མཚམས་སྦྱོར་བ། ཤར་ཕྱོགས་ཁུག་རྟ།
༼ད་ཐེངས་དོལ་རྒྱལ་གྱི་སྐོར་ལ་གྲོས་ཆོད་དང་གཏམ་བཤད་བཅས་བཀའ་སྤྱི་གཉིས་ནས་གང་དྲག་གནང་འཆར་གཏན་འཁེལ་སོང། དེས་མི་མང་གི་སེམས་པ་དབུས་བོད་མིའི་སྒྲིག་འཛུགས་ལ་ཕྱོགས་ཡོད་པ་ཐེ་ཚོམ་བྲལ། ཡིན་ནའང། ད་ཐེངས་འཛམ་གླིང་ལ་གྲགས་པའི་ཉེན་ཁ་ཧ་ཅང་ཆེ་པའི་འཐུས་ཤོར་ཚབས་ཆེན་ཞིག་བྱུང་ཡོད་པ་བསུབ་ཐུབ་མེད་པས། ཨ་རིའི་སྐུ་ཚབ་དོན་གཅོད་ལགས་ལ་སྔར་ལམ་ལྟར་བཀའ་ཤག་གིས་ཉེས་པ་ག་རེ་གཏོང་གི་ཡིན་མིན་ང་ཚོས་ལྟ་དགོས་པ་རེད། གཤམ་དུ་གཞུང་འབྲེལ་གྲོས་ཆོད་ཆ་ཚང་བཀོད་ཡོད།༽
གཞུང་འབྲེལ་གྲོས་ཆོད།
སྔོན་གླེང་།
༄༅། །རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གིས་དབུས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་རིས་མེད་བསྟན་འཛིན་གྱི་སྐྱེས་མཆོག་དུ་མས་བོད་ཀྱི་ཆབ་སྲིད་དང་། སྐྱེ་འགྲོའི་བདེ་སྐྱིེད་ལ་གནོད་གཞི་ཆེ་བའི་དོལ་རྒྱལ་བསྟེན་གསོལ་ལ་དམ་བསྒྲགས་མཛད་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཀྱང་བརྟག་དཔྱད་ཞིབ་འཇུག་ཟབ་ནན་མཐིལ་ཕྱིན་མཛད་རྗེས་བོད་བསྟན་སྲིད་ཀྱི་བདེ་དོན་ལ་གཅིག་ཏུ་དགོངས་ནས་དམ་སྲི་དོལ་རྒྱལ་བསྟེན་གསོལ་མི་རུང་བའི་བཀའ་སློབ་གསལ་རྗེན་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་བརྟེན་བོད་མི་ཆེས་ཉུང་ཤས་ལས་དེ་མིན་ཚང་མས་བླང་དོར་ཞུ་སྒོ་འཛོལ་མེད་ཞུ་བཞིན་ཡོད་པ་དང་། ད་དུང་དོལ་རྒྱལ་བསྟེན་གསོལ་ལ་རྨོངས་ཞེན་ཧ་ཅང་ཆེ་བའི་སྐྱེ་བོ་རྣམས་ཀྱང་བླང་དོར་མི་འཕྱུག་པ་འབྱུང་ཐབས་སོགས་ཀྱི་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༦ དང་། ༡༩༩༧ ཟླ་ ༩ ཚེས་ ༡༧ ཡང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༥ བཅས་སོ་སོར་གཞུང་འབྲེལ་གྲོས་ཆོད་ཁག་སྤྱི་མོས་ཀྱིས་གཏན་འབེབས་ཡོད་པའི་འབྲུ་དོན་བཞིན་གདན་ས་ཁག་གིས་གཙོས་བོད་མི་སེར་སྐྱ་ཕལ་མོ་ཆེས་སྤང་བླང་ཚུལ་བཞིན་ཞུས་དང་ཞུ་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་འོས་ཀྱི་གནས་སུ་ཡོད་ཅིང་།
ཡང་བླང་དོར་གྱི་གནས་ལ་རྨོངས་ཤིང་བོད་བསྟན་སྲིད་དང་། ༸རྒྱལ་བའི་སྐུ་ཕྱྭ་དང་བཅས་པར་བསམ་ཞིབ་དོ་སྣང་མེད་ཁར། རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལག་ཆར་དངུལ་དངོས་ཀྱིས་མགོ་སྐོར་བསླུ་བྲིད་འོག་ཚུད་པ་ཉུང་ཤས་ཀྱིས་རང་ཉིད་མ་ཟད། མི་རིགས་གཞན་ལའང་བརྒྱུད་སྐུལ་བཅས་ཀྱི་ལམ་ནས་ཕྱི་ནང་གང་སར་གོ་སྐབས་འདྲ་མིན་བཟུང་སྟེ་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་དང་། ཉེ་བའི་སྔོན་དུའང་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་དོན་དུ་ཨ་རིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་རུ་ནང་ཆོས་ཀྱི་གནས་ལུགས་ཇི་བཞིན་མི་རྟོགས་པའི་མི་སྣ་ཉུང་ཤས་བེད་སྤྱོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་ཞུ་བའི་བྱ་སྤྱོད་འདི་རིགས་ལ་གཞིས་བྱེས་བོད་མི་ཡོངས་དང་། དྲང་བདེན་དང་རྣམ་དཔྱོད་ལྡན་པའི་འཛམ་གླིང་མི་མང་ཀུན་གྱིས་ངོས་འཛིན་གསལ་པོའི་ཐོག་ནས་གྲོས་ཆོད་སྔ་མ་རྣམས་མཇུག་གནོན་དང་འབྲེལ་གྲོས་ཆོད་བསྐྱར་སྣོན་ཞིག་འཇོག་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་།
གྲོས་ཆོད།
༡༽ ཕྱི་ལོ་ ༡༩༩༦ དང་། ༡༩༩༧ དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་བཅས་ཀྱི་གྲོས་ཚོགས་ཚོགས་དུས་ཁག་གི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་བཞག་པའི་གྲོས་ཆོད་ཁག་གི་འབྲུ་དོན་རྣམས་ཐུགས་སྣང་ཆེན་པོས་བསྐྱར་བསྐུལ་མཇུག་གནོན་མུ་མཐུད་བྱེད་རྒྱུ་དང་།
༢༽ ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། མཁན་པོ། བླ་སྤྲུལ། སྐུ་ཚབ་བཅས་འདུས་པའི་ཆོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད་དོན་ཚན་ལྔ་པའི་ནང་གསེས་ (ཁ) པར་ “འཇིག་རྟེན་པའི་ལྷ་འདྲེ་སྤྱི་དང་། ལྷག་པར་དམ་སྲི་གདུག་པ་ཅན་ལ་སྐྱབས་སུ་འཆའ་ན། ནང་པའི་ཆོས་ལ་འཇུག་པའི་སྒོ་སྐྱབས་འགྲོ་དང་འགལ་བར་བརྟེན། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སྤྱི་སྒེར་གང་ཡིན་རུང་། བོད་གངས་ཅན་གྱི་ཆོས་བརྒྱུད་གང་གིའང་ཁོངས་གཏོགས་མིན་པ་ཆོས་ཚོགས་འདིའི་ཐོག་ནས་གསལ་པོ་བཟོ་རྒྱུ།” ཞེས་གསལ་དོན་བཞིན་གྲོས་ཚོགས་འདི་ཐོག་ནས་ཀྱང་དེ་དོན་ལྟར་ངེས་ཤེས་གསལ་པོས་ཕྱི་ནང་གི་མི་རིགས་ཁག་ལ་དངོས་དོན་ཇི་ཡིན་གོ་བརྡ་འཕྲོད་ཐབས་ལ་ཚང་མས་འཁུར་མཉམ་ལེན་བྱ་རྒྱུ།
༣༽ དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱི་བྱེད་བབ་འདི་རིགས་ནི་དངུལ་དངོས་ཀྱི་ཁེ་ཕན་ཁོ་ནའི་བསླུ་བྲིད་འོག་བོད་མི་ནང་ཁུལ་དཀྲུག་ཤིང་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨད་སྐུར་འདེབས་ཞུ་བ་སོགས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་འགྱུར་བཞིན་ཡོད་པ་ལས། ཆོས་དད་རང་དབང་ཡོད་མེད་ཀྱི་གནད་དོན་དང་འབྲེལ་བ་སྤུ་ཙམ་མེད་པ་གྲོས་ཚོགས་འདི་ཐོག་ནས་ངོས་འཛིན་གསལ་པོ་བྱ་རྒྱུ་དང་།
རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོའི་གཡོ་བྱུས་འོག་དྲིན་ལན་ལོག་འཇལ་དང་། ལས་འབྲས་རྩིས་མེད་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་གནོད་ཚབས་ཅན་གྱི་བསམ་མེད་དོལ་རྒྱལ་རྗེས་འབྲང་དང་བཅས་པ་རྣམས་ལོ་རྒྱུས་ཐོག་གི་ནག་ཉེས་ཅན་ལའང་ངོས་འཛིན་བྱ་རྒྱུ།
༤༽ ཨ་རི་དང་རྒྱ་གར་གསང་ལས་ཁང་ནས་ཀྱང་༸གོང་ས་མཆོག་གི་སྐུ་ཕྱྭར་སྔར་ལྷག་གཟབ་ནན་བྱ་གལ་ཆེ་བའི་སྙན་གསན་བྱུང་ཡོད་པས། བོད་མིའི་སྒྲིག་འཛུགས་དང་། བོད་མི་ཡོངས་ཀྱིས་རྫི་གསང་རྣོན་པོས་ཕྱར་གྲུ་མཉམ་འདེགས་བྱ་ཕྱོགས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་སྐབས་རྒྱ་གར་དབུས་སའི་གཞུང་དང་། བདེ་སྲུང་ལས་ཁུངས། ས་གནས་སོ་སོའི་བོད་མིའི་སྒྲིག་འཛུགས། དེ་བཞིན་ཕྱིའི་ཡུལ་གྲུ་གཞན་གང་སར་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་སྐུ་ཚབ་དོན་གཅོད་སོགས་ཀྱིས་རྒྱལ་ཁབ་དང་ཡུལ་ལུང་སོ་སོའི་འབྲེལ་ཆགས་སོ་སོར་སྔོན་ཚུད་ནས་འབྲེལ་ལམ་དམ་གཟབ་ཀྱིས་སྐུ་ཕྱྭའི་སྲུང་འདོམས་ཞུ་སྒོར་སྔར་ལས་ལྷག་པའི་དམ་གཟབ་བྱ་རྒྱུ།
༥༽ ཉེ་སྔོན་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་རུ་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་དོན་རྐྱེན་གྱི་འབྱུང་རྩ་ཇི་ཡིན་སྐོར་འཛིན་སྐྱོང་བཀའ་ཤག་གིས་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་སླད་འདི་རིགས་མི་འབྱུང་བའི་ལམ་སྟོན་དང་བཀོད་ཁྱབ་ནན་པོ་གནང་དགོས་པ་བཅས་ཀྱི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ལ།།
སྤྱི་འཐུས་ཀྱི་གྲོས་ཆོད་འདི་ཚིག་སྟོང་པ་ཤ་སྟག་ལས་ཕན་ཐོགས་པ་དང་༧སྐུའི་སྲོག་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པའི་དོན་སྣེ་གཅིག་མིན་འདུག སྐད་ཆ་སྟོང་པ་ལག་ཏུ་ལེན་ན་ཆུའི་སྦུ་བ་ལྟ་བུ་ཤ་སྟག་རེད།
སྤྱི་འཐུས་པ་ཚོས་གྲོས་ཆོད་མ་བྲིས་གོང་ལ། རྒྱལ་ཁབ་གཞན་པས་གྲོས་ཆོད་ཇི་ལྟར་བྲིས་འདུག་པ་ཙམ་ཡང་བཀླགས་མིན་འདུག ད་ལྟའི་གྲོས་ཆོད་དུ་བརླམས་པ་འདི་གྲོང་པའི་བསླབ་བྱ་ཚིག་སྟོང་པ་ཤ་སྟག་ལས་མ་འདས། གྲོས་ཆོད་བཞག་ན། མ་མཐར་ཡང་། དགོས་པ། བསྒྲུབ་བྱ། གྲུབ་འབྲས། སྲིད་ཇུས་སོགས་གསལ་དགོས། འདི་ཨ་ཕའི་བསླབ་བྱ་ལྟ་བུ་རེད། ཁྱོད་སློབ་གྲྭར་སོང་ནས་སློབ་སྦྱོང་ཡག་པོ་གྱིས་ལྟ་བུ་ལས་གྲོས་ཆོད་ཅིག་གི་དོན་སྙིང་མིན་འདུག
ཁྱེད་ཚོས་སྐུ་ཕྱར་སྲུང་སྐྱོབ་བྱོས་ཟེར་བ་དང་། ང་ལ་དེའི་སྐོར་འབྲེལ་བ་མེད་ཟེར་བ་གཉིས་ནུས་པ་མི་གཅིག་གམ།
ངོ་མ་ཐབས་སྐྱོ་པོ་རེད།
འཛིན་སྐྱོང་ལ་བཏའ་ཕབ་པ་ཙམ་རེད་་་་་་སྤྱིར་སྤྱི་འཐུས་དང་ཡང་དགོས་ཚོགས་གཙོས་ཁ་གྲགས་མི་ཕོད་པ་སུས་མི་ཤེས་་་་