དྲང་སྲོང་།
༡༽ ངོ་སྤྲོད།
ང་ཚོ་བོད་མི་རིགས་ལ་རྒྱ་མི་རིགས་ལྟར་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་པའི་བློ་སྒོ་ཆེན་པོ་ཕྱེས་མེད་ལ། རྒྱ་མི་རིགས་ལྟར་ཆབ་སྲིད་ལ་རྔམས་ནག་པའི་བྱ་སྤྱོད་ཕར་ཞོག་དེ་འདྲར་བག་ཆགས་ཀྱང་བཞག་པ་ཉུང་ཉུང་རེད། དེ་ནི་གཏིང་ཇུས་མི་བསྟེན་པ་དང་ལས་དོན་ཐད་ཀར་སྒྲུབ་སྟངས་ཀྱི་ཆ་ནས་རང་བཞིན་མི་གཤིས་རང་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པ། ད་ལྟ་ད་དུང་མིའི་གཤིས་ཀ་ལ་བལྟས་ན་གསལ་མཁྱེན་ཐུབ་པ་དེ་རེད། བར་སྐབས་ཤིག་ནས་བོད་མི་རྣམས་ཆོས་འདྲིས་ཆེ་དྲགས་ནས་འཇིག་རྟེན་གྱི་འཚོ་གནས་སྐྱ་ཐིག་འདེབས་ཕྱོགས་ཚུན་ཆད་ལ་ཆོས་དང་འབྲེལ་བའི་བསམ་ཚུལ་དང་གོམས་གཤིས་ཀྱིས་ཁྱབ་ཡོད། དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་བོད་གཞུང་མང་བཙན་བྱོལ་དུ་ཐོན་དགོས་བྱུང་ཡང། ད་དུང་བོད་ནང་དུ་འཚེ་མེད་ཞི་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཤིག་ལམ་སྟོན་བྱེད་ཐུབ་མེད། རང་གཞུང་གིས་ད་ལྟ་རང་བཙན་རྩོད་ལེན་གནང་གི་མེད་པ་ཧ་ཅང་གསལ་བོ་ཡིན་སྟབས། དེ་ལ་མི་དམངས་ཀྱི་ངོས་དང་སྒོས་སུ་བོད་ནང་ནས་རང་བཙན་ཞེས་པའི་ཚིག་འདི་ཇེ་ཉུང་ནས་རྩ་ཡལ་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང། དེའི་ཚབ་ཏུ་རང་སྐྱོང་གི་རྩོད་ཐབས་འཐུས་ཚང་ཞིག་ད་བར་མགོ་ཚུགས་མེད་པ་འདིས། བོད་ནང་ཛ་དྲག་གནས་སྟངས་ཇེ་ཆེར་འགྲོ་བཞིན་ཡོད། ད་ནི་ང་ཚོས་ཁ་ཡོད་ལག་ཡོད་དང། རང་གི་ནུས་པ་ལ་དཔག་པ། ཁྲིམས་དང་མཐུན་པའི་རང་སྐྱོང་རྩོད་ཐབས་ཤིག་གང་འདྲ་འདུག་ཅེས་ཐད་ཀར་བོད་མི་རང་རང་གི་དཔྲལ་བར་མཛུབ་མོ་འཛུགས་དགོས་སྟབས། བོད་ནང་རང་སྐྱོང་རྩོད་ཕྱོགས་ལ་ཐབས་ལམ་ཁ་ཤས་ཡོད་པ་རེད།
༢༽ སྒྲིག་འཛུགས།
བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་ལས་འགུལ་སྣེ་ཁྲིད་པའི་སྒྲིག་འཛུགས་ཤིག་དགོས་པ་དང་སྒྲིག་འཛུགས་དེའི་ལས་གཞི་རྣམས་གཤམ་གསལ།།
ཀ སྒྲིག་འཛུགས་སྣེ་ཁྲིད་པ་སེར་སྐྱ་གཉིས་ཀྱིས་གྲུབ་དགོས་ཤིང། བོད་ཀྱི་ས་ཁུལ་ཆེ་ཁག་ཚང་མའི་མི་སྣ་འདུ་ཐུབ་པ་བྱ་དགོས།
ཁ སྒྲིག་འཛུགས་ཀྱི་སྣེ་ཁྲིད་པ་ཚོས་མི་མང་ནང་ངེས་པར་དུ་འཚེ་མེད་ཞི་བའི་ལམ་ནས་བཏོན་པའི་གཉིས་སྨན་དབུ་མའི་ལམ་གྱི་ལྟ་གྲུབ་འགྲེལ་བཤད་ཐུབ་དགོས།
ག གཉིས་སྨན་དབུ་མའི་ལམ་ནས་སྤྲད་པའི་༼ རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽་དངོས་སམ་བརྒྱུད་ནས་མི་མང་ནང་ཁྱབ་སྤེལ་བྱ་དགོས།
ང རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས། ཉེས་ཁྲིམས་སོགས་ངེས་པར་དུ་ས་གནས་སོ་སོར་མི་སྣ་ཆེད་འཛུགས་ཀྱིས་སློབ་སྦྱོང་བྱ་དགོས། བྱུང་ན་དགོན་པ་དང་སྡེ་པ། སློབ་གྲྭ་བཅས་ཀྱིས་རང་འགན་བླངས་ཏེ་སོ་སོའི་ཁོངས་སུ་གོ་རྟོགས་ཚད་ལྡན་སྤེལ་དགོས།
ཅ སྤྱི་ཁྱབ་སྒྲིག་འཛུགས་འདིས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང། བོད་བྱེས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་མ་སྤེལ་ཚེ། ལས་འགུལ་གྱི་ནུས་བ་ཁ་འཐོར་དུ་འགྲོ་རྒྱུ་དང། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་ངན་བྱུས་དང་དྲག་གནོན་ལ་ཁོར་ཡུག་བསྐྲུན་པ་ཡིན་སྟབས། བོད་སྤྱིའི་མདུན་ལམ་ཕན་ཐོགས་འབྱུང་གི་མེད་པ་ངེས་པར་དུ་གཟབ་ནན་གནང་དགོས་ས་དེ་རེད།
༣༽ ལས་འགུལ།
ལས་འགུལ་གྱི་སྔོན་འགྲོའི་ཤེས་བྱ་རྣམས་ལ་སྦྱངས་རྗེས། ད་གཟོད་ལས་འགུལ་དངོས་སུ་ལག་བསྟར་བྱེད་དགོས་པ་ཡིན།
ཀ ལས་འགུལ་ཅི་ཞིག་སྤེལ་ཡང་འཚེ་མེད་ཞི་བ་དང་ཚུལ་མཐུན་ཡིན་དགོས་པ་མ་ཟད། རྒྱུ་མཚན་བཤད་རེས་གནང་རྒྱུ་ནི་རྩ་དོན་རེད།
ཁ ལས་འགུལ་སྤེལ་སྐབས་ས་གནས་བྱེ་བྲག་པ་གཅིག་ནས་སྤེལ་བ་དེ་ཧ་ཅང་གི་བློས་གཏོང་ཆེན་པོ་དང་གྱོང་ཆེན་པོ་ཡིན་སྟབས། ས་གནས་ཁག་ཚང་མས་ཉིན་བརྒྱ་དུས་གཅིག་མིན་ཡང། ངེས་པར་དུ་ས་གནས་ཆེ་ཁག་ཚང་མས་ཉིན་གཅིག་དུས་ཚོད་གཅིག་ཏུ་ལས་འགུལ་སྤེལ་ཐུབ་དགོས་པ་ཡིན།
ག ལས་འགུལ་མ་སྤེལ་བའི་སྔོན་ངེས་པར་དུ་རྒྱ་རིགས་དྲང་བདེན་པ་ཚོར་འབྲེལ་བ་བྱ་དགོས་ཤིང། བོད་ནང་གི་ལས་འགུལ་ཅི་བྱུང་གི་གནས་ཚུལ་རྒྱ་ནག་གི་ས་ཆ་གང་སར་འགྲེམས་ཐུབ་བྱ་རྒྱུ་ནི་ཡག་ཤོས་དེ་ཡིན།
ང ལས་འགུལ་སྤེལ་སྐབས། ངེས་པར་དུ་རང་སྐྱོང་རྩོད་ཀྱི་ཡོད་པའི་མངོན་འདོད་གསལ་བོར་སྟོན་དགོས་ཤིང། དེ་ནི་རྩ་དོན་ཞིག་ཡིན།
༤༽ ལས་འགུལ་སྤེལ་སྐབས་འཕྲད་དར་དང་འབོད་ཚིག
འཕྲད་དར་སྟེང་ལས་འགུལ་གྱི་དོན་རྩ་འགོད་པ་ལས་ཡི་གེ་ཉ་ཉོག་མེད་པ། མངོན་འདོད་ཆེས་ཉུང་ན་མཛེས་ཤིང་དེའང་རྒྱ་ནག་གི་ཁྲིམས་རྣམས་གཞི་རྩར་བཟུང་ནས་འགོད་ཐུབ་ན་ཧ་ཅང་སྤུས་དག་ཡིན།
ཀ ༧གོང་ས་སྐྱབས་མགོན་ཆེན་པོའི་བཞེད་དགོངས་བོད་མིའི་སྲོག་རྩ་ཡིན་པ་ངེས་པར་དུ་གསལ་བཤད་གནང་དགོས།
ཁ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་རྩོད་བཞིན་པར་མྱུར་ཏུ་འབྲེལ་གཏུག་གནང་སྟེ་བོད་དོན་ཞི་འགྲིག་དགོས་རྒྱུ་གསལ་སྟོན་གནང་དགོས།
ག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་སྤྲད་པའི་རང་སྐྱོང་བསམ་འཆར་བོད་ནང་གི་བོད་མིའི་མངོན་འདོད་ཡིན་པ་ཤུགས་དྲག་པོའི་ཐོག་ནས་གསལ་བཤད་གནང་དགོས།
ང བྱེ་བྲག་ས་ཁུལ་གཅིག་ལ་དཀའ་ངལ་འཕྲད་སྐབས། དེ་མཉམ་རུབ་ཀྱིས་བདེན་དོན་རྩོད་དགོས། འདིའི་ནང་སྐད་ཡིག་དང་ཁོར་ཡུག དཔལ་འབྱོར། གཞན་ཡང་གཅར་རྡུང་གི་གནས་ཚུལ་སོགས་འདུས་ཡོད།
ཅ ལས་འགུལ་གྱི་མངོན་འདོད་རྣམས་བོད་རིགས་ཁྱིམ་ཚང་ཀུན་ལ་འགྲེམས་སྤེལ་དང། རྩིག་ངོས་ཁག་ཏུ་སྦྱར་བ། གཞན་ཡང་སོ་སོའི་ས་གནས་ཀྱི་ཁ་ཆེ་དང་རྒྱ་རིགས་མི་མང་ཚོར་གནས་ཚུལ་དེ་རྣམས་ཤེས་རྟོགས་བྱེད་འཇུག་དགོས།
ཆ ལས་འགུལ་སྤེལ་སྐབས་ཁོང་ཁྲོ་དང་ཚོར་བཪ་ངེས་པར་དུ་བདག་པོ་རྒྱག་དགོས་ཤིང། མི་གཅིག་ཚོར་བའི་གཞན་དབང་དུ་སོང་ནས་རྒྱག་རེ་རྒྱབ་པ་ཡིན་ན་དེས་མི་རིགས་ཤིག་གི་མདུན་ལམ་ལ་གནོད་ཀྱི་ཡོད་སྟབས། དེ་རྣམས་ལ་ངེས་པར་དུ་གཟབ་སྟེ་སྤོང་དགོས།
ཇ དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སོ་སོའི་ས་གནས་ཀྱི་རྒྱ་རིགས་མི་མང་ཚོར་ཐ་ན་མིག་ལོག་ཅིག་གིས་ཀྱང་མི་བལྟ་བར་ཐད་ཀར་རྒྱ་ནག་གི་གཞུང་འཛིན་པ་དང་དེའི་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ནི་ཆོས་དང་མཐུན་ལ། འཚེ་མེད་ཞི་བ་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་ཡིན་པས་དེ་གཟབ་ནན་བྱེད་དགོས།
ཉ སྐད་ཡིག་དང། ཁོར་ཡུག དཔལ་འབྱོར་གྱི་སྲིད་བྱུས། ཆབ་སྲིད་ཀྱི་ཐོབ་ཐང། དྲང་བདེན་མིན་པའི་ཁྲིམས་གཅོད་སོགས་བྱེ་བྲག་པ་རེ་རེར་ངོ་རྒོལ་རྩོད་ལེན་བྱ་སྐབས། དེ་རྣམས་རྒྱ་ནག་རང་གི་ཁྲིམས་ཡིག་དོན་ཚན་གང་དང་འགལ་འདུག་མིན་གསལ་ཞིང་གསལ་བ་འཕྲད་དར་སྟེང་བྲིས་ཏེ། དེར་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཏེ་མངོན་འདོད་བྱེ་བྲག་པ་དམ་འཛིན་གནང་དགོས།
༥༽ རྒྱུན་དུ་གནང་དགོས་པའི་ལས་འགུལ་གཞན།
ལས་འགུལ་གཞན་ཞིག་ནི་བོད་མི་རིགས་ཀྱི་དཀའ་ངལ་གང་ཡིན་གསལ་བོར་ཤེས་རྟོགས་བྱ་ཆེད་སློབ་སྦྱོང་བྱ་རྒྱུ་དེ་ཡིན་ཞིང། དེར་ལས་དོན་བྱེད་དགོས་པ་གཤམ་གསལ་ལྟར་ཡིན།
ཀ བོད་ཀྱི་དགོན་པ་ཁག་གི་བླ་མ་མཁན་པོ་དང། གྲྭ་བ་བཅས་ཀྱིས་རང་རང་གི་ལྷ་སྡེའི་ནང་ནང་ཆོས་ཀྱི་གོ་རྟོགས་སྤེལ་དགོས་པ་ཡིན། ཉུང་མཐར་ཟླ་རེར་ཉིན་གཅིག་གམ་ཉིན་ཕྱེད་བཅས་སུ་ནང་ཆོས་གོ་རྟོགས་སྤེལ་དགོས།
ཁ སྡེ་པ་དང་དགོན་པ་སོ་སོས་བོད་སྤྱིའི་བསོད་ནམས་གོང་དུ་སྤེལ་ཕྱིར། ས་གནས་ཆེ་ཁག་ནང་ཉིན་བརྒྱ་དུས་གཅིག་ཏུ་རྣམ་དཀར་གྱི་ལས་ལ་འབད་རྒྱུ་གཏན་འབེབས་གནང་དགོས། དེའང་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ། ཁམས་ཀྱི་ཡུལ་ལུང་སོ་སོ། ཨ་མདོའི་ཡུལ་ལུང་སོ་སོ་བཅས། རྒྱ་མིས་འབོད་པའི་ཞིང་ཆེན་སྟེ་བོད་མི་གནས་སྡོད་བྱེད་ས་རེ་རེའི་ནང་ཉིན་གཅིག་གཏན་འབེབས་ཀྱིས་ལོ་བསྟར་ཆགས་སུ་དེ་ཉིན་རྒན་བྱིས་སེར་སྐྱ་ཚང་མས་ཉིན་བརྒྱ་དུས་གཅིག་རྣམ་དཀར་གྱི་ལས་ལ་འབད་དགོས།
ག བོད་མིའི་ས་ཞིང་དང་འབྲོག་པའི་རྩ་ས། དེ་བཞིན་གནས་རྩ་ཆེན་བཅས་སུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་དང། བཟོ་གྲྭ་འདྲ་མིན་རྒྱག་གི་ཡོད་པ་རྣམས་ངེས་པར་དུ་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེར་སྙན་གསེང་ཞུ་བ་དང། སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེས་ཤེས་རྟོགས་བྱས་ནས་དེའི་ཆེད་མི་མང་སྤྱི་ཡོངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས། དེའང་ཁྲིམས་ལ་གཏུག་པ་དང། སྲིད་གཞུང་ལ་ཞུ་གཏུག་བྱེད་པ། རྒྱ་རིགས་མི་མང་ཚོར་གསལ་བཤད་ཞུ་བ། རྒྱ་རིགས་ནང་པ་དང་བླ་མ་ཚོར་སྙན་གསེང་ཞུ་བ་སོགས་བྱེད་དགོས།
ང ཆོས་ལུགས་ཚང་མ་མཐུན་སྒྲིལ་དགོས་ཕྱིར། སོ་སོའི་ས་གནས་ཀྱི་ཁ་ཆེ་ཆོས་རྒྱུད་འཛིན་མཁན་རྣམས་ལ་མཐུན་སྒྲིལ་གྱིས་སོ་སོའི་ཆོས་ལུགས་ཀྱི་བྱམས་བརྩེ་སྤེལ་རེས་དང། དེར་ཚོད་འཛིན་བྱེད་པའི་སྲིད་བྱུས་སོགས་ལ་མཉམ་རུབ་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས་པ་ཡིན།
མཐའ་དོན་ཞུ་སྙིང་།
བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཕྱིར་དང། རང་སྐྱོང་ཐོབ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་ཐབས་སུ་ངེས་པར་དུ་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང། ཆུ་བོའི་རྒྱུན་བཞིན་རྟག་ཏུ་རང་མི་རིགས་ཀྱི་གོང་འཁོད་ཐོབ་ཐང་རྣམས་རྩོད་ལེན་གནང་བ་ཡིན་ན། བོད་ལ་ལོ་གཅིག་གཉིས་ནང་རང་སྐྱོང་ཐོབ་པར་སོམ་ཉི་མི་དགོས་པ་ཞིག་རེད།།
གུས་ཕྱག་བཅས་གཞིས་ལུས་སྤུན་ཟླ་ཚོར་སྤྲིངས།། ༢༠༡༢། ༧། ༦། ཉིན།
རྩ་བའི་ཆ་ནས་ལེགས་པོ་དང་གནད་བསྡུས་ལྟ་བུའི་བཟོ་ལྟ་འདུག་པས་དགའ་བསུ་ཞུ། འོན་ཀྱང་ཞིབ་ཏུ་གཞིག་ན་ཉིད་ཀྱི་བསམ་འཆར་འདི་མགྱོག་པོའི་གཙུག་རྒྱན་ལེན་པའི་བསྟན་བཅོས་ལྟར་སོང་འདུག་སྙམ་པའི་ཚོར་སྣང་སྐྱེས། དེ་འདྲ་ཡིན་མིན་བློ་དང་ལྡན་པ་དག་གིས་དཔྱད་ན་ཤེས་སླའོ། །
༄༅།། ཡག་པོ་ཞེ་དྲག་བྲིས་འདུག་འོན་ཀྱང་རྒྱ་མི་གུང་ཁྲན་གྱི་བྱེད་སྟངས་ལ་རྒྱུས་མངའ་རྩ་བ་ནས་བྱུང་མིན་འདུག་
བོད་ནང་ལས་འགུལ་སྣེ་འཁྲིད་པ་འགྲོ་རྒྱུ་ལྟ་ཅི་ནང་མི་སྤུན་མཆེད་ཐུག་ཕྲད་དུའང་འགྲོ་ཐུབ་ཀྱི་མེད།
བོད་ནང་གི་བོད་མིས་མ་འགུལ་བསམ་པ་གཅིག་མཐུན་གྱིས་རང་ཐག་རང་གཅོད་བྱས་ཏེ་རྒྱ་མི་གུང་ཁྲན་ལ་ཁྲིམས་མཐུན་གྱིས་ཞི་བའི་ང་རྒོལ་བྱས་པར་རྒྱ་མི་གུང་ཁྲན་གྱིས་ཏྰ་ལའི་ཁ་བྲལ་གྱིས་ངན་རྒུལ་བྱས་པ་ཉེས་འཛུགས་བྱེད་བཞིན་པར་ད་དུང་བོད་ཕྱི་ཕྱོགས་ནས་བོད་ནང་དུ་ངོ་རྒོལ་གྱི་སྣེ་འཁྲིད་བྱེད་དགོས་ལུགས་བརྗོད་པ་དེ་ནི་རྒྱ་མི་གུང་ཁྲན་གྱིས་རྫུན་གཏམ་བཤད་པ་ལྟར་དུ་མི་འགྱུར་རམ།
བོད་ནང་དུ་འགྲོ་བསྐྱོད་ཀྱི་རང་དབང་དང་། གློག་འཕྲིན་འབྲེལ་མཐུད། ཁ་པར་གྱི་བརྒྱུད་ལམ་སོགས་ཡོངས་རྫོགས་བཀག་སྡོམ་བྱེད་དང་བྱེད་བཞིན་པས་བོད་ཡུལ་དུ་བོད་མིས་སྡེབས་ལངས་གང་འདྲ་བྱེད་དགོས་སམ།
བླ་མ་དང་མཁན་པོ་སོགས་ནས་ཡུལ་མིར་ནང་ཆོས་འཆད་འཁྲིད་བྱེད་པར་རྒྱ་མི་གུང་ཁྲན་ནས་བཀག་འགོག་དང་། དམ་བསྒྲགས་བྱས་པའི་ཉེར་ལེན་ལས་བོད་མིས་རང་ལུས་མེར་བསྲེགས་བྱས་པ་མ་ཡིན་ནམ།
ད་དུང་ཉིན་བརྒྱ་དུས་གཅིག་ཏུ་རྣམ་དཀར་གྱི་ལས་ལ་འབད་དགོས་བྲིས་འདུག་པར་ཐ་ན་བསང་གསོལ་ཙམ་ཡང་བྱས་མི་ཆོག་པར་བཀག་སྡོམ་བྱེད་བཞིན་པར་རྣམ་དཀར་གྱི་ལས་གང་འདྲ་བྱས་ནས་སྒྲུབ་དགོས་བསམ།
ད་དུང་དེས་མ་ཟད་གཞུང་ལ་ཞུ་དགོས་པ་དང་། ཁྲིམས་ལ་གཏུག་དགོས་ལུགས་བྲིས་པར། གལ་ཏེ་གཞུང་དང་།
ཁྲིམས་ལ་གཏུག་ས་ཡོད་པ་དང་གཏུག་ནས་བདག་སྤྲོད་ཀྱིས་བདེན་པ་གསལ་གྱི་ཡོད་ན་ད་བར་བོད་མི་དྲུག་བཅུ་བརྒལ་བས་རང་སྲོགས་བློས་གཏོང་གིས་རང་ལུས་མེར་བསྲེག་དགོས་དོན་གང་ཡོད་དམ།
ད་དུང་མང་དུ་འདུག་ཀྱང་དུས་ཚོད་ཀྱི་རྐྱེན་པས་རེ་ཞིག་དེ་ཙམ་ཡིན།།
དྲང་སྲོང་ཟེར་པ་འདི་ཡང་ཁུག་རྟ་རེད།
ཁྱོད་ཀྱིས་བཤད་ཚུལ་ལ་ལྟས་ན་བོད་མི་བཅུ་ཕྲག་བདུན་ཡས་མན་མེར་སྲེག་ཏུ་འགྲོ་དགོས་པས་
གནད་འགག་གང་ལ་ཐུག་མིན་རྒྱ་འགོ་གཙོ་ཆེ་ཁག་གི་རྣ་ལམ་དངོས་སུ་སྒྲོན་པ་ཐེངས་མང་བྱུང་
ཡོད་བཟོ་འདུག་མོད། དེ་མིན་དགག་བྱ་གཅིག་པུས་ཁག་ཡོད་ལག་ཡོད་འཚོལ་ནས་དགོས་པ་
ཆེས་མ་མཐོང།
ནམ་ཚོད་བྱ་ཕོས་བཟུང་།
སྒེར་ཆོས་བོང་བུ་ཟོས་ཟེར་བ་བཞིན་བོད་ནང་ནས་ཞི་རྒོལ་དང་གྱེན་ལོག་དང་གསར་བརྗེ་ག་འདྲ་ཞིག་གནང་རུང་བཙན་བྱོལ་བའི་བཅོལ་གདམས་ལ་ཉན་ནས་བྱ་དགོས་རྒྱུ་ཞིག་ག་བ་ཡིན།་་ཁ་དཔེར་སྐྱེས་ལྡན་རིལ་བུ་ཐོན་དུས་ཨ་ཕོའི་་་་་སྐྱེ་བ་ཟད་རྒྱུ་རེད་ཟེར་བ་དེ་བཞིན་ནོ།།
ཅོག་རོང་མྱི་རྒོད་ཁྱོད་ཀྱིས་སྐད་ངག་འཇམ་ཙམ་བཟོས་དང་འདིར་གོ་རྒྱུ་ཡོད་མེད་ཤེས་སླ་
ཁ་རྒོད་ལས་གཏམ་རྒོད་གྲགས་པ་ཙམ་གྱིས་དགོས་དོན་རྙེད་པ་ཞིག་མི་ཡོང་མོད།
ཁར་སྔོན་མཚམས་འཇོག་གླེང་ཚད་རྒྱ་ཡི་དྲ་འབུ་བརྩིས་དེ་རིང་བདེན་མིན་དཔྱད་
པ་བྱེད་བཞིན་མི་འདུག་གི།