ཨ་རིག་འགྱུར་མེད།
ཕྱི་ལོ་༢༠༡༣ ལོའི་ཟླ་༡༠ ཚེས་༣༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་བ།
གཅིག་བྱས་ན་རྩོམ་ཡིག་འདིའི་བརྗོད་གཞི་ཅུང་ཟད་བཙན་དྲགས་ཡོད་ནའང་ཐང་། གཅིག་བྱས་ན་བརྗོད་གཞི་འདི་ང་རང་ཉིད་ཀྱི་མི་གཤིས་ཀུན་སྤྱོད་ལས་བརྒལ་ཡོད་ཀྱང་སྲིད། གཅིག་བྱས་ན་ངས་རྩོམ་ཡིག་འདིར་འདི་ལྟ་བུའི་བརྗོད་གཞི་ཞིག་བཏགས་པ་ནི་འོས་འཚམ་མིན་པའང་འདྲ། ཡིན་ནའང་། བརྗོད་གཞི་འདི་ཁོ་ནས་མ་གཏོགས་ངའི་མིག་སྔར་གྱི་གནས་སྟངས་གསལ་བོར་སྟོན་མི་ཐུབ་པ་རྟོགས་ཡོད། ཕྱི་དྲོ་འདིར་ང་ནམ་རྒྱུན་ལྟར་གངས་སྐྱིད་ལག་རྩེད་སྤོ་ལོའི་རྩེད་ཐང་དུ་སྤོ་ལོ་རྩེད་པར་ཕྱིན། རྩེད་ཐང་དུ་འབྱོར་སྐབས་གཞུང་ཞབས་ལས་བྱེད་ (ཕལ་མོ་ཆེ་ངོ་ཤེས་ཡིན།) གང་འཚམ་ཞིག་འབྱོར་འདུག་ལ། ཁོང་ཚོས་སྒྲིག་ཆས་གྱོན་ནས་འགྲན་བསྡུར་ཞིག་འགོ་འཛུགས་བྱེད་གྲབས་འདུག་པར་མ་ཟད། ཐོབ་སྐར་འབྲི་སའི་མདུན་ཅོག་དང་ཡིག་ཟམ། ཡིག་ཚགས་སོགས་གྲ་སྒྲིག་བྱས་ཏེ་ཚ་ཚ་འུར་འུར་རེད། ལྷག་པར་དུ་གྲ་སྒྲིག་མ་བྱུང་བར་གློ་རྡེག་ཏུ་བཟོས་པ་ལོས་ཡིན་སྙམ་པའི་སྦྱར་ཡིག་ཆེན་པོ་ཞིག་ཏུ། “༢༠༡༣ ལོའི་གཞུང་ཞབས་ལས་བྱེད་པའི་དགུན་དུས་ཀྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར།”(དབྱིན་ཡིག་ཐོག)ཞེས་བྲིས་འདུག དོ་དགོང་གི་འགྲན་བསྡུར་བྱེད་མཁན་གྱི་རུ་ཁག་གཉིས་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་འཕྲོད་བསྟེན་ལས་ཁུངས་གཉིས་རེད།
ཏག་ཏག་སྣང་ཚུལ་དེས་རང་དབང་མེད་པར་ང་ལ་ད་ལྟའི་གཞུང་ཞབས་ལས་བྱེད་ཚོའི་སྐྱུག་བྲོ་བའི་མི་གཤིས་ཀུན་སྤྱོད་ཅིག་གི་ཟུར་བསྟན་བྱུང་ལ། ད་ལྟ་དོན་དག་བཟང་ངན་གང་འདྲ་ཞིག་ལ་ཐུག་ནའང་ཡུན་རིང་ལ་སར་བཞག་པའི་སྙུ་གུ་འདི་ཡང་བསྐྱར་ཐེངས་གཅིག་མི་གཡུག་ག་མེད་རེད་སྙམ་བྱུང་། ངོ་མ་ཡིན། ངས་ཡུན་རིང་ཞིག་ལ་སྙུ་གུ་ལག་ཏུ་བཟུང་ནས་ཐད་ཀར་ངྷ་སའི་རུ་ངོགས་འདིར་གཏད་ནས་རྩོམ་ཡིག་བྲིས་མ་མྱོང་ལ། དེ་ལ་རྒྱུ་མཚན་འགའ་ཡོད་པ་ནི། ངྷ་སའི་གཞུང་ཞབས་ལས་བྱེད་ནི་རང་གི་འགོ་ཁྲིད་དང་རང་ཉིད་ནི་དེའི་མངའ་འོག་གི་འབངས་མི་ཞིག་ཡིན་སྟབས་བརྩི་བཀུར་ཞིག་བྱས་པ་དང་། གཞུང་མང་གང་ཡིན་རུང་རང་རང་གི་ས་ན་སྐྱོན་ཡོན་གཉི་ག་ཡོད་སྲིད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་སྟབས་བཏང་སྙོམ་ལྟ་བུར་བསྡད་པ་དང་། གལ་སྲིད་སྙུ་གུ་ཞིག་འགུལ་སྟེ་ཁ་གཏད་གཅོག་པའི་རྩོམ་ཡིག་ཅིག་འབྲི་དགོས་ན་རྒྱ་ནག་ལ་བྲིས་ཆོག་པ་ལས། རང་གཞུང་ལ་འབྲི་རྒྱུའི་མདུན་པ་མེད་པ་སོགས་རྒྱུ་སྐྱེན་སྣ་མང་གི་དབང་གིས་ཡིན།
ཨོ་རེད། སྐབས་འདིར་ངས་རྩོམ་ཡིག་འདི་ཁ་ཅུང་ཙམ་ཇེ་གསལ་ཏུ་མ་བཏང་ཚེ་ངྷ་སའི་གཡས་གཡོན་གྱི་ང་ལྟ་བུའི་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་བ་འགའ་མ་གཏོགས། ཐག་རིང་ཐུང་གི་ཀློག་མཁན་བྱིངས་ལ་མཚོན་ན་གཞུང་ཞབས་ལས་བྱེད་ཚོས་ལག་རྩེད་སྤོ་ལོའི་རྩེད་འགྲན་ཞིག་བྱས་པ་ནི་གླེང་རིན་ཅི་ཡང་མེད་པ་ཞིག་ཡིན། བོད་ཀྱི་རྒྱལ་ས་གཉིས་པར་འབོད་པའི་ངྷ་རམ་ས་ནི་རི་མགོ་ཆུང་ཆུང་ཞིག་གི་ཐོག་ཏུ་ཁང་བརྩེགས་དང་ཁང་བརྩེགས་འཚང་ཁ་ཞིག་ཞིག་དང་། འཕྲུལ་ཆས་དང་འཕྲུལ་ཆས་འཚང་ཁ་ཞིག་ཞིག མི་དང་མི་འཚང་ཁ་ཞིག་ཞིག་གིས་བསྡད་ཡོད་པ་ཡོངས་གྲགས་ལྟར། འདི་ལྟ་བུའི་འཚང་ཁ་དང་འདུ་འཛི་རྒོད་པའི་ངྷ་སའི་རུ་ངོགས་འདིར་ན་གཞོན་རྣམས་ལ་ལུས་རྩལ་སྦྱོང་བརྡར་ར་བ་ཞིག་ཕར་ཟད། ལག་རྩེད་སྤོ་ལོ་རྩེད་ཐང་ཡག་པོ་ཞིག་ཀྱང་མེད་པར་གངས་སྐྱིད་ན་ཞིག་རལ་དུ་གྱུར་ཡོད་པའི་ལག་རྩེད་སྤོ་ལོའི་རྩེད་ཐང་དང་མེག་གྷན་ན་ཚད་གཞི་མི་ལོན་པའི་རྩེད་ཐང་ཞིག་བཅས་རྩེད་ཐང་གཉིས་མ་གཏོགས་མེད། གངས་སྐྱིད་ཀྱི་རྩེད་ཐང་འདིའི་སྟེང་དུ་ལོ་ལྟར་ཡིན་ན། གཞུང་ཞབས་ལས་བྱེད་ནང་ཁུལ་གྱི་རྩེད་འགྲན་དང་ངྷ་ས་ས་གནས་གཞོན་ནུས་ཡོངས་ཁྱབ་(གཞུང་མང་ལ་དབྱེ་འབྱེད་མེད་པའི་དོན།)རང་བཞིན་གྱིས་ལག་རྩེད་སྤོ་ལོའི་རྩེད་འགྲན་ཞིག་ལས་མེད་མོད། ལོ་འགའི་སྔོན་ནས་བཟུང་གཞུང་ཞབས་ལས་བྱེད་ལ་འཕྲོད་བསྟེན་ལས་ཁུངས་ཀྱིས་རྩམ་ཁུག་མང་ཚོགས་ལ་བསྐོན་ཏེ་རྩོམ་པ་རང་གིས་འགམ་པའི་ (འདིའི་སྐོར་གྱི་རྩོམ་ཡིག་གཤམ་དུ་གསལ།) འགྲན་བསྡུར་ཞིག་ཡོད་ཐོག ད་ཐེངས་ཀྱི་འདི་བསྣན་ན་ ༢༠༡༣ ལོ་འདིར་གཞུང་ཞབས་ལས་བྱེད་ཚོས་ལག་རྩེད་སྤོ་ལོའི་རྩེད་འགྲན་བྱེད་ཐེངས་གསུམ་པ་དེ་ཆགས་ཡོད། གཞུང་ཞབས་ལས་བྱེད་ནང་ཁུལ་གྱི་རྩེད་འགྲན་འདི་ས་བྱི་ཞི་རྒོལ་ཆེན་མོའི་ལོ་སྟེ། བོད་གཞིས་ཀྱི་མདོ་དབུས་ཁམས་གསུམ་གྱི་རང་དང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོ་བསད་པ་དང་བརྡུངས་པ་དང་རྨས་པ་དང་། བཙོན་དུ་འཇུག་པ་སོགས་ཀྱི་སྐབས་སུ་ཆད་མྱོང་མེད་ལ། འདས་པའི་ལོ་ངོ་གཉིས་ལ་རྒྱལ་གཅེས་དཔའ་བོ་བརྒྱ་དང་ཉི་ཤུ་ལྷག་གི་རང་ལུས་མེ་རུ་བསྒྲོན་ཏེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་གཏོང་གནང་སྐབས་ཀྱང་བསྐྱུར་མྱོང་མེད། ད་ལྟ་བལྟས་ཡོང་ན་མ་འོངས་པར་གཞུང་ཞབས་ལས་བྱེད་ཚོར་དུས་བཞི་བོར་འགྲན་བསྡུར་རེ་ཡོད་ཐོག ཟླ་བ་དང་བདུན་ཕྲག་བྱས་ནས་ཀྱང་འགྲན་བསྡུར་མི་བྱེད་པའི་ངེས་པ་མི་འདུག
གོང་ཞུས་ལྟར་ངྷ་ས་ན་འགྲན་བསྡུར་བྱས་ན་ཆོག་པའི་རྩེད་ཐང་གཅིག་མ་གཏོགས་མེད་སྟབས་གཞུང་མང་སུ་ཞིག་ཡིན་རུང་རྩེད་ཐང་འདི་ནི་གལ་ཆེན་པོ་ཡིན་ལ། རྩེད་ཐང་དང་རྩེད་འགྲན་ནི་བཀོལ་སྤྱོད་ཤེས་ན་རྩེད་མཁན་དང་རྩེད་མཁན་བར་དང་། ལྟ་མཁན་དང་ལྟ་མཁན་བར་ལ་མཛའ་བརྩེའི་འབྲེལ་ལམ་ཆགས་པའི་ཟམ་པ་བཟང་བོ་ཞིག་ཡིན་མོད། བཀོལ་སྤྱོད་བྱེད་མ་ཤེས་པ་དང་ལྷག་པར་དུ་གཞུང་ཞབས་ལས་བྱེད་ལྟར་རང་གི་གོ་གནས་དང་རྐུབ་སྟེགས་བེད་ལོག་བཏང་སྟེ་སྒེར་གཅོད་བྱེད་རྐྱང་དང་། མང་ཚོགས་རྩེད་ཐང་ནས་འཕུད་རྐྱང་བྱས་ན་དེ་ནི་རྐང་བཙུགས་ནས་ངྷ་སའི་གཡས་གཡོན་གྱི་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་ནའང་གཞུང་ཞབས་ལས་བྱེད་ལྟར་གོ་གནས་དང་རྐུབ་སྟེགས་མེད་སྟབས། མི་འཐད་ནའང་མགོ་བོ་བསྒུར་ནས་འདུག་དགོས་པ་བཟོས་ཡོད་པས་གོང་གསལ་གྱི་ནུས་པ་ལྡོག་ཕྱོགས་ནས་ཐོན་ཡོང་བ་ཡིན། དེ་བཞིན་དུ་གཞུང་ཞབས་ལས་བྱེད་ཚོས་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་བྱེད་སྐབས་ནམ་ཡིན་རུང་མང་ཚོགས་ཕལ་བ་རྣམས་འདོད་ན་ལྟ་མཁན་ཡིན་ལ། མི་འདོད་ནའང་ལྟ་མཁན་ཡིན་པ་ལས་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་མེད་མོད། གཞོན་ནུ་དང་གངས་ལྗོངས་འགྲིམ་འགྲུལ་ལས་ཁང་། རོགས་པ་ཚོགས་པ་སོགས་ཚོགས་སྡེ་དང་མི་སྒེར་སུ་འདྲ་ཞིག་གིས་རྩེད་འགྲན་གོ་སྒྲིག་བྱས་ནའང་གཞུང་ཞབས་ལས་བྱེད་འགྲན་ཞུགས་ནང་ཡོང་མི་ཆོག་པའི་སྒྲིག་གཞི་མེད། འདི་ཁ་གསལ་ནས་བཤད་ན་གསར་རྙིང་གི་དབྱེ་བ་དང་གཞུང་མང་གི་དབྱེ་བ་ཡིན་པས་ད་གཟོད་གཞུང་ཞབས་ལས་བྱེད་ཚོའི་སྐྱུག་བྲོ་བའི་མི་གཤིས་ཀུན་སྤྱོད་ཅེས་འགྲེལ་དགོས་བྱུང་། (ལོ་བཅུ་ལ་ཉེ་བའི་རིང་ངྷ་ས་གངས་སྐྱིད་ནས་བསྡད་དེ་འདིའི་སྐོར་ལ་དངོས་བྱུང་གཏམ་རྒྱུད་མང་དུ་འཆད་རྒྱུ་ཡོད་ཀྱང་། ཡིག་ཚོགས་ལ་དོགས་པས་རེ་ཞིག་བཞག)
སྤྱིར་ཡིན་ན་གངས་སྐྱིད་ན་ཡོད་པའི་ཤ་དར་ཁྲག་དར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་རྣམས་ལ་མཚོན་ན། ལས་ཁུངས་ཀྱི་སྐབས་སུ་རང་འཁྲིའི་ལས་འགན་ཧུར་ཐག་གིས་བསྒྲུབས་དགོས་པ་གཞིར་བཞག་ཐོག དུས་རྒྱུན་གྱི་ལུས་པོའི་འཕྲོད་བསྟེན་ཡང་གལ་ཆེ་སྟེ་ལག་རྩེད་སྤོ་ལོ་ལྟ་བུའི་རྩེད་འགྲན་རིགས་གོ་སྒྲིག་བྱས་པར་དགའ་བསུ་ལས་དགག་བྱ་མེད་པ་ (ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་སྐད་ཆ་འགའ) ཅེས་པར་གསལ་ནའང་། དེ་ལའང་ཚད་ཅིག་ཡོད་པ་ཤེས་དགོས།
དངོས་གནས་བྱས་ན་དོན་དག་འདི་ཧ་ཅང་ཆུང་ཆུང་དང་གླེང་རིན་མེད་པ་ཞིག་ཡིན་མོད། དོན་དག་ཅི་ཙམ་ཆུང་ནའང་དེ་ཉིད་ཡང་དང་བསྐྱར་དུ་བྱུང་བ་ན། ད་གཟོད་གླེང་དགོས་པ་དང་སྣང་མེད་དུ་འཇོག་ཐུབ་མེད་པར་གྱུར་ཡོང་ལ། མི་ཚང་མར་རང་རང་གི་དགའ་ཕྱོགས་རེ་ཡོད་པ་ལྟར་ས་ཆ་སྦར་མོ་གང་ལས་མེད་པའི་གངས་སྐྱིད་ལག་རྩེད་སྤོ་ལོའི་རྩེད་ཐང་འདིར། དུས་ཚོད་སྐར་ཆ་རེ་རེ་བྱས་ཏེ་རྩེད་མཁན་དག་ལ་གལ་ཆེན་ཆགས་ཡོད་པས་ཁྱེད་ཅག་གཞུང་ཞབས་ཚོས་དཔུང་སྒྲིག་དང་གོ་གནས་བེད་སྤྱོད་ཀྱིས་མང་ཚོགས་ཕལ་བ་ཚོ་ཟ་དང་ཟུར་ལ་འཕེན་རྐྱང་གཡུག་རྐྱང་བྱེད་སྲོལ་འདི་ནི་བཙན་གཡེམ་བྱེད་པ་ཞིག་དང་ཀུན་ནས་འདྲ་སྟེ། ང་ལ་མཚོན་ན་འདི་ལས་ལྷག་པའི་ཆགས་འཇོག་ས་གཞན་ན་མེད་པ་གོང་ནས་ཞུས་ཟིན་ལྟར་ཡིན།
ད་མིན་ངྷ་སའི་གཞུང་ཞབས་ལས་བྱེད་ཚོའི་མིག་མདུན་ནས་ང་ནི་ས་ཐོག་གི་འབུ་གྲོག་མ་ཞིག་ལའང་མི་དོ་བའི་མང་ཚོགས་ཕལ་བ་ཞིག་ཡིན་པ་ཤེས་མོད། ངས་ཀྱང་ཁྱེད་ཚོར་གནས་ལུགས་འགའ་བཤད་པར་ཐལ་ཆ་མེད་དེ། གོང་གི་གཞུང་ཞབས་ལས་བྱེད་ཡིན་ནའང་འདྲ། གཤམ་གྱི་མང་ཚོགས་ཕལ་བ་ཡིན་ནའང་འདྲ། གཅིག་ལ་གཅིག་རྟེན་དང་རང་ས་དགྲ་ལག་ཏུ་ཤོར་ཏེ་སྐྱབས་བཅོལ་ལ་ཡོང་། ངྷ་སའི་རི་ངོགས་ཤིག་ན་མི་གཅིག་ལ་རེ་བའི་སེམས་པ་ཁེན་ཡོད་པ་འདྲ་འདྲ་ཡིན་པ་མ་བརྗེད། དེ་རིང་ངས་མིག་སྔའི་དོན་དག་སྟེ་ལག་རྩེད་སྤོ་ལོའི་སྐོར་ཞིག་གླེང་གིན་པ་ལས་བརྗོད་བྱ་གཞན་ལ་ཕྱོགས་མེད་ཀྱང་། གཞུང་ཞབས་ལས་བྱེད་ལ་སྐྱོན་འདི་ཙམ་ལས་མེད་པ་ག་ལ་ཡིན་ཏེ། ༸གོང་ས་མཆོག་གིས་གཞུང་ཞབས་ལས་བྱེད་རྣམས་ལ་གཞུང་ཞབས་ལས་བྱེད་ཀྱི་མི་གཤིས་ཀུན་སྤྱོད་ཀྱི་སྐོར་ལ་བཀའ་སློབ་ཕེབས་ཏེ་གསུང་དྲོལ་ཡང་ཡལ་མེད་ཚོད་མིན། དོན་འདི་ཁྱེད་རྣམ་པ་ཚོས་བརྗེད་ཡོད་ན་ཐང་མོད། ངས་བརྗེད་མེད། ལྷག་པར་དུ་བཀོལ་ཤེས་འདུག་ཤེས་བྱས་ན་ཁྱེད་ཅག་དཔོན་པོ་དང་ངེད་ཅག་འབངས་མི་ཡིན་མོད། དེ་ལྟར་མ་ཤེས་པར་ནམ་ནམ་ཞར་ཞར་ལ་མང་ཚོགས་ཀྱི་མགོ་གནོན་རྐྱང་དང་གཉའ་ལ་ཞོན་རྐྱང་བྱས་ན། འུ་ཅག་ལ་མི་འདྲ་ས་ཆེན་པོ་མེད་དེ་མི་ཡིན་པ་འདྲ་འདྲ་དང་རྒྱལ་ཁབ་ཤོར་བའི་སྐྱབས་བཅོལ་བ་ཡིན་པ་འདྲ་འདྲ། ས་མཐའ་ན་ས་ཆ་སྦར་མོ་གང་ཡང་རང་ལ་མེད་པ་འདྲ་འདྲ་ཡིན་པས་ཁྱོད་དང་ང་ཞེས་གསར་རྙིང་དང་གཞུང་མང་གི་དབྱེ་བ་དགར་རྒྱུ་ཉུང་ཙམ་བྱས་ན་ལེགས་སྙམ།
མཇུག་མཐར། རྩོམ་ཡིག་འདིར་ངྷ་སའི་རི་ངོགས་ཀྱི་ང་ལྟ་བུའི་སྤོ་ལོ་རྩེད་མཁན་འགའ་མ་གཏོགས་འབྲེལ་བ་མེད་ཐོག ཐག་རིང་ཐུང་གི་ཀློག་མཁན་གང་མང་ལ་བསུན་སྣང་བཟོ་ངེས་པ་དང་ཡང་ན་ང་ནི་ཁོག་རྒྱ་ཁབ་མིག་ལས་དོག་པ་ཞིག་ཏུ་མཐོང་མདོག་ཁ་བོ་རེད་མོད་ཀྱང་། ང་ལའང་ཐབས་མེད་སོང་བ་ཡིན་ཏེ་ཡུན་རིང་ལ་བསྒོམས་དྲགས་པས་ད་ཡིན་ན་གཞི་ནས་སྐད་ཆ་འདི་དག་ཤར་མར་སྙུ་རྩེ་རུ་ཤོར་སོང་ལ། འདིའི་སྔ་གཞུག་ཏུ་དོན་དག་གང་འདྲ་ཞིག་བྱུང་ཡང་འགན་རང་ཉིད་ཀྱིས་འཁུར་ངེས་ཡིན། དེ་མིན་རྩོམ་ཡིག་འདི་དང་འབྲེལ་ཡོད་ཀྱི་རྩོམ་སྟེ་ “ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་སྐད་ཆ་འགའ།” ཞེས་པ་མ་བཀླགས་ན་དོན་དག་ཆ་ཚང་ཞིག་རྟོགས་མི་ཐུབ་པའང་ཡིད་འཇགས་ཡོད་པར་མཁྱེན།
ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་སྐད་ཆ་འགའ།
རྩེ་བཟང་པོ་དང་ཨ་རིག་འགྱུར་མེད།
(ཉེ་ལམ་གྲུབ་པའི་གངས་ལྗོངས་འགྲིམ་འགྲུལ་ལས་ཁང་ན་གཞོན་ལག་རྩེད་སྤོ་ལོའི་རྩེད་འགྲན་གྱི་གོ་སྒྲིག་པ་གཉིས་ཀྱི་སྐད་ཆ།)
གཅིག ཐོག་མ་ཐོག་མར། འདི་ལོར་གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན་ཟླ་བ་ལགས་སུ་ང་ཚོས་རེ་སྐུལ་ཞུས་པ་ལྟར། ཁོང་གིས་༢༠༡༣ ལོའི་གངས་ལྗོངས་འགྲིམ་འགྲུལ་ལས་ཁང་ན་གཞོན་ལག་རྩེད་སྤོ་ལོའི་འགྲན་བསྡུར་ལ་དཔལ་འབྱོར་གྱི་རོགས་རམ་མཐུན་འགྱུར་གནང་བར་མ་ཟད། ཁོང་གིས་དུས་ནས་དུས་སུ་སྐུ་ངལ་ལ་མ་འཛེམ་པར་ངེད་ཚོར་ལམ་སྟོན་དང་སྐུལ་ལྕག་གང་མང་གནང་མཐར། འདི་ལོའི་ན་གཞོན་སྤོ་ལོའི་ལག་རྩེད་འགྲན་བསྡུར་འདི་ཉིད་བདེ་ལེགས་ངང་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད། དེར་བརྟེན། ངེད་གོ་སྒྲིག་པ་གཉིས་ཀྱིས་ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པའི་རྩེད་འགྲན་པ་ཡོངས་ཀྱི་ཚབ་བྱས་ཏེ་ཁོང་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་ལགས།
གཉིས། ཀུན་གྱིས་ཤེས་གསལ་ལྟར། ངྷ་ས་ན་བོད་ནས་གསར་དུ་འབྱོར་བའི་གསར་འབྱོར་བ་དང་གཞིས་ནས་སྐྱེས་ཤིང་འཚར་བའི་ཤ་དར་ཁྲག་དར་གྱི་གཞོན་སྐྱེས་བརྒྱ་ཕྲག་དུ་མ་ཡོད་ཐོག ལག་རྩེད་སྤོ་ལོ་རྩེད་མཁན་ཕུད་དུ་བྱུང་བའང་དུ་མ་ཞིག་ཡོད་མོད། ཁོར་ཡུག་དང་མཐུན་རྐྱེན་གྱི་ཆ་ནས་བདག་མེད་དང་ཁ་འཐོར། ཡང་ན་རྩལ་ཡོད་ཀྱང་ངོམ་ས་དང་འགྲན་སྟེགས་མེད་པར་ལྷག་ཡོད། སྤྱིར་ཡིན་ན་ལོ་ལྟར་ངྷ་ས་ས་གནས་གཞོན་ནུས་གཙོ་སྒྲུབ་འོག ལག་རྩེད་སྤོ་ལོའི་འགྲན་བསྡུར་རེ་གོ་སྒྲིག་བྱ་སྲོལ་ཡོད་མོད། ད་ལོར་དེ་ཡང་རྒྱུ་རྐྱེན་སྣ་མང་གི་དབང་གིས་མ་བྱུང་བས་ངེད་གོ་སྒྲིག་པ་གཉིས་ཀྱིས་མི་འཇོན་འཇོན་མདོག་གིས་ལས་འགན་འདི་དང་དུ་བླངས་པ་ཡིན། དེ་ཡང་གཅིག་ནས་ངེད་གཉིས་ལ་རྩེད་འགྲན་པ་འགས་རེ་སྐུལ་ཤུགས་ཆེར་བྱས་པ་དང་གཉིས་ནས་ངེད་གཉིས་ཀྱང་འདི་ལྟ་བུའི་ལུས་རྩེད་རིགས་ལ་ཧ་ཅང་དགའ་བས་གཟོད་དང་དུ་བླངས་པའི་ཁུལ་ཡིན།
གསུམ། འགྲན་བསྡུར་འདིའི་སྔ་གཞུག་ཏུ་ངེད་གོ་སྒྲིག་པ་གཉིས་གཙོས་རྩེད་འགྲན་པ་གང་མང་ཞིག་ལ་གཅིག་གྱུར་གྱི་བསམ་ཚུལ་ཞིག་བྱུང་། དེ་ནི་གླེང་རིན་ཆེན་པོ་མེད་ཀྱང་རྩེད་འགྲན་པ་འགས་རེ་སྐུལ་ལྟར་ཡིག་ཐོག་ལ་དབབ་དགོས་བྱུང་། གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་རྣམས་ལ་ལོ་ལྟར་ལས་བྱེད་ནང་ཁུལ་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་ཞིག་ཡོད། དེའི་ནང་དུ་ལྷན་ཁང་ཁག་བདུན་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་ཁུལ་གྱི་འགྲན་བསྡུར་ཞིག་ཡིན་པས། ངེད་ཚོ་མང་ཚོགས་ཕལ་བ་ཚོའི་ངོས་ནས་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།
ཡིན་ནའང་། དེ་དང་མཉམ་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཀྱིས་འཁྲབ་ཚན་སྐྱིད་པོ་ཞིག་ཀྱང་འཁྲབ་ཀྱིན་ཡོད་དེ། ཉེ་བའི་ལོ་འགའི་གོང་ནས་བཟུང་ལས་ཁུངས་འདི་གཉིས་ཀྱིས་གཙོ་སྒྲུབ་འོག ལག་རྩེད་སྤོ་ལོའི་རྩེད་འགྲན་ཞིག་གོ་སྒྲིག་བྱེད་ཀྱིན་ཡོད་ནའང་། འགྲན་བསྡུར་དེའི་ནང་དུ་གཞུང་ཞབས་ལས་བྱེད་ཀྱི་ཕན་ནས་མང་ཚོགས་ཕལ་བ་ཚོར་སྐེ་ཙམ་ཡང་བསྲིང་ས་མེད། དེ་ཡང་ཆོག་གི ལས་ཁུངས་འདི་གཉིས་ལ་འགྲོ་གྲོན་གཏོང་རྒྱུ་དང་གོ་སྒྲིག་བྱེད་མཁན་གྱི་ལས་བྱེད་མི་སྣ་ཡོད་ན་གཞུང་ཞབས་དང་མང་ཚོགས་ཕལ་བ་སུ་ལ་རྩེད་འགྲན་གོ་སྒྲིག་བྱ་ནའང་རང་དབང་ཡིན་པས་དེ་ལྟར་གནང་ཆོག་མོད། འགྲན་བསྡུར་འདི་ལ་“མང་ཚོགས་ལ་གློ་ནད་གོ་རྟོགས་སྤེལ་བའི་འགྲན་བསྡུར་”(མིང་ཇི་མ་ཇི་བཞིན་མི་དྲན།)ཞེས་པའི་མིང་སྙན་མོ་ཞིག་བཏགས་ཡོད་ལ། རྩེད་འགྲན་གྱི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཉིན་མོ་དང་ད་ལོའི་གྲོས་ཚོགས་སྐབས་སུ། འཕྲོད་བསྟེན་བཀའ་བློན་ན་རེ། “ང་ཚོས་འཛམ་གླིང་གློ་ནད་ཉིན་མོ་སྲུང་གཙི་དང་ཉིན་མོ་འདིར་བོད་མིའི་སྤྱི་ཚོགས་ལ་གློ་ནད་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད། ངྷ་ས་གཙོས་ས་གནས་ཁག་ཚང་མར་ཉིན་མོ་འདིར་ལས་འགུལ་འདྲ་མིན་སྣ་ཚོགས་གོ་སྒྲིག་བྱེད་ཀྱིན་པ་དང་། ངྷ་སར་མཚོན་ན་ལག་རྩེད་སྤོ་ལོ་གོ་སྒྲིག་འདི་བྱས་པ་ཡིན།” (ཚིག་འབྲི་ཇི་བཞིན་མིན་ཡང་དོན་ཇི་བཞིན་ཡིན།) ཞེས་གསུངས།
དེར་བརྟེན། ང་ཚོའི་བློ་ངོར་གཅིག་རྗེས་གཉིས་མཐུད་དུ་རྟོགས་དཀའ་བའི་དྲི་བ་འགའ་འཆར་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་ལ་མ་གཏོགས་གློ་ནད་ན་གི་མེད་དམ། ཡང་ན། གཞུང་ཞབས་ལས་བྱེད་ལས་མང་ཚོགས་ལ་གོ་རྟོགས་མ་སྤེལ་ན་ཆོག་གམ། ཡང་ན་རྩམ་ཁུག་གཞན་ལ་བསྐོན་ཏེ་རྩམ་པ་རང་གིས་འགམ་པའི་དཔེ་ལྟར། མིང་མང་ཚོགས་ལ་བསྙད་དེ་གོ་སྐབས་གཞུང་ཞབས་ལས་བྱེད་པའི་བླངས་པ་ཡིན་ནམ། ང་ཚོའི་གཞུང་ཞབས་པའི་ལག་ཏུ་འདི་ལྟ་བུའི་གོ་སྐབས་ཆུང་ཆུང་ཞིག་བྱུང་ནའང་། ཁ་ཐོག་མིག་ཐོག་ནས་རང་གིས་བེད་སྤྱོད་དང་མང་ཚོགས་ལ་མགོ་སྐོར་གཏོང་རྐྱང་བྱེད་པའི་སྲོལ་འདིར་བལྟས་ན། ཆེན་པོ་ཆེན་པོ་དག་གླེང་རིན་མེད་པའང་ཞོར་ནས་རྟོགས་ཡོང་གིན་འདུག
རྒྱུ་མཚན་དེ་ལྟར་ལགས་ན། ཐུགས་རྗེས་གཟིགས། གལ་སྲིད་མ་འོངས་པ་དང་མ་འོངས་པ་ན་ཁྱེད་ཅག་ལ་འདི་དང་འདི་ལྟ་བུའི་གོ་སྐབས་རེ་ཡོད་ན། མང་ཚོགས་ཀྱང་མ་བརྗེད། ལྷག་ཏུ་མིང་མང་ཚོགས་ལ་བསྙད་དེ་གོ་སྐབས་རང་གིས་ལེན་པའི་ངན་སྲོལ་དེ་བསྒྱུར་རོགས། ད་ལྟ་མིག་གིས་བལྟས་བལྟས་རིག་ལ་གོ་འགའ་ཕྱིན་ནའང་། ད་དུང་འཁྲབ་ཚན་འདི་མུ་མཐུད་དེ་འཁྲབ་ཀྱིན་ཡོད་པས་ང་ཚོ་སྟེ་མང་ཚོགས་ཕལ་བ་རྣམས་ནི་སྙིང་རྗེ་བའི་ཡུལ་དུ་གྱུར་ཡོད་པའང་མ་བརྗེད་ཅེས་ཞུ་འདོད་བྱུང་།
བཞི། ད་ལོར་ངྷ་ས་གཡས་གཡོན་གྱི་ན་གཞོན་ལུས་རྩེད་པ་རྣམས་ལ་འགྲན་བསྡུར་གྱི་སྟེགས་བུ་ཆད་པ་ན། ད་གཟོད་ངེད་གོ་སྒྲིག་པ་གཉིས་ཀྱིས་རང་གི་ལས་དོན་གང་མང་ཞིག་འཐོས་ཤོར་དུ་བཏང་སྟེ་འདི་ལྟ་བུའི་ལས་དོན་ཞིག་ལ་འཇུག་དགོས་བྱུང་བ་ཡིན་ལ། ངེད་གཉིས་ཀྱི་རེ་བ་ནི་མ་འོངས་པ་དང་མ་འོངས་པ་ན་གཞུང་མང་སུ་ཡིན་རུང་གཅིག་ལ་གཅིག་རྟེན་ཡིན་པའི་འདུ་ཤེས་ཐོག སུ་ལ་གོ་སྐབས་ཡོད་ལ་ཐུན་མོང་གིས་ལོངས་སུ་སྤྱོད་རྒྱུ་བྱུང་ན་རབ་དང་། གལ་སྲིད་དེ་ལྟར་མ་བྱུང་ནའང་རྩམ་ཁུག་གཞན་ལ་བསྐོན་ཏེ་རྩམ་པ་རང་གིས་འགམ་པའི་ངན་གོམས་སྤངས་རྒྱུ་རེ་བ་ཡིན།
ལྔ། མཇུག་ཏུ་བཤད་འདོད་པ་ནི། ད་ལོའི་འགྲན་བསྡུར་ནང་ངྷ་སྟེང་བོད་ཁྱིམ་སློབ་ཕྲུག་རུ་ཁག་གིས་མཉམ་ཞུགས་བྱ་རྒྱུའི་རེ་སྐུལ་བྱས་ནའང་། དེ་ལ་གོ་སྒྲིག་པའི་ངོས་ནས་འགན་ལེན་གང་འཚམ་བྱ་དགོས་རྒྱུ་འདུག་པས་དེ་ལྟར་འགན་ལེན་བྱེད་པའི་སྤོབས་པ་ཉམས་རྐྱེན་འགྲན་བསྡུར་ཞུགས་མ་ཐུབ་པར་དགོངས་དག་ཞུ་བ་དང་། དུས་ཡུན་ཐུང་ཐུང་ནང་གོ་སྒྲིག་བྱ་དགོས་བྱུང་བའི་རུ་ཁག་གཅིག་གིས་ཐོ་འགོད་ཀྱི་ཉིན་མོ་ཡོལ་ནས་ཐོ་འགོད་བྱས་སྟབས། རྩེད་འགྲན་ནང་ཞུགས་པའི་གོ་སྐབས་སྤྲོད་ཐབས་མ་བྱུང་བ་བཅས་ལ་དགོངས་དག་ཞུ།
དེ་མིན་འདི་ལོའི་འགྲན་བསྡུར་ཁྲོད་ཁྱོན་རུ་ཁག་དགུ་འགྲན་ཞུགས་བྱས་པ་དང་ངྷ་འདིའི་ཟླ་སྟོད་ནས་དེ་རིང་སྟེ། ༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོ་བར་དུ་འགྲན་བསྡུར་བྱས་པ་བརྒྱུད། ད་ལྟ་འགྲན་བསྡུར་བདེ་ལེགས་ངང་མཇུག་བསྒྲིལ་བས་འགྲན་ཞུགས་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་བ་དང་། ཐག་རིང་ཐུང་ནས་སྐུ་ངལ་ལ་མ་འཛེམ་པར་ལྟ་བར་ཕེབས་པའི་ལྟད་མོ་དག་ལའང་ཐུགས་རྗེ་ཆེ་ཞུ་བ་ཡིན། མཇུག་ཏུ་ཡང་བསྐྱར་ཐེངས་འདིའི་སྔ་གཞུག་གི་མཐུན་རྐྱེན་ཆ་ཚང་སྦྱོར་མཁན་གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན་ཟླ་བ་ལགས་སུ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་བ་བཅས།
གོ་སྒྲིག་པ། རྩེ་བཟང་པོ་དང་ཨ་རིག་འགྱུར་མེད་གཉིས་ཀྱིས།
ཁ་བྱང་མཐོང་ནས་ཧང་སང་སོང་། ག་རེ་ཡིན་ནམ་བསམ་སོང་།
དོན་དངོས་སུ་རྡ་སའི་གཞུང་ཞབས་ཚོའི་བྱ་སྤྱོད་ཀྱི་སྐོར་རེད་འདུག དེ་ཀློག་འདོད་མེད། ལོ་བཅུ་སྔོན་ནས་མགོ་ན་ནས་བསྡད་ཡོད། དེའི་སྐོར་བཤད་ན་ད་དུང་ན་ཟུག་ཇེ་ཆེར་འགྲོ་ཉེན་འདུག ཨ་རིག་་གྱུར་མེད་ལགས། དགོངས་པ་མ་ཚོམ་རོགས། ཁྱོད་ཀྱི་རྩོམ་འདི་ཀློག་འདོད་མ་བྱུང་ཐལ།
མི་འདིའི་སྐད་ཆ་བཤད་ལུགས་དང་སེམས་ལ་དྲན་ཚུལ་ལ་སོམས་དང་། ཁྱི་ངན་ལབ་རུང་སྤྱིན་བདག་ལ་སྨུག་པ་ཙམ་གྱིས་མིང་དེ་བཏགས་སོང་བ་རེད། ཨ་རིགས་འདིའི་བསམ་ཕྱོགས་དང་ལས་ཕྱོགས་སྤྱིན་བདག་ལ་སོ་རྒྱབས་མ་ཟད། གླེང་ཕྱོགས་ཁོ་ལ་བཙན་གཡབ་བྱེད་ཀྱིན་འདུག་ཟེར། དོན་དངོས་ཐོག་མི་འདི་རིགས་ཀྱི་མིང་ལ་ཅི་འདོགས་འོས་སམ།
མི་འདིའི་བརྗོད་འདོད་པ་དངོས་ནས་དེ་གངས་ཅན་དཀྱིལ་གཞུང་གི་སྤོ་ལོ་འགྲན་བསྡུར་ཏག་ཏག་ཞིག་བྱུང་མེད་ཚུལ་ཙམ་རེད། འོན་ཀྱང་མི་འདིས་རིག་གསར་ཁྲོད་ཀྱི་ཞ་མོ་ལས་ལྗི་ཞིང་ཆེ་བའི་ནག་ཉེས་གཞུང་ཞབས་པ་ཚོ་ལ་གླེང་འདེབས་ཀྱིན་འདུག མི་འདི་རིགས་ཁྲིམས་ཐོག་ལས་འགྲོ་ས་གཞན་ཅི་ཡང་མེད། ག་ལེར་གླེང་ཆོག
ཨ་རོགས་ཨ་རིག་བུ མི་སྐྱོན་གི ངས་ཐོག་མར་རྩོམ་ཡིག་དེའི་ཁ་བྱང་མཐོང་པ་དང་ཧང་སོང་ལ་གོང་གི་པར་རིས་དེ་མཐོང་པ་དང་ལྷན་དུ་གཞུང་ཞབས་པ་དེ་ཚོས་ལག་རྩེ་སྤོ་ལོ་རྩེ་གིན་རྩེ་གིན་བཙན་གཡེམ་བཏང་བ་མིན་འགྲོ་བསམ་སོང་། ཧ་ཧ་་་ མི་སྐྱོན་གི་
རྒྱང་ངུ་བྱས་ན་ཕན་པ་མེད། དེ་ལས་དཔུང་བ་དག་ཙམ་བརྡར་དགོས་ན་རྡར་དང་འགྲིག་ནི་རེད། ཤ་དར་ཁྲག་དར་རེད། རྒྱལ་བའི་སྐུ་སྲུང་མིན་ཚད་ལ། འདྲ་འདྲ་བྱས་ན་འདྲ་མཉམ་ཐོབ། གོ་སོང་ངམ།
ངས་རྩོམ་ཡིག་འདི་འབྲི་དུས་ནས་དྲ་འབུ་སྐྱག་འབུ་མང་བོ་འདིར་ཡོང་ནས་བཀབ་མིང་འོག་ནས་འཆད་གཏམ་སྣ་ཚོགས་བརྗོད་རྒྱུ་ཡིན་པ་ཤེས་ཡོད། ཡིན་ནའང་། རང་གིས་མིང་ཙམ་ཡང་གསལ་བོར་བརྗོད་མི་ཐུབ་པ་དང་མི་གཞན་གྱི་མིང་གཡར་བ། ཡང་ན་རང་ཉིད་མི་གཞན་ཡིན་ཁུལ་བྱེད་པ་སོགས་ནི་གཞུང་ཞབས་པ་དང་མང་ཚོགས་སུ་ཡིན་ནའང་ཡིན་དུ་ཆུགས། ང་ནི་མདུན་ན་ཡོད་པ་དང་ཁྱོད་ཚོ་རྒྱབ་ན་ཡོད་རྐྱེན་ངས་ཁྱོད་ཚོ་དང་ཁ་རྩོད་བྱ་འདོད་མེད།
དེ་མིན་རྩོམ་ཡིག་འདི་རྩོམ་ཡིག་རང་དུ་གསལ་བ་ལྟར་བརྗོད་བྱ་གཅིག་ལས་འདའ་མེད་རྐྱེན་དོན་དག་ཆུང་ཆུང་ཡིན་པ་ཁྱོད་ཚོ་ལས་ཀྱང་ང་རང་གིས་གསལ་བོར་ཤེས་ཡོད་ལ། དེ་ལས་ཀྱང་ངྷ་སའི་ཉིན་སྲུབ་ལ་མ་གཏོགས་ཁྱབ་མི་ཐུབ་པའི་རྩོམ་ཡིག་ཅིག་དང་བརྗོད་བྱ་ཞིག་ཡིན་པ་ངས་ཀྱང་ཤེས་ཡོད། ཡིན་ནའང་། བཤད་བསམ་སྒྲུབ་ཕོད་ཀྱི་ང་ལ་མཚོན་ན་དོན་དག་ཅི་ཙམ་ཆུང་ནའང་མིག་མདུན་ནས་ཡང་དང་བསྐྱར་དུ་བྱུང་བ་ན་ད་གཟོད་གླེང་དགོས་པ་བྱུང་སོང་བ་ཡིན་ལ། འདི་ནི་ང་གཅིག་པུ་ཙམ་མིན་པར་ང་ལྟ་བུའི་གང་མང་ཞིག་གི་རེ་བ་ཡིན་པའང་ངས་གསལ་བོར་ཤེས་ཡོད། རེད་དེ། ང་ཚོའི་ཀློག་མཁན་ནི་ནམ་ཡིན་རུང་རང་གི་མགོར་མ་ཡོང་བའི་དོན་དག་ཅིག་ཡིན་ཕྱིན་གལ་ཆུང་དང་སྣང་ཆུང་དུ་གཏོང་རྐྱང་བྱེད་པ་ལ་རིང་ནས་གོམས་ཡོད་པས་དེ་རིགས་ལ་ཅི་ཡང་གླེང་གིན་མེད། དེ་མིན། མཚམས་འདི་ནས་བཟུང་ཀློག་མཆན་སྤེལ་མཚམས་འཇོག་གི་ཡིན་པས་སྡིགས་པ་དང་དམོད་པ། འཕྱ་བ། ཁྲོ་བ་དང་དགའ་བ་སོགས་ཐམས་ཆད་ཁྱེད་ཀློག་མཁན་དག་གིས་གང་འདོད་ཀྱིས།
ཀློག་ཡིན་མགོ་ནའང་རང་གཞུང་ཡིན་པས་རང་ལ་ཤ་ཚ་ན་མ་ཀློག་རང་ཀློག་་འདྲ་བོ་འདུག་བསམ་སོང་། རང་སྐྱོན་རང་གིས་མ་གླེང་པར་གཞན་གྱིས་བཤད་ན་གྱོད་ཡིན་པས། དེའི་ཕྱིར་ངེས་པར་དུ་རང་གིས་གླེང་དགོས་ལ་ཐོབ་ཐང་ཡང་ཡོད་པ་རེད།ཨ་རིག་པ།
ངས་འདི་མཐོང་ནས་དྲི་འགའ་དྲིས་ན་འདོད།
གཞུང་ཞབས་དེ་ཚོ་བོད་པ་རེད་དམ། པར་རིས་འདིའི་སྒང་ལ་དབྱིན་ཡིག་རྐྱང་འབྲི་དགོས་དོན་ཇི་རེད། སུའི་ཆེད་དུ་བྲིས་བ་རེད། གལ་སྲིད་བོད་པ་ཡིན་ན་བོད་ཡིག་ག་རེ་བྱས་ནས་མ་བྲིས་བ་རེད་དམ།
བོད་ཡིག་ལ་མཐོང་ཆུང་བྱས་པ་རེད་དམ་བོད་ཡིག་འདིས་ཁོང་ཚོས་རིན་ཐང་མཚོན་མ་ཐུབ་པ་རེད།
རང་དབང་ལུང་བ་ནས་འདི་ལྟར་རང་ཡིག་ལ་ཉེས་བཅོས་དང་རྡོག་རོལ་བཏང་ན་དེ་འོས་སམ།
གཞིས་བཞུགས་སྤུན་ཟླ་ཚོས་མིག་ལམ་དུ་གང་འདྲ་ཞིག་སྣང་སྲིད། བཙན་འོག་ན་ཁོང་ཚོས་ལུས་སྲོག་འབེན་ལ་བཙུགས་ནས་རང་མི་རིགས་དང་རིག་གཞུང་ཇི་ལྟར་སྲུང་སྐྱོབ་བྱེད་བཞིན་པ་གཞུང་ཞབས་འདི་ཚོས་ཚོར་ཡོད་རྒྱ་མ་རེད་འེ་རེད།
ད་དུང་འདི་ཚོས་བོད་ཡིག་ལ་མཐོང་ཆུང་བྱས་བ་དེ་དོན་ངོ་མ་རང་ཉིད་ལ་མཐོང་ཆུང་བྱས་བ་ཞིག་མ་ཡིན་ནམ།
རྩོམ་ཡིག་གི་ལམ་ནས་ལབ་རྒྱག་དགོས་ན་དག་ཡིག་ཡག་པོ་ཞིག་དགོས་པ་རེད། དེ་མིན་ན་ཕུ་ཐུང་རིང་ཡང་ལག་པ་ཐུང་བ་དང་ཁྱད་པར་མི་འདུག རྩོམ་ཡིག་ལ་ཞུ་དག་ཡག་པོ་ཞིག་བྱས་ནས་སྤེལ་ན་མི་ཆོག་གམ། ཨ་ཧ་ཧ།
རང་གི་མིང་དངོས་གནས་མ་བྲིས་པ་ལ་རྒྱུ་རྐྱེན་མང་རབས་ཤིག་ཡོད་པ་རེད། ངས་བཤད་མི་དགོས་པར་སྔོན་གྱི་བྱུང་རབས་དང་ད་ལྟའི་གནས་སྟངས་ལ་ལྟོས་ཤིག གཞན་ལ་དམའ་འབེབ་བྱེད་དུས་རང་གི་གཤིས་ཀ་ལྷང་ལ་བུད་སོང་བའང་སེམས་ལ་ཞོགས་ཨ།
དྲ་གྲོགས་ཨ་རིག་ལགས། ཟློས་གར་ཁང་གི་རྩེད་ཐང་དྲན་པར་གྱིས་ཤིག གནད་དོན་གཞན་དག་ལ་དེ་ཙམ་དོ་སྣང་བྱེད་འདོད་མ་བྱུང་ལ། བྱས་ཀྱང་ཕན་པ་ཡོད་ཁག་པོ་རེད། རྒྱུ་མཚན་ནི། གངས་སྐྱིད་ཀྱི་ལས་བྱེད་གསར་པ་ཕལ་མོ་ཆེ་རྡ་སའི་རྨོ་ཏོ་དག་དག་འདྲ་བར་ཁ་ནས་གྲྭ་བ་དང་། གསར་འབྱོར་གྱིས་ཉེས་པ་ཁོ་ན་གླེང་པའི་ཁོར་ཡུག་ནས་འཚར་ལོངས་བྱུང་བས་ཁག་ཡོད་མ་རེད། ནམ་ཞིག་རང་གི་ཕུ་ནུ་མིང་སྲིང་གཅིག་གི་སོར་རྩེ་ནས་མེ་འབར་བ་ཡིན་ན། ད་གཟོད་ཁོང་ཚོས་རང་གི་ཉེ་འཁོར་ན་ཅི་ཞིག་འགྲིག་གི་མེད་པའི་གནད་དོན་ཅུང་རྟོགས་སྲིད་པ་རེད། དེ་མིན་ཡོད་ཚད་རྒྱ་ནག་གི་གསར་འགྱུར་དང་གཅིག་པ་རེད། ཁ་ཁ་ཁ། མ་གཏོགས། སེམས་་་་སེམས་་་་ནས་་་་་སེམས་ཚོར་ཡོད་རྒྱུ་མ་རེད་་་་་་
མི་འདིས་ཅི་ཞིག་བཤད་ཀྱིན་པ་མི་ཤེས་པ་མ་ཟད་།རྩོམ་བྱང་དང་བརྗོད་བྱ་གཉིས་ལམ་ཁ་སོ་སོ་ཕྱིན་འདུག
དོན་ངོ་མ་གཞུང་ཞབས་ལས་བྱེད་ཚོའི་བྱ་སྤྱོད་ཡང་འདི་བྱས་སོང་ཟེར་བ་ཞིག་འབྲི་ཤེས་མི་འདུག་ག་རེ་ལབ་ཀི་ཡོད་པ་རེད།གསལ་བཤད་ཞིག་གནང་རོགས།གཅིག་ཀྱང་མ་གོ་ཐ།
ཁ་བྱང་བཙན་གཡེམ་བཏང་བ་བྲིས་འདུག ནང་དོན་རྩེད་མོའི་ཐོབ་ཐང་སྐོར་རེེད་ཤག ཧཧཧཧ
བཙན་གཡེམ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་ཤེས་མི་འདུག ཡིག་རྩ་ཡག་པོ་འདུག བརྗོད་གཞི་གླེང་རིན་ཡོད་པ་ཞིག་ཏུ་མ་མཐོང།
བོད་ཡིག་མ་བྲིས་པ་དེ་གཅིག་ནས་བོད་ཡིག་མ་ཤེས་པ་དང་བོད་ཡིག་ལ་མཐིང་དང་ཆ་འཇོག་མེདཔའི་སྟབས་ཀྱིས་རེད། གཞུང་ཞབས་གཞོན་པའི་ནང་བོད་ཡིག་ཐོག་གདེང་ཚོད་ཡོད་མཁན་བརྒྱ་ཆ་5མ་གཏོགས་མེད།
སྙིང་རེ་རྗེ། ཨ་རིག་རང་ཉིད་ཀྱིས་གང་ཡང་འཇོན་གི་མེད་པར་སེམས་མགོ་ཧ་ཅང་དམའ་སར་ལྷུང་ཡོད་པའི་རྟགས་ཤིག་བསྟན་འདུག ཅིག་བྱས་དུས་དེ་དང་མཉམ་དུ་ཨམ་རྟགས་ཟེར་བ་དེ་ཡང་བསྟན་པ་མིན་འགྲོ། ད་གང་ལྟར་ཨ་རིག་ལགས། སེམས་རྒྱ་མ་ཆུང་། ཁྱོད་སྙིང་རེ་རྗེ། ངས་ཁྱོད་ལ་སེམས་གསོ་ཡིན་ཏ།
ཁ་བྱང་དེ་མཐོང་བ་དང་ཧང་སང་སོང་། ནང་དོན་དེ་མཐོང་བ་དང་སྙིང་རྗེ་སོང་།
ཆོ་མེད། དོན་མེད། རྩོམ་སྙིགས།
“མང་ཚོགས་ལ་གློ་ནད་གོ་རྟོགས་སྤེལ་བའི་འགྲན་བསྡུར་”མིང་འདི་ཡག་གི གཞིས་ཆགས་ཁག་དང་མང་ཚོགས་ནང་ལ་སྤེལ་འོས། འགྲན་སྡུར་མཉམ་དུ་འཕྲོད་བསྟེན་སྐོར་ལ་བགྲ་གླེང་རེ་ཡང་བྱས་ན་དེ་བས་ལེགས།
གཞུང་ཞབས་པ་ཚོས་ལུས་རྩལ་སྦྱོང་བརྡར་བྱེད་ཐུབ་ན་དེ་ཡང་ཤིན་ཏུ་ལེགས། འདི་ལ་ཡང་བདེ་ཐང་འགྲན་སྡུར་ལྟ་བུའི་མིང་བྱང་འདོགས་འོས།
གཞོན་སྐྱེས་ཚས་ཀྱང་ནང་ཁུལ་འགྲན་སྡུར་གང་མང་གོ་སྒྲིབ་བྱོས། ཚང་མར་རྩེད་ར་གཅིག་ལས་མེད་ན་དེ་རེས་མོས་འཁོར་སྐྱོད་བྱེད་དགོས། དེ་འདྲའི་ཐོབ་ཐང་མི་སྤྲོད་ཟེར་ན་དེ་གནད་དོན་ཞིག་རེད།
གཞོན་ནུ་ཚོགས་པས་གཞོན་སྐྱེས་སོར་རྩེད་ཐང་ཞིག་སྐྲུན་ཐུབ་ན་ཡང་ཧ་ཅང་བཟང།
རྡ་སའི་མཇེ་དང་གཉའ་མའི་ཞིབ་འཇུག་པ་ཨ་རིག་ལགས་ཀྱི་བོད་གཞུང་གི་གཞུང་ཞབས་ཚོའི་གདོང་རུས་གསལ་བོ་སྟོན་པ་དེ་ཡག་པོ་རེད
མི་འདི་ཧམ་པ་ཚ་བ་ལ། དྲ་འབུ་སྐྱག་འབུ་ཟེར། ཀླ་ན་ཀླེན་ནེ་བཙན་གཡེབ་ཞེས་བ་གང་ལ་སྦྱོར་དགོས་མིན་ཀྱང་མགོ་མི་ཚོས་ན། དོན་གཞན་ཞིག་ཁྱོས་གང་ནས་གླེང་ཤེས། ད་ཁུ་སུམ་མེར་སྡོད་མ་གཏོགས་ཁ་ཁྲིམས་གཅོད་སྲིད་པ་རེད། གཞུང་ཞབས་པ་ཚོས་དབང་ཡོད་བྱེད་ཀྱིན་ཡོད་ན། དེ་ལུགས་བཞིན་དོན་དངོས་དེ་གླེང་དགོས་བ་མ་གཏོགས། བཙན་གཡབ་ཞེས་བའི་ཞ་མོ་འདི་གཡོགས་དོན་ཅི་ཡིན། གངས་ཅན་དཀྱིལ་གཞུང་ལ་བོད་མི་ས་ཡ་དྲུག་གི་མིག་ཅེར་ཡོད་པ་ཤེས་ཀྱིན་ཡོད་ཚེ། འདི་འདྲིའི་མ་རུང་ཁོག་ངན་ཀྱིས་མང་མང་གི་སེམས་ཁར་རྨ་ག་རེ་བྱས་ནས་བཟོ་ཡི་ཡོད། མི་འདི་ལྟ་བུ་ལ་ཆ་བཞག་ན་དམིགས་ཡུལ་ངེས་ཅན་ཡོད་མི་སྲིད་དེ། གྲགས་འདོད་ཆེ་འདོད་ལ་ཆགས་བའི་དབང་གིས་སྐྲོ་འདོགས་པ་ཙམ་རེད། མི་འདི་ལྟ་བུའི་བཟང་ལབ་རུང་དགའ་སྲིད་ལ་ངན་ལབ་རུང་དགའ་འགྲོ་བ་རེད། དོན་རྩར་དེད་ན་མིང་གྲགས་ཀྱི་ཆེད་དུ་རེད།
ཆབས་བྲག་འདི་དོན་རྩར་ཐུག་དུས་མ་གོ་མདོག མ་མཐོང་མདོག་མདོག་བྱེད་མཁན་ཞིག་རེད་ཨང་། ཕོ་གཏམ་ངོ་གདོང་ལ་གཏད་ཐུན་པ་ཀྱིས་ལོ།
ཨ་རིག་ཚང་ཁྱེད་ཀྱིས་རང་གཞུང་ལ་ཁ་གཏད་པའི་རྩོམ་ཡིག་བྲིས་བ་མང་མེད་ན་ཉུང་མེད། རྒྱ་ནག་ལ་ཁ་གཏད་པའི་རྩོམ་ཡིག་རྣོ་ངར་ཅན་ཞིག་འཁྱོངས་ན་དགའ་བ་ལའང་། ངོ་མ་ཐེངས་འདིར་ཁ་བྱང་མཐོང་བའི་ཧང་སངས་སོང་མོད་ཡིན་རྒྱུ་ནི་ལག་སྤོལ་རྩེད་མཁན་ཁ་ཤས་ལ་བཙན་གཡེམ་བྱས་བ་རེད་འདུག ངས་རྐང་སྤོལ་ལས་ལག་སྤོལ་རྩེད་མི་ཤེས། ཡིན་ནའང་སྤོལ་ལོ་ཚང་མ་ཁྱིམ་གཅིག་ཡིན་པས་ཁྱེད་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད་ད་ཡོད། རྒན་ལྷ་མོའི་གསུངས་བའི་འཕྲོས་ལ་འཇུས་ན། གཞོན་ནུའི་རྩེད་ཐང་ཞིག་བཞེངས་ཏེ་མིང་ལ་རང་བཙན་རྩེད་ཐང་གསོལ། དེ་ནས་དབུ་མའི་ལས་འགུལ་ཁང་ནས་རྩེད་ཐང་ཞིག་ཁ་གཏད་དུ་བཞེངས་ཏེ་མིང་ལ་དབུ་མའི་རྩེད་ཐང་ཆེན་མོ་གསོལ། དེ་རིང་རང་བཙན་ལག་སྤོལ་འགྲན་བསྡུར་དང་སང་ཉིན་དབུ་མའི་ལག་སྦོལ་འགྲན་བསྡུར་བྱོས། དེ་དུས་ཁྱེད་ཚོ་ལ་རྩལ་ཡོད་ན་དབུགས་ཀྱིས་འདང་ན་རྩེད་ཐང་མེད་པའི་དཀའ་ངལ་གཏན་ནས་མེད། དབུ་རང་གཉིས་ལ་བདེ་སྡུག་སྙན་ཞུ་གང་མགྱོགས་གཏོང་ན་ཡག་ས་རེད།
ཧཧཧ་་གསལ་གྲོལ་གྱིས་སྐྱིད་པོ་ཞིག་བཤད་འདུག རང་བཙན་རྩེད་ཐང། དེ་ངོ་མ་ཡག་གི རིན་ཐང་ཆེ་བ་གང་ཞིག་མེད་སོང་པ་དང་ཡང་ན་བརྗེད་ཉེན་ཆེ་བ། ཉམས་ཉེན་ཡོད་པ་སོགས་ལ་དྲན་གསོ་བྱེད་འོས་ཚེ་མིང་དེ་རིགས་འདོགས་འོས། དབུ་མའི་ལམ་ནི་ད་དུང་རྗེས་དྲན་བྱ་རྒྱུའི་དུས་ལ་སླེབས་མེད། ལམ་འདིར་དངོས་སུ་སྐྱོད་ཀྱིན་ཡོད་ལ་རྒྱ་བོད་ཀྱི་རྩེད་འགྲན་ཐང་ངོ་མ་ཞིག་ཆགས་ཡོད།
སྤྱན་ཡ་ལུང། ཁྱོད་ཀྱིས་རྩོམ་བྱང་དེ་འཚམ་མིན་ནི་ནི་གནད་དོན་མ་རེད། བརྗོད་དོན་གཙོ་བོ་རྩེད་ཐང་གི་གནད་དོན་དང་ས་བྱེད་ཀྱི་ཀུན་སྤྱོད་དེ་རེད་འདུག
ཆང་ས་དྲ་བའི་དྲ་བདག་ཁོང་འདྲར་མཚོན་ན་རྩོམ་མིང་འདི་རིགས་ལ་ཡ་མཚན་དགོས་དོན་ཅི་ཡང་མེད། ཡང་གཅིག་བཤད་ན་ཁོས། རྩེད་ཐང་གི་གནད་དོན་འདྲ་བོ་བྲིས་ན་ཀློག་མཁན་ཡང་ཉུང་ངེས།
ཞིབ་ལྟ་ཟིན། གློ་ནད་སྐོར་ལ་རྟགས་གསལ་ཚ་བོ་བཏང་འདུག བྲེལ་འཚུལ་ངང་བྲིས་པས་ཡིག་ནོར་འགའ་རེ་འདུག དེ་མིན་དྲ་འབུའི་སྐད་ཆ་ལ་ཆ་འཇོག་མ་ཡེད།
དུས་ཚོད་ཆུད་ཟོས་དྲ་ངོས་ཆུང་ཟོས་རང་རེད།
གཅིག་བྱས་ན་རྩོམ་ཡིག་འདིའི་བརྗོད་གཞི་ཅུང་ཟད་བཙན་དྲགས་ཡོད་ནའང་ཐང་། གཅིག་བྱས་ན་བརྗོད་གཞི་འདི་ང་རང་ཉིད་ཀྱི་མི་གཤིས་ཀུན་སྤྱོད་ལས་བརྒལ་ཡོད་ཀྱང་སྲིད། གཅིག་བྱས་ན་ངས་རྩོམ་ཡིག་འདིར་འདི་ལྟ་བུའི་བརྗོད་གཞི་ཞིག་བཏགས་པ་ནི་འོས་འཚམ་མིན་པའང་འདྲ། གོང་གི་འདི་ལ་ལྟས་ནས་ཀློག་འདོད་ཧ་ཅང་སྐྱེས་སོང་། རྒྱུ་མཚན་ནི་འགྲན་རྒོལ་སྙིང་སྟོབས་སམ་དོགས་སློང་དཔྱད་ཞིབ་བམ་འོས་ལངས་མི་གཞི་གླེང་ཕོད་པའི་མི་བུ་རྩ་བ་ནས་མེད་པའི་ཕྱིར་སྡོད་བོད་མིའི་གཞུང་མང་གཉིས་ཀྱི་སྙུག་འཆང་པ་ཚོར་སྐོམ་སྣང་སྐྱེས་པས་ཡིན། ཡིད་དུ་འཇགས་པ་ཞིག་ལ། མི་བུ་ཁྱོས་ཀྱང་སྒལ་ཚིགས་ཅན་གྱི་སྐད་ཆ་ཞིག་ཤོད་མི་འདུག་ཡ། གོང་གི་དེར་གཞིག་ན། སྤྱི་ཚོགས་ཆུང་ཆུང་དང་ཆོས་ལུགས་ངོས་རྐྱང་བའི་གཉན་སར་འཛུལ་ནས་དུག་རོ་རྙིང་སོང་མང་པོ་ཞབས་ནས་བསྔོགས་ཕོད་པའི་བཟོ་འདྲ་བོ་བསྟན་འདུག་མོད། དོན་ལ། ཁྱོད་མྱི་ཁས་དེད་ཅིང་ཁྲིམས་སར་གཏུག་དགོས་པའི་གཞུང་ཞབས་པའི་ནག་ཉེས་སྔོག་འདོན་པ་ཞིག་འཁྱོངས་མི་འདུག་ལ། འབངས་ཀྱི་འཁྲིས་སུ་ལངས་ཏེ་བདེན་པ་གྲི་ལྟར་རྡར་ཕོད་མཁན་ཞིག་ཀྱང་འོངས་མི་མི་འདུག་ཨང་།
མའོ་ཀྲོའུ་ཞུ་ཧ་མ་འདྲ་མོའི་ཡུ་ལོ་བཏོན་བཏོན་ནས། རང་གི་ཕ་མེས་ཆོས། རང་སའི་མྱི་དྲག་དཔོན་དྲག། རང་གི་བོད་གཞུང་།
རང་གི་དོན་དག་འགྲུབ་སོང་ན་རང་གི་སྡེ་བའི་གཞུང་ལ་མཚན་སྨོད་དང་ངན་དམོད་བགྱིད་རྐྱང་བྱོས་ཨ། ཨ་མདོ་ཨ་རིག་ཀློའི་རྒན་ཆོ།
ཨ་རིག་གླེན་པའི་ཁ་ལ་དེ་འདྲ་ཞིག་མ་གཏོགས་ཅི་ཡོད། ད་ཡིན་ན་ཨ་རིག་འགྱུར་མེད་ཟེར་བ་དེ་ཤེས་སོང་ངོ་། དེ་ན་ཡང་ཁྱི་ཕྲུག་ཞིག་ཡོད་ས་རེད།
ཨ་རིག་ལགས་ཀྱིས་བྲིས་ནོ་བཟང་གི སྤྱིར་ཕྱི་ལོག་གི་ཡི་གེ་བ་མང་ཆེ་བར་གནས་ལུགས་ཅི་ཡང་མི་མཁོ། ཕྱོགས་རུས་ཀྱིས་གང་བའི་ཁ་བརྡ་དྲ་བའི་ཞབས་མཆན་པ་དག་ལ་དངོས་གནས་སུན་ཡོད། གང་ལྟར་བྲིས་ནོ་བཟང་གི ཁྱོས་གོང་དུ་བཤད་བཞིན་པའི་གནད་དོན་དེ་ཆུང་ཆུང་ཞིག་ཡིན་རུང་འདི་ཡང་རྡ་ས་དང་གངས་ཅན་སྐྱིད་གཞུང་ན་རྒྱུན་དུ་བྱུང་བཞིན་པའི་གནད་དོན་ཅིག་རེད། འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ནས་བློ་ནད་ལས་འགུལ་དེ་ཁ་ནས་མང་ཚོགས་ལ་གོ་རྟོགས་འདྲ་ཞིག་བཤད་གི་ཡོད་རུང་། གཞིས་ཆགས་ཁག་ལ་ནི་གོ་རྟོགས་ག་འདྲ་ཞིག་སྤེལ་གྱིན་ཡོད་མེད་ཧ་གོ་མ་སོང་མོད་རྡ་སའི་གོ་རྟོགས་ནི་དངོས་གནས་དགོད་བྲོ་བོ་རེད་འདུག ལས་འགུལ་དེ་གངས་སྐྱིད་ཀྱི་ལས་བྱེད་པ་དང་ལས་བྱེད་པའི་ནང་མི་དག་ལ་སྤེལ་བ་ཡིན་ན་གང་ཤེས་དེ་མིན་རྡ་སའི་མང་ཚོགས་མང་པོ་ཞིག་ནི་ཁོང་ཅག་གི་མིག་ནང་ན་མང་ཚོགས་ཀྱི་འདུ་ཤེས་ཡོད་ཚོད་མི་འདུག སྤྱིར་འདི་དང་འདི་ལྟ་བུའི་རིགས་ཡི་གེའི་ལམ་ནས་འབྲི་དགོས་ཚེ་རྫོགས་མཐའ་མེད་པའི་ཚོད་རེད། གང་ལྟར་ཨ་རིག་ལ་ཐུགས་རྗེ་ཆེ། ག་དུས་ཡིན་ན་དོན་དག་ཆུང་ཆུང་གི་རིགས་སྣང་མེད་དུ་མི་འཇོག་པར་དུས་ཐོག་བཤད་དགོས།
བཙན་བྱོན་ནང་གཞུང་ཞབས་བརྒྱ་ཆ་དགུ་བཅུ་གོ་དགུ་དབུས་གཙང་པ་ཡིན། ཨ་མདོ་བུ་ལ་བྱེད་ཡ་ག་རེ་ཡོད། རྡ་སའི་གཞུང་ཞབས་ཚོས་ག་རེ་བྱེད་མིན་དེ་ཁོ་ཚོའི་ལག་པ་རེད། ཟམ་གདོང་བླ་མས་མ་འཇོན་པ་ཞིག་ཁྱེད་རང་གིས་འཇོན་མི་སྲིད། དྲང་མོར་ཞུ་ཡ་ཡིན་ད།
ཟམ་གདོང་བླ་མས་འཇོན་མདོག་མགོ་བདེ་བྱས་ནས་སྒྲིག་ཁྲིམས་མང་བོ་བཟོས་པ་རེད། རྡ་སའི་ལས་བྱེད་ཚང་མའི་སེམས་ནང་གི་དགྲ་དང་མིག་ནང་གི་ཚེར་མ་ཆགས་པ་རེད། དེས་ཟམ་གདོང་བླ་མ་ངོ་ཚ་བོ་དང་ཁ་སྐྱེངས་པོ་བཟོས་ཡོད་རེད། དེ་སང་ཟམ་གདོང་བླ་མ་འགྱོད་པ་དང་ངོ་ཚ་ཚད་ཆགས་ནས་བསྡད་ཡོད་རེད།
ལོ་་་་་་་དེ་ཧ་གོ་བ་བྱས་ཞོག
༼ཨ་རིག་གླིན་པ།༽
ཨ་ལེ་བློ་རྒྱ་ཁབ་རྩེ་ཡིས།
ཨ་རིག་གླེན་པའི་རང་གཤིས་ངོམ།།
ཨ་ཕོས་རྩོན་ངན་ཉག་ཉོག་དེ།།
ཨ་མདོ་བ་ཡི་རྐང་འདྲེན་ནོ།།
རིག་ཚལ་གངས་སྐྱིད་ར་བ་ཡི།།
རིག་ལྡན་སྲི་ཞུའི་ལས་བྱེད་ལ།།
རིག་ལུངས་འགལ་བའི་བསྙོན་འཛུགས་དེ།།
རིག་པས་དཔྱད་ན་གླེན་རྟགས་ཙམ།།