གནས་ཚུལ་མཁོ་འདོན་པཿ མཁར་ནང་འཕགས་པ།
ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་དབང་བསྒྱུར་བྱས་པའི་ལོ་ངོ་འདི་དག་གི་ནང་། བོད་དུ་བོད་མི་འབུམ་བཅུ་གཉིས་ལྷག་རྐྱེན་འདས་དང། མི་བརྒྱུད་བཙན་འགོག དགོན་སྡེ་རྩ་གཏོར། ཁོར་ཡུག་གཏོར་བརླག རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། འབྲོག་པ་གནས་སྤོ་བྱེད་དུ་བཅུག་པ་སོགས་བཙན་ཤེད་ཀྱི་ལམ་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པའི་དཀའ་ཁག་རིམ་པར་བྱུང་བ་དང་། ཕྱི་ལོ་ ༡༩༨༧ ནས་ ༢༠༠༨ ལོ་བར་བོད་མིའི་ཞི་བའི་གྱེན་ལངས་ལ་དྲག་པོའི་ཁྲིམས་གཞི་རིམ་པར་ལག་བསྟར་བྱས་སྟབས། ད་ཆ་བོད་དུ་རྒྱ་ནག་མི་མང་སུ་ལ་ཡང་གནོད་འཚེ་མི་བྱེད་པར་རང་ཉིད་བློས་གཏོང་གིས་རང་ལུས་མེར་བསྲེགས་ཀྱི་འཛམ་གླིང་གི་ཚད་མཐོའི་ཟིན་ཐོ་སྟེ་ད་བར་མི་གྲངས་ ༧༠ ཆགས་ཡོད་པ་དང་། དེའི་ནང་ལོ་ ༡༥ གཙོས་པའི་བོད་མི་རྒན་གཞོན་ཚང་མས་སྙིང་སྟོབས་ཆེན་པོའི་ལམ་ནས་བོད་མིའི་དཀའ་སྡུག་གི་གནས་སྟངས་གསལ་སྟོན་གྱིས་རེ་འབོད་བྱེད་བཞིན་ཡོད་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་གཞི་རྩའི་དམིགས་ཡུལ་དེ་བཞིན་རང་སོར་གནས་ཡོད་ཚེ་ཉམ་ཆུང་འགྲོ་བ་མིའི་ཚེ་སྲོག་གི་འབོད་སྒྲ་འདི་དག་ལ་མཐོང་ཆེན་དང་ངོས་འཛིན་བདག་སྤྲོད་གནང་གི་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད་ལ། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཚོས་བོད་ནང་གི་བོད་མིའི་དཀའ་ཁག་སེལ་བར་རོགས་སྐྱོར་ཡོང་བའི་རེ་འབོད་ནན་པོ་ཞུ་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དོན་དམ་གྱི་འབྲེལ་མོལ་གྱི་ཐབས་ལམ་འཚོལ་བཞིན་པ་འདི་ནུས་མེད་དུ་མི་འགྲོ་བའི་ཆེད་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག འཛམ་གླིང་མི་མང་། ལྷག་པར་རྒྱ་རིགས་མི་མང་ནས་བསམ་གཞིག་ནན་ཏན་གནང་རོགས་ཅེས་ཞུ་བཞིན་ཡོད། གལ་སྲིད་འགྲིག་མཐུན་གྱི་རེ་བ་འདི་ལ་བདག་སྤྲོད་མེད་ཚེ་བོད་མིའི་བཟོད་སྒོམ་ལ་ཚད་ཅིག་ཡོད་པ་ཡིན་པས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་ཀྱི་གཞོན་རབས་ཡོངས་ནས་རང་གི་རྒྱལ་ཁབ་ཀྱི་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་འདི་རྩ་བ་ནས་བརྗེད་མི་སྲིད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་དེ་རིང་ང་ཚོས་བོད་ནང་གི་བོད་མི་ཚོ་དཀའ་ཁག་ལས་སྐྱོབ་ཆེད་ཁོང་ཚོའི་ཚབ་བྱས་ཏེ་པུས་མོ་སར་བཙུགས་ཀྱི་གཤམ་གསལ་རེ་འབོད་འདི་དག་ཞུ་བཞིན་ཡོད་ལ། ང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ་སྦར་མི་དགོས་པ་ཞིག་ཅིས་ནས་དགོངས་བཞེས་གནང་རོགས་ཅེས་ཀྱང་ཞུ་བཞིན་ཡོད།
༡ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་གླེང་སློང་དང་། ལག་བསྟར་མཇུག་གནོན་ངེས་པར་བྱེད་དགོས་པ།
༢ རྒྱལ་ཚོགས་ནས་རྒྱ་གཞུང་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པ་ཆེད་གཏོང་གིས་ས་གནས་ས་ཐོག་གི་གནས་སྟངས་ངོ་མ་ཤེས་ཐབས་ཆེད་རྒྱབ་སྐྱོར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཙམ་མིན་པར་ངེས་པར་ཕེབས་ཐུབ་པ་དགོས་རྒྱུ།
༣ རྒྱལ་ཚོགས་ཀྱིས་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་གི་དབར་དོན་དམ་གྱི་འབྲེལ་མོལ་གནང་རྒྱུའི་ལྡིང་ཆ་བསྐྲུན་དགོས།
༤ པཎ་ཆེན་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་ཐབས་བྱེད་དགོས་རྒྱུ།
བོད་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པའི་བོད་མིའི་ཚབ་བྱས་ཏེ་སྙན་ཞུ་དང་ལས་འགུལ་འདི་སྤེལ་བ་ཡིན་པས་དགོངས་བཞེས་གཟབ་ནན་ཅིས་ཀྱང་གནང་རོགས་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༡༤ ལ་ཕུལ། །
གོང་འཁོད་སྙན་ཞུ་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ནེ་ཝི་པེ་ལེ་མཆོག་ལ་འབུལ་གྱི་ཡོད་པ་དང་། གསར་འགོད་བརྒྱུད་ལམ་ཁག་ཡོངས་ལ་གོང་མཚུངས་བཏང་ཡོད་པ་མ་ཟད། ཞུ་སྙན་འདིའི་ངོ་བཤུས་བོད་ཀྱི་བླ་ན་མེད་པའི་༸སྐྱབས་མགོན་༸གོང་ས་མཆོག་གི་བླ་བྲང་དང་། བོད་གཞུང་གི་བཀའ་སྤྱི་གཉིས། སུད་སི་ཁུལ་གྱི་གྲོས་ཚོགས་དང་བོད་རིགས་མི་མང་ཚོགས་པའི་འཐུས་མི་ཡོངས་ལ་བཏང་ཡོད། དེ་རིང་ནས་ཉིན་གསུམ་གྱི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས། ཇི་ནི་ཝ་མེ་འཁོར་བབ་ཚུགས་བཅས་སུ་རྒྱལ་ཚོགས་ལ་པུས་བཙུགས་ཀྱི་ལས་འགུལ་འདི་སྤེལ་བཞིན་རྒྱལ་ཚོགས་ཀྱི་ལས་བྱེད་ལས་ཁུངས་སུ་འགྲོ་མཁན་ཚོའི་མཚོན་ཕྱོགས་ཕེབས་ཡོངས་ལ་གོང་གསལ་སྙན་ཞུ་དེ་འགྲེམས་བཞིན་ཡོད། ད་ལྟ་སུད་སི་ཁུལ་སྔ་དྲོ་ཆུ་ཚོད་ ༨ དང་སྐར་མ་ ༤༥ ནས་འགོ་ཚུགས་ཡོད་ལ། ལས་འགུལ་འདི་ཉིན་གསུམ་རིང་མུ་མཐུད་ནས་སྤེལ་གྱི་ཡོད།
བརྒྱུད་ལམ་ཁག་ནས་གོང་གསལ་གནས་ཚུལ་ཞིབ་ཕྲ་ཤེས་འདོད་ཡོད་ན་གཤམ་གསལ་ཁ་པར་ཨང་གྲངས་གང་རུང་གི་ཐོག་འབྲེལ་བ་གནང་རོགས། ལས་འགུལ་འདི་སྤེལ་མཁན་མཁར་ནང་འཕགས་པ་དང་། ཐར་ཤུལ་བསོད་ནམས་གྲགས་པ། སེར་ཤུལ་ཨུ་རྒྱན་ཚེ་རིང་། འཇིགས་བྲལ་བསྟན་འཛིན་བཅས་ང་ཚོ་མི་བཞི་ཡིན།
༠༠༤༡༧༦༤༥༥༡༥༦༧ དང་། ཡང་ན་ ༠༠༤༡༧༦༤༤༠༧༨༥༩
ཡག་པོ་འདུག ང་ཚོའི་འགུལ་སྟངས་འདི་རང་རེད་ལགས།
ཐུགས་རྗེ་ཆེའོ།། བདེན་པ་རྒྱལ་ལོ།།
ལེགས་སོ་ཡོད།
ཧ་ཅང་ཡག་པོ་འདུག
ཧ་ཅང་ཡག་པོ་འདུག་ད་དུང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རང་རིགས་ཚང་མ་འདི་འདྲའི་ལས་འགུལ་སྤེལ་དང་ཕོ་རྒོད་ཚོ།
ཁྱེད་རྣམ་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྱི་སྡོད་བོད་མི་གཞན་ཚོས་ཀྱང་གནས་ཡུལ་རྒྱལ་ཁབ་སོ་སོར་རྒྱལ་ཚོགས་ལས་ཁུངས་དང་ཨ་རི་ཡུ་རོབ་སོགས་ཀྱི་དོན་གཅོད་ལས་ཁུངས་སྒོ་རྩར་ “པུས་བཙུགས་ལས་འགུལ་” འདི་སྤེལ་ནས་རྒྱ་བསྐྱེད་གཏོང་དགོས་འདུག
ཡིད་རངས་ཡོད། ལས་འགུལ་དེ་རྒྱ་བསྐྱེད་དུ་སོང་ནས་འཛམ་གླིང་ཡོངས་འགུལ་ཐུབ་པར་སྨོན།
བྱ་བ་ལམ་སློང་ཡོང་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བར་སྨོན། ཁྱེད་རྣམ་པས་འདི་འདྲའི་ལས་མགུལ་སྤེལ་བར་ཡི་རངས་བསྔགས་བརྗོད་ཡོད། ཐུགས་རྗེ་ཆེ་ཞུ་བ་ཡིན།།
ལས་འགུལ་དེ་རྒྱ་བསྐྱེད་དུ་སོང་ནས་འཛམ་གླིང་ཡོངས་ལ་སྤེལ་ཐུབ་པའི་རེ་བ་ཡོད་ཞུ།།
ལས་འགུལ་འདི་ནི་དུས་ཐོག་ཆར་པ་རེད། རྗེས་སུ་ཡི་རང་ཡོད།
ལས་འགུལ་བ་བཞི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོ་ཚོའི་ཟུར་རྒྱབ་ཀྱི་རྐུབ་སྟེགས་རྐང་གསུམ་མ་དེར་འགྲེལ་བཤད་སྣ་དགུ་རྒྱག་རྒྱུ་འདུག། རྒྱལ་ཚོགས་ནི་རྐང་པ་ཡ་གཅིག་ཚང་ཚང་མེད་པ་རང་རེད། མཚོན་བྱེད་ཡང་འདི་རང་རེད།
དགའ་སོང་། ས་ཕྱོགས་གང་ནས་འདི་འདྲའི་ལས་འགུལ་ཡོད་པར་ཤོག།
རྒྱ་ནག་གཞུང་ཚབ་སྒོ་སྔུན་ནས་ཡང་འདི་འདྲ་བྱས་ནས་བོད་དང་བོད་མིའི་ཚེ་སྲོག་ལ་ཚེ་ཐར་ལ་གཏོང་རོགས་བྱོས་ཟེར་ནས་སྒར་ངོ་ནས་ཞུ་བ་འཐེན་ན་ཡང་མ་འགྲིག་པ་མི་འདུག། ཞུ་དྲག་གཉིས་ཀྱི་གང་ལ་ཉན་ན་ཡང་གཅིག་པ་རེད། གཅིག་བྱས་ན་ཞུ་བ་ལ་ཉན་སྲིད།
ལས་འགུལ་གྱི་དགོས་འདུན་དང་ངོ་བོ་གང་ཐད་ལ་རྒྱབ་སྐྱོར་ལོས་ཡོད། ས་ཕྱོགས་གང་སར་བོད་དོན་ལས་འགུལ་རྣ་མང་སྤེལ་རྒྱུར་རེ་བ་དང་མཉམ་ཞུགས་གནང་རོགས།
ཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་གནང་སྟངས་འདི་ག་རང་ལས་མེད་པས་གཞོན་སྐྱེས་བཞི་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་ཡོད།
འོ་ཡ་་་་་་ཁྱེད་གསུམ་ལ་ལེགས་སོ་བསྔགས་བརྗོད་ཞུ་ངེས་ཡིན། ལས་འགུལ་སྤེལ་ཡུལ་ས་གནས་དང་། ངོ་བོ། སྤེལ་སྟངས་སོགས་ཡག་པོ་འདུག་ལ། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་ལས་འགུལ་འདི་དཔེར་གསར་ཅན་ཞིག་འདུག །ཚོར་སྣང་དམིགས་གསལ་ཅན་ཞིག་སྤྲོད་སོང་ངོ་མ་ཡིན། དེ་མིན་མི་ལ་གཅིག་དགོས་རེད་གཉིང་དགོས་རེད་བཤད་མཁན་ནི་མང་སོང་བ་ལས་ཉུང་ཡོད་པ་རེད། བཙན་བྱོལ་ཚང་ལ།
ལས་འགུལ་སྤེལ་ས་དང་སྤེལ་སྟངས་བཟང་ངོ་། །
ཁྱེད་བཞི་པོས་ལས་འགུལ་དེ་ལ་ཡིད་རང་ཡོད་ངོ་མ་ད་ག་རེད་ད་ལེ་ལེན་མེད་ན་མེ་སྤར་ས་
དེ་རྒྱལ་ཚོགས་ཀྱི་སྒོ་འགྲམ་དེར་བྱ་ན་མཆོག་ཏུ་འགྱུར་བ་ཞིག་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ལ་པུས་མོ་བཙུགས་ནས་ཅི་་ཞིག་བྱེད། ནུབ་ཕྱོགས་པའི་གཞུང་ཚབ་ལ་པུས་མོ་བཙུགས་ནས་ག་རེ་བྱེད། དེ་མིན་བོད་ལ་རང་དབང་སྤྲོད་རོགས་ཟེར་ནས་ནུབ་ཕྱོགས་པ་ལ་པུས་མོ་བཙུགས་ན་རྣམ་རྟོག་འདྲ་ལངས་རྒྱུ་རེད། ང་ཚོའི་རང་དབང་འཕྲོག་མཁན་དེ་ཚོ་ནི་མ་རེད། སྒྲོ་ལར་ཁ་ཤས་རེ་ཨེ་རག་བསམ་པ་ཡིན་ནམ། བོད་ལ་རང་དབང་འདྲ་ཨེ་སྤྲོད་ན་བསམ་ན་རྒྱ་ནག་པ་ལ་པུས་མོ་འཛུགས་དགོས་པ་རེད། རྒྱ་མི་ཚོར་པུས་མོ་འཛུགས་སྲོལ་ཡོད་སྟབས་མ་མཐའ་ཡང་དེའི་དོན་ཞིག་ཡིན་མིན་ཤེས་སྲིད་པ་རེད། བོད་མི་ཡིན་ནོ་ཅོག་གིས་རྒྱ་མི་མཐོང་ཚད་ལ་རང་དབང་སྤྲོད་རོགས་ཟེར་ནས་པུས་མོ་འཛུགས་དགོས་པ་རེད། པུས་མོ་བཙུགས་ན་མ་མཐའ་ཡང་རྒྱ་མི་ཚིག་པ་ཟ་གི་མ་རེད།
ང་ཚོས་མུ་མཐུད་ལས་འགུལ་དེའི་ཐོག་མཆན་བྲིས་དགོས་པ་ལས་གཞན་འགའ་ཞིག་གི་ཁ་ལ་ལྟས་ནས་མཆན་བུའི་ཁ་ཕྱོགས་ནོར་མི་རུང་།
ཕྱི་སྡོད་བོད་མི་དག་གིས་རྒྱུན་སྐྱོང་དགོས་པ་ནི་འདི་ལྟ་བུའི་ལས་འགུལ་རེད། དེ་མིན་ཁ་ཚོན་པོ་ནང་ནས་ཚིག་ཚོན་པོ་བཤད་པ་གང་གི་ནུས་པ་ཡང་མ་ཐོན་པ་མིག་མཐོང་ལག་ཟིན་རེད། མྱི་བུ་འདི་དག་ནི་བོད་པའི་རུས་རྐང་ཅན་དག་དག་ཡིན་པས། སྙིང་ནས་རྗེས་སུ་ཡིད་རངས་ཞུས་པ་ཡིན།