ཉེ་དུས་ཨ་རིའི་གཞིས་སྤོར་བོད་མི་ལོ་ན་ ༢༢ ནས་ ༦༦ བར་ཡིན་པའི་ཁྲོད་སྔོན་འགྲོའི་བརྟག་ཞིབ་གཞི་རྒྱ་ཆུང་བ་ཞིག་བྱས་པའི་སྙན་ཐོ་ལྟར་ན། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་རྒྱུན་མཐོང་ནད་རིགས་གཙོ་ཆེ་ཤོས་ཁག་ནི་ཁྲག་ཤེད་དང་གློ་གཅོང་ཊི་སྦི། གྲུམ་བུ་དང་ཕོ་ནད་བཅས་ཡིན་པ་ཐོན་འདུག
ནད་རིགས་འདི་དག་བོད་མི་རྣམས་ཡུལ་ལུང་གཞན་དུ་གནས་སྤོར་བྱས་པའི་ཉེར་ལེན་དེ་འཚོ་བའི་འགྱུར་ལྡོག་དང་ལུས་སེམས་ལ་མནར་གདུང་ངམ་གནོན་ཤུགས་ (stress) ཡོད་པའི་རྐྱེན་གྱིས་འབྱུང་གི་ཡོད་སྲིད། ཕྱི་ལོ་ ༡༩༩༠ ལོ་རབས་ཀྱི་དུས་འགོ་ནས་བོད་མི་མང་པོ་ཞིག་ཆབ་སྲིད་དང་དཔལ་འབྱོར་ཤེས་ཡོན་སོགས་རྐྱེན་པས་ཨ་རིའི་ཡུལ་གྲུ་ཁག་ཅིག་ཏུ་གཞིས་སྤོར་འཚོ་སྡོད་བྱས་དང་བྱེད་མུས་ཡིན་པ་དང་། སྤྱིར་མི་རིགས་གང་ཞིག་རྒྱལ་ཁབ་དང་སྤྱི་ཚོགས་གཞན་ཞིག་ཏུ་གཞིས་སྤོར་གནས་སྡོད་བྱས་རྗེས་མི་རིགས་རང་གི་རིག་གཞུང་དང་སྐད་ཡིག་གོམས་སྲོལ་བཅས་ཉར་སྲུང་བྱ་རྒྱུ་དང་འཕྲོད་བསྟེན་བདེ་སྡུག མི་རབས་རྒན་པ་དང་གཞོན་པ་ཡང་ན་ཡུལ་མིའི་བར་ལྟ་སྤྱོད་མི་མཐུན་པའི་དཀའ་ངལ་འཕྲད་དང་འཕྲད་མུས་ཡོད་པ་རེད།
ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པ་དང་མལ་ཌི་སིན་དུ་ཡོད་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭའི་ཁྱིམ་མིའི་སྨན་དཔྱད་སྡེ་ཚན་གཉིས་ (Department of Family Medicine, UW-Madison) ཀྱི་རྒྱབ་གཉེར་འོག ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭའི་ཨེ་ཤི་ཡའི་ཨ་རི་མི་རིགས་སློབ་གཉེར་སྡེ་ཚན་ (Asian American Studies Program) གྱི་དགེ་རྒན་ཆེན་མོ་ལེ་ཎི་ཊི་་ཨུ་ཊལ་ (Prof. Lynet Uttal) དང་བོད་ལུགས་གསོ་རིག་སྨན་པ་གཡང་འབུམ་རྒྱལ་གཉིས་ཟུང་འབྲེལ་ཐོག ཕྱི་ལོ་ ༢༠༠༩ ལོར་ཝི་སི་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར་གནས་འཁོད་གཞིས་སྤོར་བོད་མི་ཚོར་ལུས་སེམས་མནར་གདུང་ (Stress) ཇི་ལྟར་ཡོང་གི་ཡོད་པ་དང་དེ་ལ་གདོང་ལེན་བྱེད་ཕྱོགས། ཨ་རིའི་ནང་གི་འཕྲོད་བསྟེན་བདེ་ཐང་སྐོར་ལ་བརྟག་ཞིབ་དང་བསམ་ཚུལ་འདྲི་བའི་འགེང་ཤོག་ཅིག་ཆེད་བཟོས་ཀྱིས་སྔོན་འགྲོའི་བརྟག་ཞིབ་ཆུང་ངུ་ཞིག་བྱས་འདུག
བརྟག་ཞིབ་སྙན་ཐོ་ནང་། ཨ་རིའི་ནང་བོད་མི་ཚོར་ལུས་སེམས་མནར་གདུང་སློང་བྱེད་གཙོ་བོ་ནི་རིམ་བཞིན་བོད་ཀྱི་རྩ་དོན་དང། རང་ཡུལ་དུ་ཡོད་པའི་གཉེན་ཉེ་སྐོར་སེམས་ཁྲལ་བྱེད་པ། བོད་མི་ནང་ཁུལ་ཀྱི་ཆབ་སྲིད། མི་རིགས་དབྱེ་འབྱེད་བྱེད་པ་བཅས་ཡིན་འདུག
གཞན་ཡང་གཞིས་སྤོར་བོད་མི་ ༥༩ % ཡིས་ཡུལ་ལུང་གཞན་ལས་ཨ་རིའི་ནང་ལུས་སེམས་མནར་གདུང་ཆེ་བ་དང། ༨༠ % ཡིས་ནད་མནར་བྱུང་ཚེ་སྨན་འཐུང་གི་ཡོད་པ། ༥༠ % ཡིས་ནད་མནར་བྱུང་ཚེ་ཆོས་ཕྱོགས་བླ་མ་དང་དགེ་འདུན་པར་ཐུགས་དམ་ཕྱག་མོ་ཞུ་བ། ༩༦ % དང་ཡང་ན་མང་ཆེ་བས་སྒོམ་རྒྱག་དང་ལུས་སྦྱོང་ཡོ་ག་ལག་ལེན་བྱེད་ཀྱི་མེད་པ། ༦༤ % ཡིས་ནད་མནར་བྱུང་ཚེ་ལྷ་བླ་མར་གསོལ་འདེབས་སྨོན་ལམ་ཞུ་བ། ༧༢ % ཡི་བསམ་པར་ནུབ་ཕྱོགས་གསོ་དཔྱད་སྨན་པས་བོད་པར་ཡོད་པའི་འཕྲོད་བསྟེན་ནད་མནར་གནས་ཚུལ་ཤེས་ཀྱི་ཡོད་པ། ༩༢ % ཡིས་ནད་མནར་བྱུང་ཚེ་ཕྱི་ལུགས་ནུབ་ཕྱོགས་གསོ་དཔྱད་སྨན་པར་བསྟེན་གཏུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོན་འདུག
བརྟག་ཞིབ་མི་སྣ་གཉིས་ཀྱིས་ད་ལྟའི་ཆར་བརྟག་ཞིབ་འགེང་ཤོག་ ༡༡༡ ལ་ཞིབ་འཇུག་གནད་ཞིབ་བྱེད་བཞིན་ཡོད་པ་དང་། ཨ་རིར་གནས་འཁོད་གཞིས་སྤོར་བོད་མི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་དང་། ལུས་སེམས་མནར་གདུང་། བསམ་སྤྱོད་བདེ་སྡུག་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་དང་། ཡིག་ཐོག་འགོད་པ། བརྟག་ཞིབ་གྲུབ་འབྲས་གཞིར་བཟུང་ནུབ་ཕྱོགས་གསོ་དཔྱད་ཆེད་ལས་པ་ཚོར་བོད་མིའི་འཕྲོད་བསྟེན་བདེ་ཐང་གནས་སྟངས་སྐོར་ངོ་སྤྲོད་བྱ་རྒྱུ་དང་ཡུལ་གྱུར་བོད་མི་སྤྱི་ཡི་སྤྱི་ཚོགས་སྲ་བརྟན་དང་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་བདེ་སྡུག་ཡར་རྒྱས་ཡོང་བར་ལམ་སྟོན་རོགས་རམ་བྱེད་ཆེད། བསྐྱར་དུ་དྲ་ཐོག་གི་བརྟག་ཞིབ་འགེང་ཤོག་ཅིག་གསར་བཟོ་བྱས་ཏེ་ཨ་རི་རྒྱལ་ཡོངས་བོད་མིའི་ཁྲོད་གཞི་རྒྱ་ཆེ་བའི་དངོས་གཞིའི་བརྟག་ཞིབ་ལས་གཞི་སྤེལ་འཆར་ཡོད་འདུག
བཀླགས་ནས་བུད་སོང་། བོད་ལུགས་གསོ་རིག་གི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་འགྲོ་ཀུན་ནད་གདུང་གི་འདམ་ལས་སྒྲོལ་བར་འཚོ་བྱེད་ལས་དང་པོ་བ་དག་གི་ཐེག་པ་ཆེ། ཁ་བྲོ་བཀྲ་ཤིས།
ན་ན་ཡང་མ་ན་ཁལ་བྱས་ནས་བཟོད་སྲན་ཧུར་ཐག་བྱ་དགོས།
སྨན་པ་ལབ་བསྟེན་པ་ལས་རང་ནུས་གང་ཡོད་ཀྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས།
སྤྱིར་བོད་མིའི་ནད་གཞི་གཙོ་བོ་དག་གློ་གཅོང་དང་ཕོ་ནད་སྨུག་པོ་གྲུམ་བུའི་རིགས་ནས་ཀྱང་རྩ་གྲུམ་ཤུགས་ཆེ་པར་སྙམ་ཁྲག་ཤེད་མཐོ་བོ། གློ་གཅོང་།མཆིན་པའི་གཉན་ཚད་སོགས་དེའི་ནང་ནས་ཀྱང་གློ་གཅོང་ནད་གཞིའི་ཁྱབ་ཚད་མང་པོ་རེད་འདོད། གང་ཡིན་ཟེར་ན་ལུད་པ་དང་ཁྲག་ནང་ནད་འབུ་ཡོད་པའི་རྟགས་མི་སླེབ་ནའང་གློ་གཅོང་ན་ཟིན་པའི་རྨ་ཤུལ་ལམ་ཁྱེད་རང་གི་གློ་བའི་ཟུར་ངོས་གང་རུང་ལ་ནག་ཐིག་ཅིག་གློག་དཔར་རྒྱབ་དུས་་ཡོད་ངེས་པས་དེས་ཀྱང་གནས་ཡུལ་ཨ་རི་ནས་ཟླ་ཤོས་རིང་སྨན་ཟ་དགོས་འདུག དེ་ངས་གནས་ཡུལ་ཚང་གིས་གནང་སྟངས་ཡག་པོ་ཞིག་རེད་བསམ་གྱིན་མེད། གལ་སྲིད་དངོས་གནས་{ལུད་པ་} {ཁྲག} {གློག་པར} {ཁབ} བཞི་ཀར་བརྟགས་དཔྱད་བྱས་འབྲས་སུ་ནད་རྟགས་ཡོང་ན་དེ་མཚུངས་ཀྱི་སྨན་བཅོས་བསྟེན་དགོས་ཀྱང་རྒྱུ་མཚན་མཐོང་གིས་འདུག དེ་མིན་ནག་ཐིག་ཡོང་ཚུལ་ལ་གློ་གཅོང་གི་སྨན་གཏོང་དགོས་ན་འཁྲུལ་ཉེན་ཆེ་པའི་ནད་གཞི་མང་པོ་ཡོད་པ་རེད་སྙམ། དཔེར་ན་གློ་ཚད་རྙིང་པ་གློ་བའི་མེ་དཔལ་སོགས་རེད། དངོས་གནས་བྱས་ན་གློ་གཅོང་ནད་འབུ་ཡོད་མེད་ཤ་སྐྱིའི་པར་སྨན་ཁབ་ཅིག་རྒྱག་གིས་རེད། དེ་ཉིན་གསུམ་གྱི་རྗེས་སུ་ཁབ་རྒྱབ་སའི་སྐྱི་པགས་དམར་གོར་ཆགས་སྟངས་ཆེ་བ་དང་ཤ་སྐྱི་མཐུག་པོ་འདུག་ན་ནད་ཚ་ཡོད་པར་ངོས་འཛིན་ནམ་བརྟགས་དཔྱད་རིམ་པར་འགྲོ་དགོས་བ་ཞིག་གི་ལམ་སྣེ་སླེབས་པ་རེད་འདོད།ཡིན་ནའང་དེ་སྔོན་ནད་གཞི་ན་མ་མྱོང་ཡང་སྔོན་འགོག་ཁབ་རྒྱབ་མྱོང་མཁན་ཞིག་ཡིན་ན་རྟགས་གཅིག་མཚུངས་ཡོང་གིས་ཡོད་ཚུལ་འདུག་པས་ཐག་གཅོད་ལས་སླ་བོ་ཞིག་མ་རེད་སྙམ།
ཨ་རི་བོད་མི་གཞིས་སྤོ་བྱས་ནས་ནད་མནར་བྱུང་ན་རང་ཉིད་རང་གི་མེད་པ་བཟོས་པ་མ་ཟད་བུ་རྒྱུད་བཅས་པར་བོད་ཅེས་པའི་ཡུལ་འདི་སྒྲུང་དེབ་གྱི་རྣམ་པར་འགྱུར་ངེས་ཡིན་ལ་ཁྱེད་ནས་ཨ་རི་རྒྱལ་ཡོངས་བོད་མིའི་ཁྲོད་གཞི་རྒྱ་ཆེ་བའི་དངོས་གཞིའི་བརྟག་ཞིབ་ལས་གཞི་སྤེལ་འཆར་ཡོད་གསུངས་པ་དེ་ཡང་དོན་འབྲས་ལྡན་པ་བྱུང་དཀའ་ལ་མིང་གྲགས་ཙམ་ཡོང་ངེས། དེ་ལས་ཁྱོད་ཀྱིས་འཕྲོད་བསྟེན་ཐོག་བྱེད་འདོད་ན་བོད་ནང་དཀའ་ངལ་མྱང་བཞིན་པའི་གཞིས་ལུད་བོད་མི་བོད་གཅིག་གཉིས་ཙམ་བལྟ་སྐྱོང་ཐུབ་ན་དགེ་ཚན་ཆེ་རུང་དེ་ཚོར་འབྲེལ་ལམ་བྱེད་བདེ་མེད་ཚེ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ཉམས་ཆུང་བོད་མི་ཚོ་ཞིག་ལ་འཕྲོད་བརྟེན་བལྟ་སྐྱོང་བྱས་ན་ཕན་ཐོག་ཆེ་བ་ཡོང་གྱུར་ཐེ་ཚོམ་མེད། ད་དུང་འཕྲོད་བསྟེན་བལྟ་སྐྱོང་དང་ཞིབ་འཇུག་བྱེད་པའི་ཞོར་ལ་ཁྱེད་ནས་སྨན་རྩིས་ཁང་དང་འབྲེལ་བའི་ཚོགས་པ་དེ་ཚོ་ཁ་བསྒྱུར་མ་བྱས་ན་ལེགས།