གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས།
དེ་རིང་ཕྱི་ཟླ་༡ ཚེས་༡༠ རེས་གཟའ་སྤེན་པའི་ཉིན་ཀྱི་ཆུ་ཚོད་༢ ནས་ཆུ་ཚོད་༥ བར་སུད་སི་ས་གནས་ཛུ་རིག་ནང་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་ལས་འགུལ་ཞིག་སྤེལ་སོང་།
གོང་འཁོད་ཟླ་ཚེས་ཉིན་སུད་སི་ནང་རྟེན་གཞི་བྱས་པའི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སུ་གྲོང་ཁྱེར་ཛུ་རིག་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁོར་ནས་རྒྱ་ནག་གཞུང་ཚབ་མདུན་བར་རྔམ་སྟོན་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལས་འགུལ་འདིའི་ནང་སུད་སི་མི་མང་ཚོགས་གཞོན་བསམ་པའི་དོན་གྲུབ་གཙོས་མི་མང་ཉིས་བརྒྱ་མ་ཟིན་ཙམ་མཉམ་ཞུགས་ཀྱིས། ཉེ་བའི་ཆར་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་རླབས་ཆེན་གནང་ཏེ་འདས་གྲོངས་སུ་གྱུར་བའི་རྔ་བའི་བུད་མེད་ཚེ་པེ་དང་རྟའུ་ཉ་མཚོ་དགོན་ཀྱི་གྲྭ་བློ་བཟང་ཡེ་ཤེས་རྣམ་གཉིས་གཙོས་བོད་མི་༡༣༥ ལྷག་གིས་བོད་དོན་བདེན་མཐའ་སེལ་ཆེད་རིན་ཆེན་སྐུ་ལུས་མེ་རུ་སྒྲོན་པའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་རེ་སྐུལ་དང་ཁ་ཆེམ་རྒྱལ་སྤྱིའི་མི་མང་དང་ཚོགས་སྡེ་ཁག་ལ་ངོ་སྤྲོད་། རྒྱ་གཞུང་གི་གཉའ་གནོན་གདུག་རྩུབ་མཚམས་འཇོག་དགོས་པའི་འབོད་སྒྲ་བཅས་སྒྲོག་བཞིན། བོད་དོན་འགྲེལ་བརྗོད་ཀྱི་ཡིག་ཆ་གྲངས་བདུན་བརྒྱ་ལྷག་འགྲེམ་སྤེལ་གནང་བཞིན་སྐད་འབོད་ཤུགས་ཆེན་བྱས་སོང་།
རྒྱ་ནག་གཞུང་ཚབ་མདུན་དུ་སུད་སུ་མི་མང་ཚོགས་གཞོན་བསམ་པའི་དོན་གྲུབ་ལགས་ཀྱིས་གཏམ་བཤད་ལྷུག་བརྗོད་གནང་རྗེས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་ལས་འགུལ་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་ནང་བརྗོད་དོན། ལས་འགུལ་འདི་སྔ་ས་ནས་སྤེལ་འཆར་ཡོད་ཀྱང་སྤྱི་ལོའི་ལོ་སར་དང་ཡུ་ཤིའི་འཁྲུངས་སྐར་སོགས་དང་སྟབས་ཁེལ་སྟབས་ད་ལྟའི་བར་ཆོག་མཆན་རག་ཐབས་མ་བྱུང་ཚུལ་དང་། དེ་རིང་གི་ལས་འགུལ་འདི་ནི་ཉེ་བའི་ཆར་སྐུ་ལུས་མེར་སྲེག་གནང་རྣམ་པ་གཉིས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་རྣམས་དང་། བོད་དོན་ཆེད་དཀའ་བ་བརྒྱ་ཕྲག་སྤྱོད་བཞིན་པའི་གཞིས་ལུས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དང་། འཛམ་གླིང་མི་མང་ལ་བོད་ཀྱི་ཛ་དྲག་གི་གནས་བབ་ངོ་སྤྲོད་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བའི་འབོད་སྒྲ་ང་ཚོས་ཅིས་ཀྱང་བསྒྲུབ་དགོས་པའི་འགན་འཁྲི་ཞིག་གི་ཐོག་ནས་སྤེལ་བ་ཡིན་ལ། ཞེས་དང་།
ཚོགས་གཞོན་མཁར་འཕགས་ལགས་ཀྱིས་ལས་འགུལ་མཇུག་སྡོམ་གཏམ་བཤད་ནང་བརྗོད་དོན། ང་ཚོ་བོད་པ་སུ་ཡིན་ཡང་སོ་སོ་བོད་མི་རིགས་ཤིག་གི་གྲས་སུ་སྐྱེས་པར་སྤོབས་པ་དང་གཟི་བརྗིད་ཡིན་བསམ་པ་ཞིག་དང་། བོད་མིའི་བདེ་སྡུག་དེ་ང་ཚོ་དང་འབྲེལ་ཡོད་པའི་གནད་དོན་ཞིག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། དེ་རིང་ང་ཚོས་གཞིས་ལུས་མི་མང་གི་སྐུ་ཚབ་བྱས་ནས་དེ་རིང་རྒྱ་ནག་དམར་གཞུང་སྐུ་ཚབ་ཀྱི་སྒོ་རྡུང་གིན་ཡོད་པ་རེད། རྒྱ་གཞུང་གིས་བོད་ལ་རང་དབང་ཚད་ལྡན་ཞིག་མ་སྤྲད་བར་ཏུ་ང་ཚོས་རྒྱ་གཞུང་གི་སྒོ་རྡུང་མཚམས་མི་འཇོག་པའི་སྤོབས་པ་དང་དམབཅའ་དགོས་པ་རེད། སྤོབས་པ་འདི་བོད་མི་སུ་འདྲ་ཞིག་ཡིན་ནའང་སེམས་ལ་ཉར་དགོས་རྒྱུ་གལ་ཆེན་ཡིན་ཚུལ་སོགས་གསུངས་སོང་།
གཞན་རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་བའི་ཁྲོད་ནས་རྒྱ་གཞུང་ལ་བརྡ་ལན་ཤུགས་ཆེན་འདོན་མཁན་ཁ་ཤས་བྱུང་སོང་ལ། དེ་བཞིན་མི་མང་ཚོས་མིག་ཆུ་དང་ངུ་ངག་འདོན་བཞིན་སེམས་ཚོར་དྲག་པོས་སྐད་འབོད་ཤུགས་ཆེན་གནང་སོང་།
གསར་འགོད་པ། ཙ་ཡུས་ཕུན་ཚོགས།