ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་ལས་དོན་རྒྱ་ཆེ་སྤེལ་རྒྱུ་ཡིན་པ།
འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གྷནེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་དེ་སྔའི་འཕྲོ་སྐྱོང་མཛད་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མོན་གྷོར་གཞུང་འབྲེལ་ལས་དོན་ཁག་གཅིག་གི་ཆེད་བཅར་རྒྱུ་ཡིན་འདུག
དེ་ཡང་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ཀྱིས་དེའི་སྐོར་ངོ་སྤྲོད་གནང་དོན། ཕྱི་ཚེས་ ༢༦ ཉིན་མོན་རྟ་དབང་ཁུལ་གྱི་མི་མང་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་ཞུ་རྒྱུ་རེད། དེ་ནི་གཙོ་བོ་ཕྱི་ལོ་ ༡༩༥༩ ལོར་མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་གྲོས་བྱོལ་ལ་ཆིབས་སྒྱུར་ཐོག་མར་བསྐྱངས་སྐབས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་༸ཞབས་སོར་འཁོད་མཚམས་རྟ་དབང་དགོན་པར་བཀའ་ཆོས་སྩལ་ནས་ད་བར་མི་ལོ་ ༥༥ འཁོར་བཞིན་ཡོད་སྟབས། དུས་དྲན་སྲུང་བརྩི་ཞུ་རྒྱུ་དང་སྦྲགས་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུ་རྒྱུའི་མཛད་འཆར་ཡོད་པ་ལྟར་དཔལ་ལྡན་སྲིད་སྐྱོང་མཆོག་སྐབས་དེར་ཕེབས་ཞུགས་གནང་རྒྱུ་རེད། ད་ལྟའི་འཆར་ལས་རིམ་ལྟར་ན་སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་བཅས་ལ་རིམ་བཞིན་གསུང་བཤད་གནང་རྒྱུ་མ་ཟད། ས་འཐུས་དང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས། རྒྱ་དཔོན། ཕྱག་མཛོད། གཞོན་ནུ་དང་བུད་མེད་བཅས་ཚང་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་གནང་རྒྱུ་རེད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མོན་གྷོར་སྐྱེ་ལྡན་སོ་ནམ་ལས་གཞིར་གཟིགས་སྐོར་གནང་རྒྱུ་དང་།
ཕྱི་ཚེས་ ༣༠ ཉིན་འཛམ་གླིང་རྒྱལ་སྤྱིའི་བོད་མིའི་ཆེད་ལས་པའི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་རྒྱུ་རེད། ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༢༦ ནས་ ༣༠ བར་མོན་གྷོ་ས་གནས་སུ་༸གོང་ས་མཆོག་གི་ཉིན་རེའི་ཆོས་ཐུན་གྲུབ་མཚམས་ཕྱི་དྲོ་ཆུ་ཚོད་ ༧ ཙམ་བར་གཞུང་འབྲེལ་ལས་དོན་གནང་གཏན་འཁེལ་ཡོད། ཕྱི་ཚེས་ ༣༠ ཉིན་ལས་རིམ་ཡོངས་སུ་གྲུབ་མཚམས་སྲིད་སྐྱོང་མཆོག་གྷོ་ཝར་ཕེབས་ཐོན་གནང་རྒྱུ་ཡིན་འདུག སྤྱིར་སྲིད་སྐྱོང་མཆོག་ཐེངས་འདིར་མོན་གྷོར་ཕེབས་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། མོན་གྷོ་གཞིས་ཆགས་འདི་ཡུལ་སྐོར་སྤྲོ་འཆམ་ཡོང་སའི་བསྟི་གནས་ཤིག་ཡོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་པར་བརྟེན་ཐེངས་འདིར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་ལྷོ་སྤྱི་དང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་སྦྲེལ་བཅས་ཚང་འཛོམས་ཐོག་གནད་དོན་དེའི་སྐོར་གོ་བསྡུར་བྱ་རྒྱུའི་འཆར་གཞི་ཡོད།
སྐབས་དེར་ཀར་ན་ཊ་ཀ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་སྐུ་ཞབས་ཨར་ཝི་དེ་ཤི་པན་ཌེ་མཆོག་དང་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨར་ཝིན་མཆོག་ཕེབས་ཀྱི་ཡོད། བཅས་གསུངས། གཞན་ཡང་ས་གནས་འགོ་འཛིན་ནས་ཕྱི་ཚེས་ ༢༥ ཉིན་ནང་སྲིད་བཀའ་བློན་མཆོག་ཀྱང་མོན་གྷོར་ཕེབས་རྒྱུ་ཡིན་སྐོར་གསུངས།