི་གནད་དོན་ཅི་ཡང་མ་བྱུང་བ་རེད། ད་ནས་ང་ཚོས་ངེས་པར་དུ་ཁོང་གི་སྐུ་ཕྱྭ་ལ་དོ་སྣང་བྱེད་རྒྱུར་འཐུས་ཤོར་སྤུ་ཙམ་ཡང་གཏོང་མི་ཉན། ངེས་པར་དུ་དོན་དག་གི་གལ་ཆེ་ཆུང་ལ་བལྟས་ནས་ཕྱག་ལས་ཆུང་ཙག་རིགས་མེད་པར་བཟོ་དགོས། དཔེར་ན་རང་རེའི་སྤྱི་ཚོགས་ནང་དུ་ཚོགས་སྡེ་དང་དགོན་པ། སློབ་གྲྭ་ཆུང་ཆུང་སོགས་ཀྱི་མཛད་སྒོ་དང་དུས་སྟོན་ལ་གདན་འདྲེན་པ་ལྟ་བུ་དང༌། ཉིན་མང་པོར་དུས་ཚོད་ཡུན་རིང་པོར་བཀའ་ཆོས་གསུང་དུ་འཇུག་པ་ལྟ་བུ་སོགས་མེད་པར་བཟོ་ཆོག་ལ། རྒྱལ་ཁབ་གཞན་པ་དང་མི་རིགས་གཞན་པར་ངེས་བར་དུ་དམིགས་བསལ་དགོས་མོད། དེ་ལ་ཡང་གོ་སྒྲིག་པས་གཟབ་གཟབ་བྱེད་དགོས། ད་དུང་གཞུང་དང་སྐུ་སྒེར་ཡིག་ཚང་སོགས་ནས་ཀྱང་ཁོང་གི་སྐུ་ཚེགས་ཡང་དུ་གཏོང་ཕྱོགས་ཐད་ལྷོད་ཡང་སྤུ་ཙམ་མ་ཤོར་བ་བྱེད་དགོས།
སྐབས་འདི་དང་འབྲེལ་ནས་བོད་ཁ་བ་ཅན་གྱི་འདི་ཕྱི་གཏན་གྱི་སྐྱབས་གནས་ྋགོང་ས་ལྷ་མིའི་སྐྱབས་མགོན་ཆེན་པོར། གཞིས་ལུས་བོད་མི་ཡོངས་ནས་མགྲིན་དབྱངས་གཅིག་གིས་གསོལ་བ་འདེབས་འབྲས། དེ་ཡང་ཅི་སྐད་དུ་ཁོ་བོ་ཅག་གིས་སྔོན་ཆད་མཐོང་ཞིང་ཐོས་པའི་གང་ཉིད་ཀྱི་ཞལ་གསུང་རྡོ་རྗེའི་ཚིག་ཏུ། སྐུ་ཉིད་དགུང་ལོ་བརྒྱ་དང་བཅུ་གསུམ་ལྷག་ལ་སྡོད་སྲིད་པའི་ཐུགས་སྨོན་ཡོད་ཚུལ་གྱི་རྡོ་རྗེའི་བཀའ་ལུང་ཟབ་མོ་སྩལ་བ་བདེན་པ་སླུ་བ་མེད་པ་དྲང་སྲོང་བདེན་ཚིག་གྲུབ་པའི་བཀའ་རུ་བྱིན་གྱིས་རླབས་ཏེ་བདག་སོགས་ཆོལ་གསུམ་བོད་མི་ལྟོས་འབྲེལ་དང་བཅས་པ་ནམ་ཡང་ཡལ་བར་མི་འདོར་བར། གསང་གསུམ་བགྲེས་རྒུད་བྲལ་བ་རྡོ་རྗེའི་སྐུ་རུ་བྱིན་གྱིས་བརླབས་ནས། ཅི་སྲིད་གཞི་བྱེས་བོད་མི་ལྷན་འཛོམས་བདེ་སྐྱིད་གྱི་ཉི་མ་མ་ཤར་བར་དུ་ལྷང་ངེ༌། ལྷན་ནེ། ལྷམ་མེར་འགྲོ་བ་ལྷ་དང་བཅས་པའི་མགོན་དཔུང་དུ་བཞུགས་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས་སོ།། །།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
སྐུ་ཚེ་ཞབས་པད་ཡུན་དུ་བརྟན་གྱུར་ཅིག།
(ཁ་སང་བོད་ནས་འབྱོར་བའི་ཆེད་བརྗོད་འདི་རྡོ་རྗེ་ཞེས་པའི་ཁ་བྱང་ཐོག་བཏང་ཡང༌། དེ་རིང་དྲ་གནས་སྟེང་འབྱོར་མེད་སྟབས། དགེ་འདུན་རབ་གསལ་ཁྱེད་ཀྱི་ཁ་བྱང་ཐོག་བཏང་བ་ཡིན། འདི་ནི་བོད་ནས་འབྱོར་བ་ཞིག་ཡིན་པས། རྩོམ་པ་པོའི་འདོད་པ་ལྟར་བཙན་བྱོལ་གྱི་དྲ་གནས་གང་མང་འདོན་དགོས་པའི་རེ་བ་ལྟར་ཁྱེད་སྐུར་བ་ཡིན་ན། དེ་ལྟར་འགོད་གནང་ཡོང་བར་ཐུགས་རྗེ་འཚལ།)
གོང་གསལ་འདི་ནི་གངས་ཅན་པ་ཞུ་བ་ནས་ཨིས་མེལ་ཐོག་བཏང་འདུག