བཙན་མེ་སྟག
“བྱིས་པ་”བསམ་བློར་གོ་བས་འཐུས། གཞན་གྱིས་ཅི་བྲིས་མ་གོ་བ། རང་གིས་ཅི་བཤད་མ་རྟོགས་པ_____ཁ་བྱང་གི་འགྲེལ།
མ་གཞི་ནས་འོ་སྐོལ་ཚོ་འུར་བརྗོད་ལ་དགའ་བའི་མི་རིགས་ཤིག་ཡིན་ཚོད་འདུག “ཁོང་ཚོར་དགྲ་བོར་འཐབ་འཛིང་གི་ཐབས་ཇུས་གཅིག་ལས་མེད། དེ་ནི་དགྲ་བོའི་མདུན་སར་ཐོན་ནས་སྐད་ཤུགས་ཡོད་ཚད་ཀྱིས་ཀི་སྒྲ་འདོན་རྒྱུ་དེ་རེད་”ཅེས་ཉི་ཧོང་མི་རིགས་ཊོ་ཀན་ཊཱ་དྷཱ་(Tokan Tada)ཟེར་བ་ཞིག་གིས་(ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག)ཅེས་པའི་དེབ་ནང་དུ་བྲིས་འདུག
སྐད་ཆ་དམར་དམར་པོ་བཤད་ན། གཞན་དབང་། སྒེར་གཅོད། བཙན་གནོན་སོགས་ལ་ཞེ་བསམ་པའི་གཏིང་ནས་རྒོལ་བའི་སྙིང་སྟོབས་ཤིག་འཚོལ་བཞིན་ཡོད་ན་དེ་ལ་མི་དགའ་གང་ལ་དགའ།
ལྡོག་སྟེ། རང་དབང་། དམངས་གཙོ། འདྲ་མཉམ་སོགས་ཐོས་ལོ་དང་གོ་ལོ་ཙམ་ཡོད་པས་ཡིན་ན་ནི་རིན་ཐང་ཅི། ཁ་སང་དེ་རིང་དོན་ལ་མི་ཞེན་ཚིག་ལ་ཞེན་པ། ཕུགས་ལ་མི་བལྟ་མདུན་ལ་བལྟ་བའི་ན་གཞོན་མང་བོ་ཞིག་འུར་ཟིང་གི་ཁྲོད་ན་བསྡེབས་ཀྱིས་ལངས་ཡོང་གིན་འདུག འདི་ནི་སྐྱོ་གར་དང་སྤྲོ་གར་གང་དུ་གཏོགས་མིན་ལྐོག་གྱུར་ཡིན་ཙ་ན། སུས་ཀྱང་དཔྱད་གཟོད་མི་ཐུག་རུང་། “རུམ་ན་ཅི་ཡོད། ལག་པས་ཤེས་”ཟེར་བ་ལྟར་གཤིས་ལུགས་ཆིག་རྐྱང་བ་དེའི་ངོས་ཐད་ནས་ཧར་གྱིས་བལྟས་པ་ན། ཆ་མ་འཚལ་བའི་འུར་བརྗོད་དེའི་ངོ་གདོང་རབ་རིབ་ཅིག་མཐོང་ཡོང་བ་མིན་ནམ།
ཁོ་བོས་“གཞུང་ལུགས་བྲན་རྒོལ་”ཞེས་པའི་དཔེ་ཆ་དེ་ལེགས་མིན་དང་འགྲིག་མིན་སོགས་རིན་ཐང་གི་ཚད་གཞི་སྲང་ལ་གཞལ་རྩིས་མེད། འདི་ནི་མི་རིགས་ཤིག་གི་བདེ་སྡུག་དང་རིག་གནས་ཤིག་གི་ཤི་གསོན་ལ་ཐུག་པས། ཁུར་དུ་མི་ཐེག་པའི་ཁུར་བོ་ལྗིད་མོ་ཞིག་ལ་བགྲང་བར་འོས་པ་ན། སྐད་ཆ་ཅི་ཞིག་བསྙད་པར་མོས་པ་དང་གང་ཞིག་འབྲི་བར་མཉེས་པ་ཙམ་གྱིས་ས་རྒྱ་ཅི་ཙམ་ཆོད་ཨང་།
དོན་གྱི་གནས་ལུགས་དང་སྔོན་གྱི་ཉམས་མྱོང་ལས་དཔྱད་ན། ཕྱི་ལོ་༢༠༠༡ ལོར་“སད་རྟོགས་སྡེ་ཡི་རུ་འདྲེན་པ་”སྐུ་ཞབས་ཞོགས་དུང་ལགས་ཀྱིས་བརྩམས་པའི་《དཔྱོད་ཤེས་རྒྱང་འབོད་》ཅེས་པ་མི་ཡུལ་དུ་སྐུ་འཁྲུངས། སྐབས་དེར་ཡང་བབ་ཅོལ་དང་བྱུང་རྒྱལ་ལ་དགའ་བའི་དཔུང་སྡེ་དེས་“བག་ཆགས་རྙིང་པ་”ཞེས་པའི་ཐ་སྙད་འདི་ཁ་ཤའི་བར་ནས་དབུགས་ཚ་བོ་དང་འགྲོགས་ནས་རྫོགས་མེད་ཅིག་བཤད་པ་རེད་མོད།
དོན་དངོས་ཐོག་“བག་ཆགས་རྙིང་པ་”ཞེས་པའི་བརྡ་ཆད་འདི་ཚེ་སྲོག་ཞུགས་པའི་ཐ་སྙད་གསོན་པོ་ཞིག་ནས་འགུལ་སྐྱོད་བྲལ་བའི་བརྡ་ཆད་ཤི་རོ་ཞིག་གི་བར་དུ་བསྐྱལ་བ་མ་ཡིན་ནམ། ཅི་ཞིག་དཔྱོད་ཤེས་པ་ནས་གང་ཞིག་རྒྱང་ནས་འབོད་དགོས་པའི་འཕེལ་རིམ་དེའང་དཔུང་སྡེ་དེར་མཚོན་ན་ཤིན་ཏུ་གསང་བ་ལྐོག་གྱུར་གྱི་སྐད་ཆ་མ་ཡིན་ནམ། འདི་ནི་བསམ་བློ་མ་སྨིན་པའི་ཁྱུ་ཚོགས་དེས་མ་ཤེས་ཤེས་ཁུལ་བྱས་པའི་འུར་བརྗོད་ཀྱི་འབྲས་བུ་རེད། མ་གཞི་བྱིས་པའི་ན་ཚོད་ལ་གཏོགས་པའི་དཔུང་སྡེ་ཚོ་སློབ་དུས་ཀྱི་གསར་བུ་རྐྱང་རྐྱང་ཡིན་པས་ཅི་ཁག རང་ཚོད་རང་གིས་མ་ཟིན་པར་ཡར་ལྡིང་མར་ལྡིང་མང་བོ་ཞིག་བྱས་པ་ནི་གུ་ཡངས་ཀྱི་ཁྱབ་ཁོངས་ནས་སྙོམ་སྒྲིག་བྱེད་སླ་ཡང་། དཔུང་སྡེ་འདི་མྱིག་རྡོག་ཡོད་ཡོད་ལ་འོབས་དོང་ལ་མཆོངས་མཁན་ཏག་ཏག་ཡིན་གཤིས། ཁོ་བོར་“མི་རིགས་རིང་ལུགས་”ཀྱི་ལྟ་བ་ལ་རྫོང་མཐུག་པས་མ་བཟོད་ཨང་།
“གཞུང་ལུགས་ཀྱི་བྲན་རྒོལ་”ཞེས་པ་ལས་འཕྲོས་པའི་ངག་ཐོག་གི་སྐད་ཆ་མང་བོ་ཞིག་གནད་ལ་ཁེལ་ཡོད་མེད་ཇི་ལྟར་ཡང་། ཡིག་ཐོག་ལ་འཐིམ་ནས་“ན་གཞོན་གསར་བ་”ཞེས་པའི་དྲ་ཚིགས་སྟེང་ལ་འཕྲོ་རིམ་འཕྲོར་མུ་འགོད་བྱེད་བཞིན་འདུག ཁོ་བོས་དབུགས་ཐུན་གཅིག་གིས་བམ་ཀློག་ཐེངས་གཅིག་བྱས་པ་ན། དེ་མ་ཐག་དབུགས་ཐུན་གཉིས་པ་ཞིག་ཞོར་དུ་ཤོར་སོང་ཡང་། སྡེ་ཚན་ག་གེ་མོ་ཞིག་གིས་ཅིག་ལ་དང་ལེན་བྱེད་མ་ཐུབ་པ་དང་། ཉིག་ལ་བསམ་གཞིག་བྱེད་མ་ཐུབ་པ། གསོ་ཐེ་ཞེས་སོགས་ཐ་སྙད་སྐམ་པོ་རྐྱང་རྐྱང་གིས་གྲུབ་པའི་རྩོམ་ཡིག་ཡིན་ཁུལ་གྱི་ཡ་མ་ཟུང་གི་ཚིག་རོ་མང་བོ་ཞིག་སྤུངས་འདུག
ལྡོག་སྟེ་བརྗོད་ན་ཁོ་བ་ཚོའང་སློབ་དུས་ཡིན་ཙ་ན། ཕ་མ་དང་གཉེན་ཉེ་གང་ཞིག་གིས་གསོ་ཐེ་ཡིན་ལ། གཞན་གྱི་སྐད་ཆར་དང་ལེན་མ་ཐུབ་པར་ཞེ་སྤོ་གཏིང་ནས་ལངས་པའི་ཀླད་རྙིང་མཁྲེགས་འཛིན་ཅན་ཞེ་གཅིག་ཡིན། དེ་ལྟར་བཤད་ན་འདི་ལྟར་འགྱུར་འགྲོ་བས་སློབ་དུས་ཀྱི་གོ་སྐབས་དམ་དུ་གཟུང་ན་མི་དགའམ། ད་དུང་འུར་བརྗོད་ཀྱི་བྲེལ་འཚུབ་ལངས་པ་ལས་བསམ་གཞིག་གི་མལ་སར་ལོག་ན་མི་དགའམ།
“བསམ་བློ་གསར་བའི་སྣེ་ཤན་པ་”སྐུ་ཞབས་ཞོགས་དུང་ལགས་ཀྱི་《གང་ལ་ལྟ་དང་ཇི་ལྟར་ལྟ་》ཞེས་པའི་རྩོམ་ཡིག་དེའི་ནང་དུ། “ཁོ་བོ་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། བོད་ཡིག་གི་དཔེ་ཆར་ལྟ་དུས་གཙོ་བོ་རྗོད་བྱེད་དམ་ཚིག་ལ་ལྟ་ཡི་ཡོད། སྟབས་ལེགས་ནས་རྩོམ་འབྲིའི་རྒྱུ་ཆ་རེ་ལོན་བྱུང་ན། ཡིད་རབ་ཏུ་དགའ་བས་ཚོད་རེད་”ཅེས་པའི་སྐད་ཆ་འདི་གོང་བཞིན་བརྡ་ཆད་སྐམ་པོ་ཞིག་མ་ཡིན་པ་དེ་རིང་གཞི་ནས་རྟོགས་པ་ཁྱེད་ཚོའི་བཀའ་དྲིན་ལོས་ཡིན། དེ་མིན་རྩོམ་གྱི་བརྗོད་བྱའི་ཆ་ལ་ལྟ་རིན་དང་གླེང་རིན་ཡོད་པ་ཞིག་ཅི་ནས་ཀྱང་མ་ཡིན་རུང་། དཔྱད་རིན་དང་དགག་རིན་མཆིས་པ་ཞིག་དེ་བས་ཀྱང་མ་ཡིན་རུང་།
སློབ་དུས་ལ་བྲེལ་བའི་ཁོ་བ་ཚོའི་རང་ངོ་རང་གིས་ཟིན་པའི་ཕྱིར་དུ། བསམ་བློ་མ་སྨིན་པའི་དཔུང་སྡེ་དེས་རང་ཚོད་ཟིན་པའི་དོན་དུ། རང་ཉིད་རང་ཉིད་ཡིན་པ་གསལ་བོར་རྟོགས་སླད་དུ། ཁོ་བོས་ཅིས་ཀྱང་གླེང་དགོས་པ་ནི་རང་ཉིད་ཀྱི་འགན་འཁྲི་ཞིག་ཏུ་སེམས་ཡོད།
“ཁྱི་རྒན་ཤེས་ནས་ཟུག ཁྱི་ཕྲུག་མ་ཤེས་པར་ཟུག་”ཅེས་པའི་དཔེ་ལྟར་དེང་སང་ཁ་ཐོགས་ཚད་པོས་“རྙིང་གཏོར་གསར་བརྗེ་”ཞེས་པའི་ཐ་སྙད་འདི་ཅི་མི་སྙམ་པར་གླེང་རྐྱང་བྱེད་པ་ནི་དོན་གྱི་གནས་ལུགས་ཤིག་མ་རྟོགས་པས་ཡིན། གནས་ལུགས་འདི་རྟོགས་དགོས་ན་“རྟོགས་སད་པའི་སྡེ་ཁོངས་ནས་བཀྲམ་པའི་《དཔྱོད་ཤེས་རྒྱང་འབོད་》དང་《ང་ཚོ་སད་རན་》ལ་སོགས་པའི་དཔེ་ཆ་དག་ལ་ཡང་དང་བསྐྱར་དུ། མནོ་བསམ་ཀྱང་ཡང་དང་བསྐྱར་དུ། དེ་ལྟར་བྱུང་ན་ད་གཟོད་ངོས་སྲབ་ས་ཞིག་ནས་གཏིང་ཟབ་ས་ཞིག་ལ་འཇུ་ཐུབ་རྒྱུ་རེད། དེ་ལྟར་མ་ཡིན་ན་ལད་ཟློས་བྱ་ཡུལ་དང་ལད་ཟློས་བྱེད་མཁན་གཉིས་ཀྱིས་“རྙིང་གཏོར་གསར་བརྗེ་”ཞེས་པའི་སྒྲ་ཆིག་རྐྱང་བ་ཞིག་ལས་དོན་གྱི་གོ་བས་ལམ་ལུགས་གཉིས་ལ་འདེད་ཀྱིན་མི་འདུག་གམ། སློབ་དུས་ཀྱི་དཔུང་སྡེ་དེས་“རྙིང་གཏོར་གསར་བརྗེ་”ཞེས་པའི་བརྡ་ཆད་འདི་ལ་གོ་བ་ངོ་མ་ཞིག རྣལ་མ་ཞིག ཡང་དག་ཅིག་དངོས་གནས་ལོན་གྱི་མི་འདུག
རྒྱུ་མཚན་འདི་དང་དེ་ལ་བརྟེན་ནས་དེ་རིང་ཡང་“གཞུང་ལུགས་བྲན་རྒོལ་”ལས་འཕྲོས་པའི་སྐད་ཆ་འདི་དག་ཀྱང་ཚེ་སྲོག་ལྡན་པ་ཞིག་ཡིན་མིན་ཅི་ཆ། གཏིང་ཟབ་སར་གནས་པའི་གོ་བ་དེ་བསྙད་ནས་ཤེས་རྒྱུ་ཞིག་མ་ཡིན་པར་བསམས་ནས་རྙེད་རྒྱུ་ཞིག་ཡིན་པས། ད་ནི་སློབ་ཆེན་པ་ཞིག་གི་མིང་འོག་ནས་འདི་ལྟར་ཐོལ་བྱུང་གི་ཚོར་བ་དང་དུ་བླང་བར་བྲེལ་བའི་སྐབས་ཤིག་མ་ཡིན་རུང་། ད་ནི་ལག་ལ་ཅི་ཡོང་ལེན་རྐྱང་དང་སེམས་ལ་ཅི་ཤར་བཤད་རྐྱང་མ་ཡིན་རུང་། ད་ནི་གཏིང་ཟབ་ས་ལས་ངོས་ཡངས་ས་ཞིག་ནས་འདུག་ཚོད་མ་ཡིན་རུང་། ད་ནི་བློ་རིག་གཅིག་ཏུ་སྒྲིལ་བ་ལས་རྒྱ་ཡན་དུ་གཏོང་བའི་དུས་ཤིག་མ་ཡིན་རུང་། ད་ནི་གནས་ལུགས་ལ་གཞོལ་བ་ལས་འུར་བརྗོད་ལ་བྲེལ་བའི་དུས་ཤིག་མ་ཡིན་རུང་། དེང་སང་གནས་ལུགས་དང་གནས་ལུགས་དག་ལ་གོ་ས་ཁྱོན་ནས་མེད་པས་རང་རང་གི་འདོད་པ་བྱོས།
ནུབ་བྱང་གི་སློབ་མ་མང་བོ་ཞིག་གིས་དེབ་གསར་“གཞུང་ལུགས་བྲན་རྒོལ་”ལས་འཕྲོས་པའི་རྩོམ་ཡིག་མང་བོ་ཞིག་ན་གཞོན་གསར་བའི་དྲ་ཐོག་ལ་བཀོད་པ་མཐོང་འཕྲལ་བྲིས་པ་ཡིན།
དེ་རིང་གཞི་ནས་མི་ཞིག་གིས་མྱི་སྐད་ངོ་མ་དེ་བཤད་སོང་། མྱི་སྐད་འདིའི་ནང་དུ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་མང་དུ་མཆི་ཡང་། དོན་དངོས་ཀྱིས་དཔའ་གཏམ་གྱི་ཞོར་དུ་ཁུངས་བཙུན་ཞིང་བསམ་བློའི་གཏིང་སྔོགས་འདུག་པའི་སྐད་ཆ་ཡག་པོ་བཤད་འདུག
བཙན་ཟེར་བར་དགོས་པ་ཅི་ཡོད་དང་མེ་སྟག་ཅེས་པར་སྙིང་བོ་ཅི་ཞིག་ཡོད་མེད་མ་ངེས་ཀྱང་། མིང་དེ་ལྟར་བཏགས་པའི་གྲོགས་པོ་ཁྱེད་ཀྱི་སྐད་ཆའི་ཕུགས་ན་རང་གི་མེས་པོ་ཚོས་བླ་དང་སྲོག་གིས་སྐྲུན་པའི་གཞུང་ལུགས་རླབས་པོ་ཆེ་དག་དང་དེ་དང་དེས་སྐྱེད་པའི་འབྲས་བུ་ལ་གདེང་འཇོག་བྱས་པ་ནི་བསྟོད་པར་འོས་པའི་གཞི་གཅིག་དང་། ཡང་ཕ་རོལ་བ་དེའི་བསམ་བློའི་རྨང་གཞི་ལ་གཤེ་བའི་འོལ་སྤྱི་ཙམ་མ་ཡིན་པར་དོན་ཐོག་དངོས་ཐོག་ལ་བབ་ནས་རིག་པ་བརྡར་ཡོད་པ་བཅས་ཀྱིས་ངས་ཁྱེད་ལ་རྒྱབ་སྐྱོར་ཞུ་རྒྱུའི་སེམས་ཐག་བཅད་པ་ཡིན།
ཞར་དུ་ཞུ་རྒྱུར། མི་ཁྱེད་ཀྱིས་སྙན་ངག་ཏུ་བསྙད་པའི་ཚིག་རིས་སྐམ་པོ་ཁ་ཤས་ཁ་བརྡ་རུ་བཀོད་པ་མཐོང་མྱོང་ཡང་། དེ་དུས་ཀྱི་ལྟ་ཚུལ་དང་དེ་རིང་གི་གདེང་འཇོག་གཉིས་མི་མཐུན་ནའང་། ཐད་ཀར་ཐད་རྒྱག་གིས་དེ་རིང་སྔོན་མ་ལས་ལྡོག་སོང་ཞུ། རྗེས་མར་གླེང་།
བཙན་མེ་སྟག་ལགས་ཀྱིས་གསུངས་པར་གནས་ལུགས་འདུག་སྟེ། ང་ཚོའི་མི་རིགས་འདི་ནི་ངོ་མ་ཧོལ་རྒྱུག་བྱ་རྒྱུར་དགའ་བ་ཞིག་རེད། ཁོང་གིས་དམིགས་པ་ནི་ནུབ་བྱང་པ་ཚོར་ཡིན་ཡང་ཕོག་ས་ནི་ང་རང་ཐེ་བའི་ང་ཚོའི་སྤྱི་ཚོགས་ཧྲིལ་པོ་རེད། ཅིས་ཀྱང་བསམ་གཞིགས་བྱ་དགོས་པ་ཞིག་ནི་ང་ཚོའི་མང་པོ་མང་པོ་ཞིག་གིས་སོ་སོའི་སྐད་ཆར་འགན་མི་ཁུར་བ་འདི་རེད། ངས་བཤད་འདོད་པ་ནི་ང་ཚོར་འགན་འཁྲིའི་འདུ་ཤེས་གཏན་ནས་མི་འདུག་ཟེར་བ་ཡིན།
བཙན་མེ་སྟག་ཅེས་པར་གོ་རྒྱུ་འདུག
བསུ་མ་བྱེད་བཞིན་ཡོད།
ཁྱི་རྒན་(གྱིས)གིས་ཤེས་ནས་ཟུག།
ཁྱི་ཕྲུག་(གྱིས)གིས་མ་ཤེས་བར་ཟུག། བོད་སྐད་ཤེས་ནི་ཟིག་ཡིན་ན། བྱེད་འབྲེལ་ལ་གསུམ་མི་ཆད་མི་འཆུག་ནི་ཞིག་ཡིན་དགོས་པ་རེད། དེ་མེད་ན། ཚིག་གིས་ཚིག་སྤུངས་བརྒྱབས་ན་གོ་བ་ཞིག་རྩ་བ་ནས་མི་འདུག་པའམ་གོ་ལོག་ལ་གོ་རྒྱུ་ལས་ལམ་གཞན་མེད།
ཁྱི་རྒན་ཤེས་ནས་ཟུག།
ཁྱི་ཕྲུག་མ་ཤེས་པར་ཟུག འདི་འདྲ་བྲིས་ན། ཁྱི་རྒན་ཤེས་ནས་སུ་ཟུག་པ་རེད། ཁྱི་ཕྲུག་མ་ཤེས་བར་སུ་ཟུག་པ་རེད། ལྟ་བའི་དྲི་བ་ཡོད།
བོད་བཙན་པོའི་ཁ་དཔེ་ལ། བཙན་མེ་སྟག་གིས་གས་ཙག་བཏོད་ན་ཤིན་ཏུ་མི་རུང་ངོ།
གནམ་ལགས། ཕེབས་པ་བཟང་། དགོངས་ཚུལ་བཏོན་པ་དེ་བས་བཟང་། མིང་ཚིག ལས་ཚིག རྣམ་དབྱེའི་རྐྱེན། ཚིག་ཕྲད་བསྡུ་སྟངས་སོགས་མང་བོ་ཞིག་ཡོད་མོད། མང་བོ་བཤད་ན་་་་་་་་་་་་་ད་དེབ་ཀློག་ལ་གོམས་པར་གྱིས། གཅིག་བྱས་ན་ཁྱོད་ཀྱིས་མྱོང་རོལ་མ་ཤེས་པས་ཡིན་རྒྱུ་རེད། ཡང་མིན་ན་ཁོ་བོས་འབྲི་ནོར་ཐེབས་པའང་ཡིན་སྲིད་ནི་རེད། སྤྱིར་དེང་སང་གི་མྱི་ལ་ཁ་འཛིང་ལས་གནས་ལུགས་མི་དགོས་པས་ཕྲན་སྙིང་བོ་མེད་པའི་རྩོད་པ། དགོས་མེད་རྩོད་པ། གྲུབ་འབྲས་མེད་པའི་རྩོད་པ་ལ་ངོ་མ་སུན་སྣང་སྐྱེ་གི གནས་ལུགས་དང་གནས་ལུགས་བདར་ནས་བདེན་པ་དང་བདེན་པ་བདར་བར་འདོད་ན། རྗེས་སོར་ལྷོད་ཀྱིས་མཇལ་ཆོག རང་ངོ་རང་གིས་མ་ཟིན་པ་ལས་ཚབས་ཆེ་བ་ཞིག་གང་ན་ཡོད།
ཆོས་སྒོར་འགྲིམས་པའི་ཆོས་ཁུག་མེད། སློབ་གྲྭར་འགྲིམས་པའི་དཔེ་ཁུག་མེད། བོད་སྐད་ཤེས་ཙམ་ལས། ང་ལ་བདར་ཤ་གཅོད་སྤྱད་ཀྱི་བློ་དང་རིག་པ་དེ་འདྲ་གང་ཡང་མེད་པས། བཙན་མེ་སྟག་ཁྱོད། ཁྱོད་ཀྱི་མཁའ་དབྱངས་ལ་སུན་སྣང་མེད་པར་འཕུར་རྐྱང་བྱོས།
ཆོས་སྒོར་འགྲིམས་པའི་ཆོས་ཁུག་མེད། སློབ་གྲྭར་འགྲིམས་པའི་དཔེ་ཁུག་མེད། བོད་སྐད་ཤེས་ཙམ་ལས། ང་ལ་བདར་ཤ་གཅོད་སྤྱད་ཀྱི་བློ་དང་རིག་པ་དེ་འདྲ་གང་ཡང་མེད་པས། བཙན་མེ་སྟག་ཁྱོད། ཁྱོད་ཀྱི་མཁའ་དབྱིངས་ལ་སུན་སྣང་མེད་པར་འཕུར་རྐྱང་བྱོས།
ད་དུང་། སྟག་འདྲ་གཟིག་འདྲ་ཡི་ཆོ་ལོ་བཏགས་ཡོད་པའི་ཁྱོད་ཚོ་ངོ་མ་གུ་དོགས་ཤིང་ཕྲག་ཕྲ་མོ་རེད། མང་གཙོ་ཟེར་བ་དེ་གཞུང་ཞིག་གི་འཛིན་སྐྱོང་ཁོ་ན་མ་རེད། དེ་མི་སྒེར་རེ་རེ་ཡི་སྟེང་ན་གནས་ཤིང་དེ་ཡི་སྟེང་ནས་མངོན་དགོས་པ་ཞིག་ཀྱང་རེད། བོད་ནང་ལ་མཚོན་ན་དགྲ་བོའི་མེ་འདའ་ཡི་འོག་ན་ལག་ལེན་དངོས་ཀྱི་ཐོག་ནས་མང་གཙོ་ཡི་གོ་རྟོགས་སྤེལ་དང་སྤེལ་བཞིན་པ་རེད། དཔེར་ཆུང་ཆུང་ཞིག་ཞུ་ན། <>ལ་ལྟོས་ན་གསལ་བོར་ཤེས།
རངདབང་བཙན་བྱོལ་ན་ཡོད་པའི་ཅིག་ཡིན་མདོག་མདོག་གི་ཁྱོད་ཚོས་མང་གཙོ་ཡི་ཕྱོགས་ལ་ཅི་ཞིག་འཇོན་ཡོད། དེ་ཡང་མི་སྐྱོན་ཏེ། མང་གཙོ་ལ་རྡོག་རྫིས་ག་ཚོད་བཏང་ཡོད་། གལ་ཏེ་ཕན་མི་ཐོགས་ན་གནོད་མ་སྐྱེལ་རོགས།
དོན་གྱིས་ཁྱོད་ཚཽས་མང་གཙོ་ཟེར་བ་ཅི་ཞིག་ཡིན་པ་ཤེས་ཀྱིན་ཡོད་དམ།
བཙན་བྱོལ་ན་མང་གཙོ་དང་འབྲེལ་བའི་བརྩམས་ཆོས་ག་ཚོད་ཡོད།
ཁྱོད་ཚོས་མང་གཙོ་དངའབྲེལ་བའི་སློབ་སྦྱོང་ཅི་ཙམ་བྱས་ཡོད།
ཀྱི་ཧུད། ཅི་ཁག་ཨང་། ང་ཚོ་ལ་ནི་མང་གཙོ་ཡི་སློབ་གསོ་དང་རིག་གནས་ཀྱི་ཁོར་ཡུག་ནི་ཀུན་ནས་དབེན་པས། མང་གཙོ་ཅན་གྱི་སྤྱི་ཚོགས་མཐུས་སྒོ་ཚང་བ་ཞིག་ད་དུང་རྒྱང་ཐག་རིང་ཨང་།
པད་བཀྲ་ལགས་ཕེབས་པ་མགུ་ནས་ཡོད། དགོངས་ཚུལ་གསུངས་པར་རབ་ཏུ་ཤིན་ཏུ་ལྷག་པར་བཟང་། དམངས་གཙོ་ལ་ལོངས་སུ་སྤྱོད་བཞིན་འདུག་པས་ཡི་རང་བྱ། གནམ་ལགས། བསྐྱར་དུ་ཕེབས་པ་ངོ་མ་བཟང་། དཀའ་ཚེགས་ལ་མི་འཛེམ་པར་ཡང་ཡང་ཕེབས་པར་བསྒུག་ནས་ཡོད། ཐུགས་རྗེ་ཆེ།