ཨ་དགའ་ཁྲོ་ཐུང་།
1 སྤྱི་བཤད།
སྤྱིར་ན་བོད་པ་ཟེར་བ་འདི་མིག་རྒྱང་ཐུང་ཐུང་རེད། བློ་རྒྱ་ཆུང་ཆུང་ཡིན། ཆབ་དཔལ་རིག་གསུམ་གང་གི་ཆ་ནས་ཡིན་ཡང་ཤེས་བྱ་ཡོན་ཏན་གྱིས་བློ་མ་བསྒྱུར་བའི་གང་ཟག་མང་དྲགས་པས་ནང་ཁུལ་ཕན་ཚུན་ཧ་ཅང་ཕྲག་དོག་ཆེ་ཞིང་དབྱེན་དཀྲུག་རྙོག་འཛིང་གིས་དུས་ཚོད་ཆུད་ཟོས་གཏོང་བཞིན་པའི་མི་རིགས་ཐབས་རྡུགས་ཤིག་ལས་གཞན་ཅི་ཡང་མིན། མི་མང་ལ་སློབ་སྦྱོང་གི་འདུན་པ་ཧ་ཅང་ཞན་ལ། གོ་རྟོགས་དམན་ཞིང་ཕུགས་བསམ་ཆུང་བ་ལ་སོགས་པའི་རྒྱུ་རྐྱེན་དུ་མའི་དབང་གིས། སྐབས་འཚོལ་རང་ལུགས་པས་རང་དོན་འགྲུབ་ཆེད་ཆབ་སྲིད་པའི་ཁེ་ཕན་ལ་གཡས་གཞོགས་གཡོན་འདེགས་ཅི་དགའ་གང་ལེགས་བྱས་ནས་བོད་སྤྱི་པའི་ལས་དོན་བརྗེད་བཞིན་པའི་སྐབས་སུའམ། ཡང་ན། རང་གི་ཁེ་ཕན་ཨང་དང་པོ་ཡིན་པའི་ཆབ་སྲིད་པའི་དམིགས་ཡུལ་ངོས་འཛིན་ཐུབ་མཁན་ཉུང་ཉུང་ཡིན་པའི་དུས་སྐབས་སུ་མང་གཙོའི་སྤྱི་ཚོགས་ནང་གི་མི་མང་གི་རང་དབང་ཟེར་བ་འདི་ལས་ཉེན་ཁ་ཆེ་བ་གཅིག་ཀྱང་མེད། མང་གཙོའི་ཁེ་དབང་དང་མི་མང་གི་ཤེས་ཡོན་གནས་ཚད་གཉིས་དོ་མི་མཉམ་པའི་དཀའ་ངལ་ལ་གདོང་ཐུག་ཡོང་དུས་ཤེས་ཡོན་པ་ནི་མི་མང་གི་དགེ་རྒན་ཡག་ཤོས་དེ་ཡིན་དགོས། ཡང་གཅིག་བཤད་ན། རང་མི་རིགས་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགན་ཁུར་ནས་མང་གཙོའི་གསོལ་རས་རིན་པོ་ཆེ་ལ་ཤེས་ཡོན་པའི་སྡེ་ཁག་ནས་འགན་ལེན་གཅེས་སྐྱོང་གི་ལམ་དུ་སྙེག་དགོས།
2 སྐབས་དོན།
དྲང་པོ་བཤད་ན། བཀའ་ཟུར་འབྲོང་ཆུང་གིས་འདི་ལྟར་གནང་སྲོལ་ག་ལ་ཡོད། རྐང་པ་གཉིས་འཛུགས་ཀྱི་ལས་བྱེད་མི་རུང་། སྤྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མི་ལ་ལངས་རྒྱུ་ཡིན་པ་གཏན་ཁེལ་འདུག་ཀྱང་། རྐང་པ་ཡ་གཅིག་ “གཞུང་གི་ཞབས་ཕྱིའི་ས་མིག” ནང་དུ་ཡོད་པ་མ་ཟད། རྐང་པ་ཡ་གཅིག་སྲིད་སྐྱོང་འོས་མི་རྣམ་པའི་ཁོངས་སུ་བརྐྱངས་ནས་བཞུགས་ཡོད། དངོས་གཞི་ལ་བསླེབས་སོང་ན་སྲིད་སྐྱོང་འོས་མི་ནས་དགོངས་པ་ཞུ་རྒྱུ་མིན་ཟེར་དོན་ནི་སྔོན་འགྲོའི་སྐབས་སུ་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཡིན་མིན་ཐག་ཆོད་མེད་པའི་རྣམ་འགྱུར་སྟོན་ཆེད་དོན་ལ་ཚིག་གིས་ལྷན་པ་རྒྱག་སྟངས་འདི་འདྲ་ནི་ཅི་འདྲའི་མདོག་ཉེས་པ་ལ་ཨང་། འདི་ཡང་ཁ་ཇེ་གསལ་དུ་གཏོང་དགོས་པའི་གནད་དོན་གཅིག་ཡིན། སྐད་ཆ་བཤད་སྟངས་ཀྱི་ཐོག་ནས་ཁྲིམས་སྒྲིག་དང་འགལ་མེད་ཚུལ་རང་བཟོ་སྙིང་རྗེ་བོ་ག་ཚོད་བྱས་ཀྱང་། མཐར་དེད་ན་རང་གི་ལས་གནས་མི་ཤོར་བའི་ཆེད་ཡིན་པ་ཟུར་བལྟས་ལེབ་མཐོང་རེེད། འབྲོང་གིས་ད་ལྟ་ནས་གང་ཟག་གི་དབང་བསྒྱུར་འགོ་རྩོམ་ཡོང་གི་ཡོད་པ་འདྲ། ད་ངས་ཤེས་སོང་། བདེན་པའི་མཐུ་ལ་མི་སྐྲག་པའི་འབྲོང་གི་རྭ་ཅན་ཞིག་ལངས་མ་གོག་གིས་སྲིད་སྐྱོང་འོས་མི་ལ་ཞུགས་འདུག
ང་ཚོས་འོས་བསྡུའི་སྒྲིག་གཞི་དང་སྲིད་སྐྱོང་གི་འོས་ཆོས་སོགས་ལུང་དྲངས་ནས་འགྲེལ་བཤད་རྒྱག་དགོས་དོན་མི་འདུག བཀའ་ཟུར་འབྲོང་ཆུང་རང་གི་ཞལ་ནས་གསུངས་ཚར་འདུག ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བཅར་འདྲི་ལ་ཉན་ན་གསལ་བོ་རེད། “ཚིག་དྲིས་ན་མི་བསྒུལ་ན་ཡོང”ཞེས་པའི་དཔེ་རུ་སོང་འདུག ཁོང་སྲིད་སྐྱོང་འོས་མིར་ལངས་ན་ལས་ཁུངས་ནས་རྩ་དགོངས་ཞུ་དགོས་ཀྱི་ཡོད་པ་གསལ་བོ་ཆགས་སོང་།
ལྡི་ལི་དོན་གཅོད་ལས་ཁུངས་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཀྱི་ལས་ཁུངས་ཤིག་རེད། བཅའ་ཁྲིམས་ཁྱབ་ཚད་ངོས་ནས་བལྟས་ན་ཡང་། སྐུ་ཚབ་དོན་གཅོད་ལས་ཐོག་པ་ཞིག་སྲིད་སྐྱོང་འོས་གཞིའི་ཁྲོད་ཞུགས་ན་ཁྲིམས་སྒྲིག་དང་མ་འགལ་བའི་སྒོ་ནས་འོས་ཆོས་ཚང་དགོས་ངེས་རེད། བཀའ་ཟུར་འབྲོང་ཆུང་ལགས་ནི “་་་གཞུང་གི་ཞབས་ཕྱིའི་ས་མིག”ནང་གི་ལས་བྱེད་ཅིག་ཡིན་པ་དང་། གོང་ས་མཆོག་གི་མཚན་གནས་དང་འབྲེལ་བ་ཡོད་པའི་གཞུང་གི་ལས་ཁུངས་སུ་ཕྱག་ལས་གནང་གི་ཡོད་པའི་ཆ་ནས་གཞུང་གི་བཀའ་ཁྱབ་དང་སྒྲིག་གཞི་སོགས་བརྩི་སྲུང་ཚུལ་བཞིན་བྱེད་མཁན་ཡག་ཤོས་ཀྱི་གྲས་ཡིན་དགོས་པར་སྣང་། ཡིན་ནའང་། གཞུང་གི་ལས་གནས་ནས་རྩ་དགོངས་མ་ཞུས་པར་སྲིད་སྐྱོང་གི་འོས་གཞིའི་ཁོངས་སུ་ཞུགས་ནས་གསར་ཁང་ཁག་གི་བཅར་འདྲི་དང་ལེན་གྱིས་མ་འོངས་པའི་ལས་འཆར་ངག་ཐོག་ནས་བརྒྱུད་སྒྲོག་གནང་བཞིན་པ་སོགས་ནི་བློ་ཡུལ་ལ་ཤོང་དཀའ་བའི་གནས་ཚུལ་རེད།
3 མཇུག་གི་ཁ་སྣོན།
སྤྱིར་བཤད་ན། “ཆོལ་ཁ་དང་ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་འཐེན་འཁྱེར་བྱེད་མཁན་ཞིག་ཡིན་ཕྱིན། བླ་མ་ཡིན་ནའང་རུང་། དཔོན་པོ་ཡིན་ནའང་རུང་། སུས་བྱེད་བཞིན་ཡོད་ཀྱང་དེ་ནི་ནོར་འཁྲུལ་ཡིན་པས་ངོ་རྒོལ་བྱེད་དགོས”པའི་བླ་མའི་བཀའ་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་སྲིད་སྐྱོང་འོས་མིར་བཞེངས་ན་བཅའ་ཁྲིམས་ནང་གི་སྐྱབས་དང་མགོན་ལ་ཤེས་བཞིན་ཁྱད་གསོད་ཡིན་པ་སྨོས་མེད་རེད། རྒྱུ་མཚན། འབྲོང་གི་སྣ་ཐག་གི་བཟུང་ནས་མདུན་དུ་འཁྲིད་མཁན་དང་རྒྱབ་ནས་འདེད་མཁན་རྣམས་ཀྱིས་༢༠༡༡ ལོ་ནས་བཟུང་སྲིད་སྐྱོང་འོས་མི་སུ་དང་སུ་ལ་རྒྱབ་སྐྱོར་ཅི་ལྟར་བྱས་ཡོད་མེད་སོགས་ཧ་ཅང་གསལ་བོ་ཡིན་པས། རྒྱབ་སྐྱོར་པ་དང་འོས་མི་གཉིས་ཀའི་ངོས་ནས་བསམ་བློ་ཞིབ་ཏུ་མ་བཏང་ན་འགྱོད་པ་རྗེས་ན་ཡོད་རྒྱུ་རེད། བཀའ་ཟུར་འབྲོང་ལགས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་དྲི་བ་ལ་ལན་འདེབས་གནང་དོན་ལྟར། ༢༠༡༦ ལོའི་རྗེས་ནས་ཆོལ་ཁའི་ཕྱོགས་རེས་བྱེད་མཁན་ཇེ་མང་ཇེ་སྡུག་སོང་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་བདེན་ན། ༢༠༡༦ ལོའི་འོས་བསྡུའི་སྐབས་ཕྱོགས་རེས་འཐེན་འཁྱེར་བྱེད་མཁན་ཆོལ་ཁ་གང་ནས་ཡིན་པ་སོགས་མཁྱེན་ཡོད་ཤག་རེད། ༢༠༡༦ ཟླ་ ༤ ཚེས་ ༢༥ ཉིན་ཚོགས་ཟུར་དང་བཀའ་ཟུར་ཁག་ཅིག་གོང་ས་མཆོག་གི་སྐུ་མདུན་ལ་བཅར་སྐབས། སྤྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་སྐོར་ལ་བཀའ་སློབ་ག་རེ་གནང་སོང་། ཆོལ་ཁ་དང་མི་བྱེ་བྲག་པའི་མིང་དང་བཅས་པ་གསལ་བོ་གསུངས་མ་སོང་ངམ། དབྱེ་ཞིབ་ཀྱིས་བཟང་ངན་དང་བདེན་རྫུན་ཐག་གཅོད་དགོས་པ་ལས་ཆོལ་ཁའི་འཐེན་འཁྱེར་ཞེས་ཆོལ་ཁ་གསུམ་གྱི་མགོ་ལ་དབྱུག་པས་ལེབ་རྡུང་བྱེད་ག་ལ་རུང་། གོང་ས་མཆོག་ལ་སྐུར་འདེབས་དང་ཆོལ་ཁའི་ཕྱོགས་རེས་བྱེད་མཁན་གྱི་འབྱུང་ཁུངས་དངོས་ལ་ཞིབ་འཇུག་གི་མིག་གིས་བལྟས་ནས་དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་ཤེས་འདོད་ན། གོང་ས་མཆོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་བསལ་ཚོགས་ཆེན་ཐོག་བསྩལ་བའི་བཀའ་སློབ་ཞིག་ཡོད་པ་ནི། “ཨ་འདི་འདྲའི་ཡ་མཚན། བོད་གཞུང་ཞེས་བརྗོད་ཀྱང་བཀའ་བློན་དང་། སྤྱི་འཐུས་ཚོ་རེད། དེ་ནི་འདེམས་བསྐོ་བྱས་ནས་ཡོང་གི་ཡོད། ཡིན་ནའང་དངོས་ཡོད་གནས་ཚུལ་ལ་ག་རེ་བཤད་རུང་མ་བཤད་རུང་ད་ལྟའི་བཙན་བྱོལ་གཞུང་གི་མཐར་ཐུག་གི་འགན་འདི་ང་ལ་འཁྲི་ཡོད། དེར་བརྟེན་བཀའ་བློན་འཕོ་འགྱུར་དང་། བསྒྱུར་བཅོས་ཡོང་གི་ཡོད་ཀྱང་མཐར་ཐུག་གི་འགན་ངས་འཁྱེར་གྱི་ཡོད་དུས། ངས་ཡིད་ཆེས་བྱེད་སའི་མི་དེ་དག་ནང་ཆོལ་ཁ་གསུམ་ཆིག་བསྒྲིལ་ཞེས་པ་འདི་ང་ཚོའི་རྩ་བའི་སྲིད་བྱུས་ཡིན་པ་རྨི་ལམ་ཚུན་ཆད་ལ་རྨིས་དགོས་པའི་གནས་ཚུལ་ཞིག་ཡིན་མ་གཏོགས། འདི་ལ་མདོ་སྦུགས་གཉིས་ཡོད་པ་ཞིག་རྩ་བ་ནས་མིན། ང་རང་སྒེར་གྱི་ངོས་ནས་ཆ་བཞག་ནའང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ཞེས་ཡོངས་རྫོགས་ཞེས་པ་འདིའི་ནང་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་དང་། བོད་མི་རིགས་ཡོངས་སུ་རྫོགས་པ་ཚུད་པའི་ཚིག་གནད་ཆེན་པོ་ཡིན་ཞེས་ངས་སྔོན་མ་ནས་བཤད་ཡོད། ད་ལྟ་ཡང་སྲིད་བྱུས་འདིའི་ཐད་སྨོན་ལམ་ཚུན་ཆད་རྒྱག་གི་ཡོད། བོད་བཙན་བྱོལ་གཞུང་འདི་ད་ལྟ་ཡིན་ཡང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་བཞིན་ལྡན་པ་ཞིག་དང་། ང་ཚོའི་རང་དམིགས་ཡུལ་ཡང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་དབང་གི་ལུང་པ་ཞིག་ཡོང་ཐུབ་པ་བྱ་རྒྱུ་འདི་ཡིན། ངོས་ནས་ང་རང་སྒེར་གྱི་སྲིད་བྱུས་རང་བཙན་ཡིན་ནའང་འདྲ། རང་སྐྱོང་ཡིན་ནའང་འདྲ། གང་ལྟར་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ང་ཚོ་ཆོལ་ཁ་གསུམ་པོ་འདི་མགོ་དང་མཇིང་པ་བྲལ་ཐབས་མེད་པའི་གཅིག་གྱུར་ཞིག་དགོས་རྒྱུ་འདི་ངའི་རྩ་བའི་དམ་བཅའ་ཡིན། ད་དུང་འདི་ལ་ཡིད་མ་ཆེས་པ་ལྟ་བུ་དང་བསྙོན་དཀྲི་བྱེད་དུས་བློ་ཕམ་གྱི་འདུག ད་གང་འདྲ་ཡིན་ནམ། ངའི་ངོས་ནས་ད་ལྟ་བར་དུ་ལྷག་བསམ་རྣམ་དག་བྱས་པ་ཡིན། ད་དུང་ཡང་སྐྱུར་འགོང་རྟག་པར་ཤོད་པ་འདི་ད་གང་འདྲ་ཡིན་ནམ་སྙམ་པ་དྲན་གྱི་འདུག” ཅེས་གསུངས་ཡོད་པ་འདི་རེད། བཀའ་སློབ་དུམ་བུ་འདི་བཀླགས་རྗེས་ཆོལ་ཁའི་གནད་དོན་སོགས་བཙན་བྱོལ་ནང་གི་རྙོག་དྲ་ཆེ་ཕྲ་ཆུང་གསུམ་ཕལ་ཆེ་བ་ཞིག་ཆུ་འགོ་གངས་ལ་ཐུག་ཡོད་པ་ཤེས་དགོས་སོ།།
གཞུང་ཞབས་འདེམ་བསྐོ་ལྷན་ཁང་གི་སྲི་ཞུའི་ལས་བྱེད་ནང་དུ་མེད་ཀྱང་། གཞུང་ཞབས་པའི་ས་མིག་སྟེང་དུ་བསྡད་ཡོད་པས་གཞུང་ཞབས་པའི་སྒྲིག་གཞིའི་ཁྱབ་ཁོངས་སུ་ཚུད་དགོས་ངེས་རེད། རང་གིས་རང་ལ་ཡིད་ཆེས་གདེང་ཚོད་མེད་པ་དང་ཁེ་ཕན་ལེན་འདོད་པ། སྒྲིག་གཞི་བརྩི་མི་དགོས་པའི་གང་ཟིག་ཅིག་སྲིད་སྐྱོང་ལ་སླེབས་ན་??????????