གནས་འཕྲིན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་།
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་བོད་བརྒྱུད་དང་རྒྱ་བརྒྱུད། ལྷོར་བརྒྱུད་ནང་བསྟན་གྱི་བླ་ཆེན་སོགས་གནད་ཡོད་མི་སྣ་ཁག་དང་། དགེ་འདུན་པ་ལྷན་འཛོམས་ཀྱིས་དྷརྨོའི་གཞུང་ཆེན་བཞི་བོད་བསྒྱུར་དེབ་གསར་མཛད་སྒོ་དང་། ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་བཅུ་གཉིས་པ་བཅས་མཉམ་དུ་འཚོགས་ཡོད།
ཉིན་དེའི་སྔ་དྲོར་ཞིབ་འཇུག་ཚོགས་པས་གདན་ཞུས་ལོ་ཙཱ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ལོ་གཉིས་ལྷག་གི་འབད་བརྩོན་བརྒྱུད་ཡོངས་སུ་བསྒྱུར་ཟིན་པའི་སློབ་དཔོན་ཆེན་པོ་དྷརྨོཏྟ་རའི་གཞུང་ཆེན་པོ་བཞི་དང་། ལམ་མངོན་པར་རྟོགས་པའི་གླུ་བཅས་ཞིབ་འཇུག་ཚོགས་པའི་མཚན་ཐོག་ནས་འགྲེམ་སྤེལ་ཞུས་ཤིང་། ཞིབ་ཚོགས་ཀྱི་ཚོགས་གཙོ་རྫོང་སར་མཁན་པོ་ཚེ་དབང་རིག་འཛིན་མཆོག་གིས་དེབ་གསར་བོད་ཡིག་ཏུ་བསྒྱུར་དགོས་པའི་རྒྱུ་མཚན་སོགས་ཀྱི་ཐད་གསུང་བཤད་གྲུབ་པ་དང་། སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་དང་། རྒྱའི་བླ་ཆེན་མིན་བཀྭང་། ཐའེ་ཝན་སྐུ་ཚབ་དོན་གཅོད་སོགས་སྐུ་མགྲོན་གཙོ་བོ་ཐུན་མོང་ནས་དེབ་གསར་དབུ་འབྱེད་གནང་།
དེ་ནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཆོག་གིས་ལོ་ཙཱ་བར་དམིགས་བསལ་ཐུགས་རྗེ་ལེགས་འབུལ་ཕུལ་རྗེས། སྐུ་མགྲོན་ཐའེ་ཝན་རྒྱ་བརྒྱུད་ནང་པའི་གནས་བརྟན་རྒན་པ་མིན་བཀྭང་ཧྥ་ཧྲི་དང་། ཐའེ་ཝན་སྤྱི་ཚོགས་ལ་སྙན་གྲགས་དང་ཤུགས་རྐྱེན་ཆེ་བའི་རྒྱའི་སློབ་དཔོན་ཧྭ་ཙང་དང་། ༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ། རང་གཞུང་སྐུ་ཚབ་དོན་གཅོད་འབའ་བ་བསྐལ་བཟང་རྒྱལ་མཚན་སོགས་ཀྱིས་གསུང་རབ་བོད་བསྒྱུར་གྱི་གལ་ཆེའི་རང་བཞིན་དང་། ལས་གཞི་འདི་ཉིད་བརྒྱུད་ནས་ཐའེ་ཝན་གྱི་ས་གནས་ཀྱི་ནང་པ་དང་བོད་བརྒྱུད་ནང་བསྟན་གྱི་བར་ལ་ཕན་ཚུན་གོ་རྟོགས་སྤེལ་རེས་དང་མཐུན་ལམ་གོང་འཕེལ་སོགས་ཀྱི་ཐད་གལ་ཆེའི་ནུས་པ་ཐོན་ངེས་ཡིན་པའི་གདེངས་འཇོག་གི་གསུང་བཤད་གནང་།
དེ་ནས་དྷརྨོའི་རྒྱ་ལུང་རྣམ་བཞིའི་བོད་བསྒྱུར་གྱི་ལོ་ཙཱ་བ་རྫ་ཚེ་རིང་བཀྲ་ཤིས་དང་ཞོན་ཙང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀྲའོ་ཧྭིས་ཧྥ་ཧྲི་གཉིས་ཀྱིས་དེབ་གསར་གྱི་ནང་དོན་དང་འབྲེལ་བའི་གླེང་མོལ་གྲུབ་པ་དང་། ཞིབ་ཚོགས་འགན་འཛིན་རྒྱུན་ལས་བླ་མ་ཡོན་ཏན་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བཅས་གནང་མཐར་སྔ་དྲོའི་ལས་རིམ་ཡོངས་སུ་ཟིན།
དེ་ནས་ཕྱི་དྲོ་མུ་མཐུད་ཞིབ་འཇུག་ཚོགས་པའི་སྐབས་བཅུ་གཉིས་པར། ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་གཙོ་སྐྱོང་ཐོག །བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཚོགས་འདུའི་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་མཁན་ཞིབ་ཚོགས་འགན་འཛིན་གཞོན་པ་སེར་བྱེས་དགེ་བཤེས་སྣང་སྣང་ལགས་ཀྱིས་སྟོན་པའི་འཁྲུངས་སྐར་དང་གུ་རུའི་འབུམ་ཚོགས་སོགས་ཐའེ་ཝན་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཐུན་མོང་གི་མཛད་སྒོ་ཁག་དང་འབྲེལ་བའི་གསུང་བཤད་གནང་བ་དང་། ཚོགས་གཞོན་མཁན་པོ་ངག་དབང་མཁས་གྲུབ་ཀྱིས་ཐའེ་བཞུགས་དགེ་འདུན་པ་དག་གི་ཡིག་ཆ་མཐོང་མཆན་ཞུ་ཕྱོགས་དང་། ས་གནས་འདིར་ཕེབས་ཟིན་པ་དག་གིས་རྒྱུན་གྱི་སྤྱོད་ལམ་ཁུར་སྟངས་དང་ས་གནས་ཀྱི་རིག་གནས་གོམས་གཤིས་སོགས་དང་འབྲེལ་བའི་གསུང་བཤད་གནང་བ་དང་ཚོགས་པ་ཡོངས་ཀྱིས་དེའི་ཐོག་ལ་དྲི་བ་དྲིས་ལན་གྱི་བགྲོ་གླེང་ལྷུག་པོར་གནང་མཐར་སྒྲུབ་དཔོན་བསོད་ནམས་ཉི་མ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བཅས་ཉིན་དེའི་ལས་རིམ་ཡོངས་སུ་གྲུབ་ཡོད།
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་ལོ་མང་རིང་བརྒྱུད་གསུམ་བགྲོ་གླེང་ཚོགས་འདུ་དང་། བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཚོགས་འདུ་སོགས་འཚོགས་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ཡང་སྤྱིར་ལྷོ་བརྒྱུད་རྒྱ་བརྒྱུད་བོད་བརྒྱུད་དེ་ནང་བསྟན་བརྒྱུད་པ་གསུམ་གྱི་ཆོས་གྲོགས་ཕན་ཚུན་བར་སྔར་ལས་ལྷག་པའི་ཤེས་རྟོགས་དང་། གོ་རྟོགས་སྤེལ་རེས། མཉམ་འབྲེལ་མཉམ་ལས་སོགས་ཡོང་བ་འབའ་ཞིག་གི་ཆེད་དུ་ཡིན།
དེ་ལས་ཀྱང་ཚོགས་པ་འདི་ཐའེ་ཝན་དུ་རྟེན་གཞི་བྱེད་པའི་ཚོགས་པ་ཞིག་ཡིན་པའི་ངོས་ནས་ཐའེ་ཝན་དུ་ཡོད་པའི་རྒྱ་བརྒྱུད་ནང་བསྟན་གྱི་ཆོས་གྲོགས་དག་དང་མཉམ་དུ་འབྲེལ་ལམ་འཛིན་རྒྱུ་དང་། ཕན་ཚུན་གུས་བཀུར་དང་རྩི་མཐོང་སློབ་སྦྱོང་བཅས་བྱ་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོར་བརྩི་བཞིན་ཡོད་ལ། ད་ཐེངས་ཡང་ཞིབ་འཇུག་ཚོགས་པའི་ངོས་ནས་རྒྱ་བརྒྱུད་ནང་བསྟན་བསམ་གཏན་གྱི་བསྟན་པ་ཡོངས་རྫོགས་ཀྱི་མེས་པོར་གྱུར་པ་སློབ་དཔོན་ཆེན་པོ་བོདྷི་དྷརྨོཏྟ་རའི་གཞུང་ཆེན་བཞི་དང་། སློབ་དཔོན་ཆེན་པོ་ཡོང་ཅཱ་ཡི་ལམ་མངོན་པར་རྟོགས་པའི་གླུ་བཅས་བོད་ཡིག་ཏུ་བསྒྱུར་གྲུབ་སྟེ་འགྲེམ་སྤེལ་གྱི་མཛད་སྒོ་དང་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཚོགས་འདུ་གཉིས་ཆར་སྟབས་གཅིག་ཏུ་གོ་སྒྲིག་ཞུས་པ་ཞིག་ཡིན།
ཁྱད་པར་རྒྱ་བརྒྱུད་ནང་པའི་གྲུབ་མཐའི་གྲུབ་ཆ་གལ་ཆེན་བསམ་གཏན་གྱི་གཞུང་གལ་ཆེན་སྤྱི་དང་། ལྷག་པར་དུ་བོདྷི་དྟརྨོཏྟ་རའི་གཞུང་བོད་སྐད་དུ་བསྒྱུར་མྱོང་བ་ལོ་སྟོང་ལྷག་གི་སྔོན་གྱི་བོད་བཀའ་བསྟན་གྱི་དཀར་ཆག་གྲགས་ཅན་དག་ཏུ་འཁོད་ཡོད་ན་ཡང་ད་བར་མཇལ་ཡུལ་དུ་མ་གྱུར་པས། དེའི་ཆ་ནས་ཀྱང་ད་ཐེངས་ཀྱི་བོད་འགྱུར་འདི་ནི་ལོ་རྒྱུས་རང་བཞིན་གྱི་རིག་གཞུང་བརྗེ་རེས་ཀྱི་ལས་དོན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།
ཚོགས་པའི་ངོས་ནས་གཞུང་འདི་བོད་ཡིག་ཏུ་བསྒྱུར་བ་དེས་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་ངོས་ནས་ཆོས་བརྒྱུད་གྲུབ་མཐའ་གཞན་གྱི་གཞུང་ལུགས་དང་ལྟ་གྲུབ་ལ་རྒྱུས་ལོན་བྱ་རྒྱུར་ཕན་ཐོགས་གང་ལེགས་ཡོང་རྒྱུར་མ་ཟད། ས་གནས་ཀྱི་ནང་པའི་ཆོས་གྲོགས་དག་གི་ངོས་ནས་ཀྱང་ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱིས་རྩི་བཀུར་དང་རྒྱུས་ལེན་གྱི་མིག་དཔེ་བསྐྲུན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་བར་ལ་ཕན་ཚུན་ཡང་དག་པའི་རྒྱུས་ལོན་དང་། སྔར་ལས་ཀྱང་སེམས་ཐག་ཉེ་རུ་ཡོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུའི་ཡིད་ཆེས་ཡོད། དེ་ནི་ད་ཐེངས་ངེད་ཚོགས་པའི་ངོས་ནས་འབད་བརྩོན་ཆེན་པོས་གཞུང་ལུགས་འདི་བོད་ཡིག་ཏུ་བསྒྱུར་བའི་དམིགས་ཡུལ་ཡང་ཡིན།
མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡོད།
ཁྱེད་ཀྱི་རོང་ཟོམ་བརྙན་འཕྲིན་བརྒྱུད་ནས་ཆོས་ཕྱོགས་དང་འབྲེལ་བའི་ནང་ཆོས་ཀྱི་ཤེས་བྱ་་མང་པོ་ཤེས་རྟོགས་བྱུང་། ཐུགས་རྗེ་ཆེ། བཀའ་དྲིན་ཆེ། སྐུ་ཚེ་རིང་།