ཁ་བ་གངས་རིའི་ལྗོངས་ཀྱི་གསོ་བ་རིག་པ་དོན་དུ་གཉེར་བའི་དཔྱོད་ལྡན་རྣམས་ལ་ཆེད་དུ་ཞུ་གསོལ། ཉེ་ལམ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཨ་མེ་རི་ཀའི་ཧཱ་ཝེར་དྷི་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པ། རྒྱལ་ཁབ་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་དཔྱད་བསྡུར་ཆེད་མཁས་པ། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལས་དོན་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་ལག་
རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ། བོད་ལྗོངས་སྨན་རྩིས་ཁང་གི་གདན་ཞུས་ཞིབ་འཇུག་པ་རྒན་དབྱངས་དགའ་ལགས་ཀྱིས་བོད་ལུགས་གསོ་རིག་གི་འདས་མ་ད་གསུམ་ལ་ཐུགས་འཁུར་ཟབ་བཞེས་དང་། དཀའ་སྤྱད་ལྷུར་བཞེས་ཀྱིས་《བི་ཇི་པོ་ཏི་ཁ་སེར་དང་དེའི་དཔྱད་པ་མཁས་པ་དགྱེས་པའི་གཏམ་》ཞེས་བྱ་བ་དང་། 《བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ་》ཞེས་བྱ་བའི་གསུང་རྩོམ་གལ་ཆེན་གཉིས་རྩོམ་སྒྲིག་ལེགས་པར་གྲུབ་ཅིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་གིས་དངོས་སུ་པར་དུ་བཞེངས་ཡོད་ལ། མི་འགྱངས་པར་རྗེ་བཙུན་གཡུ་ཐོག་དང་འབྲེལ་བའི་གསུང་རྩོམ་ཞིག་ཀྱང་པར་བསྐྲུན་གནང་སྟེ་དཔྱོད་ལྡན་ཡོངས་ཀྱི་སྤྱན་གྱི་དགའ་སྟོན་དུ་འབུལ་འཆར་ཡོད་དོ།།མིག་སྔར་དཔེ་སྐྲུན་ཟིན་པའི་གསུང་རྩོམ་གཉིས་པོའི་ནང་དོན་གྱི་ཆ་ནས་མཚམས་སྦྱོར་རགས་ཙམ་ཞུས་ན།
དང་པོ། 《བི་ཇི་པོ་ཏི་ཁ་སེར་དང་དེའི་དཔྱད་པ་མཁས་པ་དགྱེས་པའི་གཏམ་》ཞེས་བྱ་བའི་མཚམས་སྦྱོར་རགས་བསྡུས།
གསུང་རྩོམ་འདིར་བི་ཇི་པོ་ཏི་ཁ་སེར་གྱི་བྲིས་མ་གཉིས་ཀྱི་སྐོར་དང་། འབྱུང་ཁུངས། བྱུང་སྔ་བའི་གཏན་ཚིགས། འཆད་ཉན་གྱི་རྒྱུད་པ། ནང་དོན་གཙོ་བོ། བི་ཇི་པོ་ཏི་ཁ་སེར་དང་ཕྱི་དར་གསོ་དཔྱད་ཀྱི་ཡིག་ཆའི་བར་གྱི་འབྲེལ་བ་དང་བཅས་པར་གཏན་ཚིགས་ཚད་མའི་སྒྲུབ་བྱེད་ལ་བརྟེན་ནས་གཏིང་ཚུགས་པའི་ཞིབ་འཇུག་གནང་ཡོད་ལ། གཞན་ཡང་། བི་ཇི་པོ་ཏི་ཁ་སེར་གྱི་བྲིས་མ་གཉིས་པོའི་རྩ་བའི་ནང་དོན་ལ་བཟོ་བཅོས་ཅི་ཡང་མ་གནང་བར་དབུ་ཅན་དུ་ཕབ་ཅིང་། གོ་དཀའི་ཚིག་དོན་ཇི་སྙེད་ལ་ཞབས་མཆན་གྱིས་གསལ་འགྲེལ་གནང་ཡོད་དོ།།བི་ཇི་པོ་ཏི་ཁ་སེར་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོད་སྨན་མཁས་པ་མི་དགུའི་ཡ་གྱལ་བི་ཇིའི་རྒྱུད་པ་ལ་བརྟེན་ནས་དར་སྤེལ་ཕྱིན་པའི་གསོ་དཔྱད་གཞུང་ལུགས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། དེང་སང་མཇལ་དུ་ཡོད་པའི་སྤུར་རྒྱལ་བཙན་པོའི་སྐབས་ཀྱི་གསོ་རིག་ཡིག་རྙིང་གལ་ཆེ་ཤོས་ཤིག་ཀྱང་ཡིན་པས། གནའ་གཞུང་འདི་ལ་བལྟ་ཀློག་དང་ཞིབ་འཇུག་ལེགས་པར་བྱས་ན། སྤུར་རྒྱལ་བཙན་པོའི་སྐབས་ཀྱི་བོད་ཀྱི་གསོ་རིག་གཞུང་ལུགས་དང་ལག་ལེན། སྨན་རྫས་རིག་པའི་སྐོར་གྱི་ཁྱད་ཆོས་རྣམས་ཤེས་རྟོགས་ཐུབ་པ་མ་ཟད། དཔལ་ལྡན་རྒྱུད་བཞི་ལྟ་བུ་ཕྱི་དར་སྐབས་ཀྱི་བོད་ཀྱི་གསོ་དཔྱད་གཞུང་ལུགས་ཁག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་ཡང་ལེགས་པར་རྟོགས་ཐུབ་ལ། ལྷག་པར་དུ་བི་ཇི་པོ་ཏི་ཁ་སེར་གྱིས་གཙོས་པའི་སྤུར་རྒྱལ་བཙན་པོའི་སྐབས་ཀྱི་བོད་ལུགས་གསོ་དཔྱད་གཞུང་ལུགས་ཁག་ནི་དཔལ་རྒྱུད་བཞིའི་ལུང་ཁུངས་སམ་འབྱུང་ཁུངས་གལ་ཆེ་ཤོས་ཤིག་ཏུ་ཆགས་པའི་གནས་བབས་ཀྱང་རྟོགས་ཐུབ་པས། དགེན་ལགས་ཀྱི་གསུང་རྩོམ་འདི་ནི་བོད་ཀྱི་གསོ་དཔྱད་སྔ་དར་སྐབས་ཀྱི་གནའ་བོའི་གསོ་དཔྱད་ཀྱི་གནས་བབས་ལ་རྒྱུས་ལོན་དང་། ཁྱད་པར་དུ་དཔེ་རྙིང་ཞིབ་འཇུག་གི་ལས་གཞིར་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེའོ།།གཉིས་པ། 《བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ་》ཞེས་བྱ་བའི་མཚམས་སྦྱོར་རགས་བསྡུས།
གསུང་རྩོམ་འདིར་བོད་ཀྱི་གསོ་རིག་ཞིབ་འཇུག་པ་རྣམས་ལ་ཆེད་དུ་དམིགས་ནས་སྙིང་པོ་བསྡུས་པ་ལ་འཇུག་པའི་ཊིཀ་དོན་ཁྲིགས་གསལ་བྱེད་ཅེས་བྱ་བ་དང་། གསོ་བ་རིག་པའི་བྱུང་ཚུལ་ལོ་རྒྱུས་དང་བཅས་པ་མཁས་པ་སྙེ་མདོའ་བ་ཀུན་དགའ་དོན་གྲུབ་ཀྱི་གསུང་། ཤེས་བྱ་རབ་གསལ་རྒྱས་པ། གསོ་རིག་ཁུངས་ཀྱི་ཡིག་ཆུང་། གསོ་བ་རིག་པའི་སྤྱི་བཤད་འཛུམ་དཀར་བཞད་པའི་སྙེ་མ། གསོ་བ་རིག་པ་སྤྱི་དང་དགོས་ཀྱི་ཆོས་འབྱུང་ལེགས་པར་བཤད་པ་དངུལ་དཀར་གྱི་མེ་ལོང་གཡའ་བྲལ། བསྟན་པ་སྤྱིའི་བྱུང་ཚུལ་ཁོག་འབུགས་རིག་པའི་ཆོས་འབྱུང་ལེགས་བཤད་གསལ་སྒྲོན། རྒྱུད་བཞིའི་བཀའ་བསྒྲུབ་ངེས་དོན་སྙིང་པོ། བློ་གསལ་ངག་གི་འདོད་པ་འཇོ་བའི་འབེལ་གཏམ་འོད་དཀར་ཕྲེང་རྒྱན། གསོ་བ་རིག་པའི་ཁོག་དབུབ་ཀུན་གྱི་བུ་ཡིག་སྒོ་བརྒྱ་འབྱེད་པའི་ལྡེ་མིག་སོགས་དུས་རབས་བཅུ་གསུམ་པ་ནས་དུས་རབས་བཅོ་བརྒྱད་པའི་བར་གྱི་གསོ་རིག་ལོ་རྒྱུས་ཀྱི་ཡིག་ཆ་རྩ་ཆེ་བ་བཅུ་གཅིག་ཁོལ་བུར་བཏོན་ཡོད།
གསུང་རྩོམ་འདིར་ཐོག་མར་ཁོག་དབུབ་དེ་དག་གི་མ་དཔེའི་འབྱུང་ཁུངས་དང་། མཛད་པ་པོ། མཛད་དུས། གཞུང་དོན་སོགས་ལ་ཁ་གསལ་གོ་བདེའི་མཚམས་སྦྱོར་གནང་ཡོད་པ་དང་། དངོས་གཞིར་ཁོག་དབུབ་དེ་དག་གི་མ་དཔེའི་ཡིག་འབྲུ་མི་གསལ་བ་རྣམས་ལ་རྟགས་□འདི་ལྟ་བུ་དང་། ནང་དོན་ལ་ཁ་གསབ་གནང་བར་གུག་རྟགས་[ ]འདི་ལྟ་བུ་སྤྱད་དེ་གཞུང་དོན་གསལ་བར་གནང་བ་མ་ཟད། ཞུ་དག་གི་བརྒྱུད་རིམ་དུ་ཡིག་རྙིང་རྣམས་རང་སོར་འཇོག་གང་ཐུབ་གནང་ཡོད་པ་དང་། ཡི་གེའི་དག་ཆ་ནོར་བ་རྣམས་བརྡ་སྤྲོད་ཀྱི་གཞུང་དང་བསྟུན་ནས་དག་བཅོས་ལེགས་པར་གནང་ཡོད་དོ།། གཞན་ཡང་། བྲང་ཏིའི་ཤེས་བྱ་རབ་གསལ་ལྟ་བུར་མ་དཔེ་མི་འདྲ་བ་ཁ་ཤས་ཡོད་པས། མ་དཔེ་དག་ཤོས་གང་དེ་རྩ་བར་བཟུང་སྟེ། མ་དཔེ་གཞན་དང་དཔེ་བསྡུར་གྱིས་ལེགས་བཅོས་དང་བྱི་དོར་གནང་བ་ཐམས་ཅད་ཞབས་མཆན་དུ་གསལ་བར་བཞུགས་ལ། ལྷག་པར་དུ་ཁོག་དབུབ་འདི་དག་ནི་མིག་སྔར་དཔེ་བསྐྲུན་བྱས་མེད་པའམ་ཡང་ན་དམིགས་བསལ་གྱིས་ཁྱད་ཆོས་ལྡན་པ་ཤ་སྟག་ཡིན་པས། བོད་ཀྱི་གསོ་བ་རིག་པ་སྤྱི་དང་ཁྱད་པར་ལོ་རྒྱུས་ཞིབ་འཇུག་པ་ཚོར་ཤིན་ཏུ་མཁོ་གལ་ཆེའོ།། མཇུག་མཐར། བོད་ཀྱི་གསོ་བ་རིག་པའི་སློབ་གསོ་སློབ་ཁྲིད་དང་། སློབ་མ་གསོ་སྐྱོང་། ཚན་རིག་ཞིབ་འཇུག་སོགས་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་གི་སྐུའི་སྙུན་གཞི་རབ་ཏུ་དྭངས་ནས་གསོ་བ་རིག་པའི་མཛད་འཕྲིན་སྔར་བཞིན་རྒྱས་པའི་སྨོན་འདུན་ལན་བརྒྱར་ཞུས་པ་ལགས་སོ།།