ཨ་རིག་དགེ་མཐོང་།
ཁ་སང་དེ་རིང་ཁོ་བོ་ས་གནས་གཞན་དུ་སོང་བའི་རྐྱེན་གྱིས་དྲ་ལམ་དུ་ཞུགས་པར་མཐུན་རྐྱེན་མི་འཛོམས་ལ། ལྷག་པར་ལས་དོན་ཁག་ཅིག་གི་དབང་གིས་ཁོམ་ལོང་ཡང་མེད། ལྡི་ལི་ནས་ཉིན་འགའ་ལ་བསྡད་པའི་རིང་འདིར་དྲ་ལམ་དུ་ཐེངས་ཤིག་ཞུགས་པ་ཡིན། དྲ་ལམ་དུ་གནས་ཚུལ་གང་འཚམས་ཤིག་ཡོད་ཀྱང་གཙོ་བོ་བོད་ནང་གི་མེ་བསྲེགས་སོགས་ཀྱི་སྐོར་དང་བཙན་བྱོལ་ནས་ལས་འགུལ་ཅི་སྤེལ་གྱི་སྐོར་ལ་བལྟས་པ་ཡིན། བོད་ནང་ནས་འགད་རྫས་གཡུགས་གཏོར་གྱིས་ལས་ཁུངས་ཤིག་ལ་གནོད་འཚེ་དང་སྤུན་ཟླ་ཞིག་གི་ཚེ་སྲོག་ཤོར་བ་མཐོང་། ཁ་བརྡ་དྲ་བའི་ནང་དུ་སྲོང་བཙན་སྒམ་པོ་ཟེར་བ་ཞིག་གི་མིང་ཐོག་ནས་གཞོན་ལྷན་ལ་ཕུལ་བའི་དྲི་བ་བཅུ་ཞེས་པ་ཞིག་དང་། རྡོ་རྗེ་ཚེ་རིང་གིས་མེ་བསྲེགས་བཏང་ནས་ཤ་འཁོན་མ་སློངས་ཟེར་བ་ཞིག དེ་མིན་བོད་མི་གསུམ་ཨ་རི་ནས་ཟས་བཅད་ལ་བཞུགས་པའི་གནས་སྟངས་སོགས་མང་ཡང་། གཙོ་བོ་གཞོན་ལྷན་ལ་ཕུལ་བའི་དྲི་བ་བཅུ་ཞེས་པའི་ནང་དུ་དྲ་འབུ་ཁག་ཅིག་གིས་ཁོག་ལ་ཅི་ཤར་ཁ་ནས་རང་དབང་མེད་པར་བསྐྱུགས་འདུག་པས་དེས་སྤྱི་ཚོགས་ཟང་ཟིང་བཟོས། དེ་དག་ནི་དྲ་འབུ་ཁག་ཅིག་དང་ཆབ་སྲིད་པར་རློམ་པའི་གླེན་པ་འགའ་རེའི་བསམ་འཆར་ཙམ་ལ་ངོས་འཛིན་བྱས་ན་འགྲིག་མོད།
གཞོན་ནུ་ཚོགས་པ་ནི་མི་གྲངས་མང་ཤོས་ཀྱི་ཚོགས་པ་ཞིག་དང་ད་བར་དུ་བཟང་ངན་ལ་མ་ལྟོས་པར་ལས་འགུལ་གང་མང་སྤེལ་བའི་ཚོགས་སྡེ་ཞིག་ཡིན་པ་ཀུན་གྱིས་ཤེས་ནུས་པས་ངས་འགྲེལ་བཤད་མི་དགོས་པ་བྱོས། ད་དུང་གཞོན་ནུས་རང་བཙན་གྱི་ལྟ་བ་འཁུར་བ་ལ་ངས་སྐྱོན་བརྗོད་ཀྱིན་མེད་པ་འདི་ཤེས་རྒྱུ་གལ་ཆེ། ཉེ་ཆར་ནས་བཟུང་གཞོན་ནུ་ལྷན་ཚོགས་སམ་རྒྱུན་ལས་ཁག་ཅིག་གིས་རང་ལྟ་མཁྲེགས་འཛིན་དང་ཚོགས་པའི་ཁ་ཕྱོགས་ལོག་ལམ་དུ་འཁྲིད་དེ་འཚེ་བའི་ངོ་བོར་གཏོགས་པའི་ལས་འགུལ་སྤེལ་རྒྱུའི་མགོ་བརྩམས་པ་རེད། དེ་ཡང་རྒྱ་ནག་གི་རྒྱལ་དར་མེ་བསྲེགས་བཏང་སྟེ་བོད་རྒྱ་གཉིས་ཀྱི་བར་དུ་ཤ་འཁོན་བསླངས་པ་དང་། ད་དུང་བོད་མི་ས་ཡ་གཅིག་ལྷག་དར་དམར་འདིའི་འོག་ནས་དམར་གསོད་བཏང་བ་རེད་ཅེས་ཟེར། དེ་ཡང་བདེན་པའི་གཏམ་དུ་ངོས་ལེན་བྱས་ན་འགྲིག་མོད། བོད་མི་ས་ཡ་གཅིག་དམར་གསོད་བཏང་བའི་ཤ་ལན་རྩོད་རྒྱུ་དེ་ད་ལྟའི་སྤྱི་ཚོགས་སམ་རྒྱལ་སྤྱིའི་འགྲོས་དང་མི་མཐུན་ལ། ད་ལྟ་རྒྱལ་ཁབ་ཕལ་ཆེ་བའི་ཁ་ཞི་བདེ་དང་བྱམས་བརྩེའི་ཐད་དུ་ཕྱོགས་ཡོད་པ་རེད། དེའི་ཕྱིར་ང་ཚོས་ཤ་འཁོན་རྩོད་རྒྱུ་ཟེར་ནས་རྒྱ་མི་རིགས་ཁག་ཅིག་དམར་གསོད་བཏང་ཡང་བོད་ཀྱི་རྩ་དོན་ལ་གནོད་རྒྱུ་ལས་ཕན་རྒྱུ་ཞིག་གཏན་ནས་མེད། མ་ཟད་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་བཏང་ཟིན་པའི་སྤུན་ཟླ་དག་གི་དམིགས་ཡུལ་ཡང་དེ་མིན་པར། ༸གོང་ས་མཆོག་བོད་ནང་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་ནང་གི་འཆི་བ་ལ་ཉིན་རེ་ཐག་ཉེ་ཞིང་༸གོང་ས་མཆོག་གི་ཞལ་མཇལ་ཨེ་ཐུབ་ཀྱི་བསམ་བློ་ཉིན་ཞག་ཀུན་ཏུ་འཁོར་བསྡད་ཡོད་པའི་བགྲེས་སོང་དག་དང་། གཞན་བོད་ལ་རང་དབང་དངོས་གནས་ཤིག་ཨེ་ཐོབ་པ་སོགས་རེད།
གལ་སྲིད་ཤ་འཁོན་རྩོད་རྒྱུ་ཟེར་ནས་གླགས་མི་འཁེལ་ན་བོད་ནང་དུ་སོང་ནས་ལན་ལེན་བསྟར་རྒྱུ་ལས་རྒྱལ་དར་མེ་བསྲེགས་བཏང་། རྒྱལ་དར་གྱི་སྟེང་དུ་བསིལ་ལྷམ་བཞག་སྟེ་རྫིག་ཉམས་སྟོན་པ་ནི་ད་ལྟའི་ཆབ་སྲིད་པ་འབོད་པའི་གླེན་པ་རང་ལྟ་མཁྲེགས་འཛིན་དང་བོད་ཀྱི་རྩ་དོན་ལ་ཕན་པ་ལས་གནོད་སྐྱེལ་མཁན་དག་རེད། རྒྱལ་དར་མེ་བསྲེགས་བཏང་བ་ནི་འཚེ་བ་དང་འབྲེལ་བའི་ལས་འགུལ་རེད། འཚེ་མེད་ཞི་བའི་ལས་འགུལ་གྱི་ཁ་ཕྱོགས་བསྒྱུར་བ་རེད་ལ། དེ་བཞིན་བོད་ནང་ནས་འཚེ་མེད་ཞི་བའི་རླབས་ཆེ་བའི་ལས་འགུལ་གྱི་ངོ་བོ་འགྱུར་རྒྱུ་རེད་ཅེས་ངས་ཉེ་སྔོན་(གཞོན་ནུ་ལྷན་ཚོགས་ཀྱིས་བསམ་བློ་ཐོངས)་ཞེས་པའི་བསམ་འཆར་གྱི་ནང་དུ་བརྗོད་ཟིན་ལ། དེ་བྲིས་ནས་བདུན་ཕྲག་གཅིག་མ་འགོར་བར་བོད་ནང་ནས་འཚེ་བའི་ལས་འགུལ་ཅིག་ཁ་ཐུག་སྤེལ་སོང་། དེ་ནི་ལས་ཁུངས་ཤིག་ལ་འགད་རྫས་གཡུགས་གཏོར་དེ་རེད། ཁོང་ནི་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་བཏང་བྱས་པའི་དཔའ་བོ་ཞིག་བརྒྱ་ཆའི་བརྒྱ་རེད། ཡིན་ནའང་གཞོན་ནུ་དང་དྲ་འབུ་ཁག་ཅིག་གིས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་མི་ས་ཡ་གཅིག་གི་ཤ་འཁོན་རྩོད་དགོས་རབས་གླེང་། དེ་དང་དེའི་མཚོན་པའི་སྐད་ཆ་མང་བོ་ཞིག་བཤད་པ་དང་གཅིག་ཐེངས་ན་འབྲེལ་བ་ཡོད་སྲིད། དེས་ན་གཞོན་ནུའམ་རྒྱུན་ལས་ཚོས་བསམ་བློ་ངེས་པར་གཏོང་དགོས་པ་ལས་ཁོག་ལ་ཅི་ཤར་བཤད་རྐྱང་མིན་པ་མཁྱེན་པར་མཛོད།
གལ་སྲིད་གཞོན་ནུས་རྒྱལ་དར་མེ་བསྲེགས་འདི་བོད་ནང་དུ་སོང་ནས་སྤེལ་ཡོད་ན་དེ་ཡང་མི་རིགས་ཀྱི་འདུ་ཤེས་ཡོད་པ་དང་། བོད་ཀྱི་རྩ་དོན་ལ་སེམས་ཁུར་ཡོད་པའི་རྟགས་ཤིག་ཏུ་ངོས་འཛིན་བྱེད་རུང་ཡང་། རང་དབང་ལུང་པར་རྒྱལ་དར་མེ་བསྲེགས་ཏེ་བོད་ནང་གི་རང་ལུས་མཆོད་འཕུལ་ལས་འགུལ་གྱི་ངོ་བོ་གཞན་དུ་བསྒྱུར་བ་རེད། སྐད་ཆ་འདི་ནི་ངས་ཁ་སང་སྔོན་མ་ནས་ཚོད་དཔག་བྱས་ཏེ་ཁོ་ཚོ་ལ་བཤད་ཚར་ཡིན། ཁོ་ཚོས་དོ་སྣང་མེད་པ་མ་ཟད་ཟ་ཟུར་ནས་ཕྲན་སོགས་ལྷག་བསམ་དཀར་པའི་མི་དག་ལ་ཚིག་མདའ་འཕེན་གྱིན་འདུག ང་ཚོ་ལ་ག་རེ་ལབ་ཀྱང་མི་སྐྱོན་མོད། ཁྱེད་ཚོས་རང་དབང་ལུང་པ་ནས་ཁ་ཤོམ་འཐེན་བཞིན་འཚེ་བའི་ལས་འགུལ་སྤེལ་ན་དེའི་འཁོན་ལན་རྒྱ་ནག་གིས་བོད་ནང་གི་སྤུན་ཟླ་ཚོ་ལ་རྩོད་རྒྱུ་རེད་ལ། ཁོ་ཚོ་ལ་མནར་གཅོད་དང་རྡུང་རྡེག་ཚད་མེད་མྱོང་ངེས་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ཁྱེད་ཚོས་ཕྱོགས་ག་ས་གང་ནས་ཞལ་འདེབས་ཕུལ་དང་བོད་ཀྱི་རྩ་དོན་སྒྲུབ་ངེས་ཡིན་ཞེས་ཉེ་སྔོན་དུས་དབང་སོགས་ནས་ཁ་བདེ་བོའི་ངང་ནས་ག་ཚོད་ཅིག་བཤད། དེ་དག་རེ་རེ་བཞིན་ང་ཚོས་རིམ་གྱིས་གླེང་ངེས་ཡིན་ལ། མ་གླེང་ཐབས་མེད་རེད། བོད་ནང་གི་སྤུན་ཟླ་ཚོ་མེས་འཚིག་བཞིན་པའི་སྐབས་སུ་༧གོང་ས་མཆོག་བོད་ནང་དུ་གདན་འདྲེན་ཞུ་དགོས་ཟེར་བའི་ཁ་ཆེམས་ལྟ་བུ་དེ་ཚོའི་ལྡོག་ཕྱོགས་ནས་ལས་འགུལ་སྤེལ་བ་རེད། འདི་ལ་ངེས་པར་འགན་འཁུར་དགོས་ལ།
ལྷག་པར་བོད་ནང་གི་ལས་འགུལ་འདི་ད་ནས་འཚེ་བའི་ངོ་བོར་འགྱུར་སྲིད་པས་དེའི་འགན་འཁྲི་དང་མཇུག་འབྲས་ཀྱང་ཁྱེད་ཚོ་དང་འབྲེལ་བ་ཡོད་པ་ཤེས་ན་ལེགས། ཨ་རི་ནས་བོད་མི་གསུམ་གྱིས་ཟས་བཅད་ངོ་རྒོལ་གནང་བ་ལྟར་ལས་འགུལ་སོགས་སྤེལ་ན་བོད་ཀྱི་རྩ་དོན་ལ་ཕན་པ་ལས་གནོད་རྒྱུ་ཞིག་གཏན་ནས་མེད། ལྷག་པར་གཞོན་ནུ་སོགས་བོད་ཀྱི་ཚོགས་སྡེ་ཁག་དང་ཆབ་སྲིད་པ་ཡིན་པར་རློམ་པའི་གླེན་པ་ཨུ་ཚུགས་ཅན་དག་གིས་དུས་རྒྱུན་གཞན་གྱིས་སྤེལ་ཟིན་པའི་ལས་འགུལ་ལེགས་ཤོས་རིགས་ཡང་བསྐྱུར་སྤེལ་རྒྱུ་ལ་ངོ་ཚ་ལྟ་བུར་བྱེད། འདི་ནི་འཐུས་ཤོར་ཆེན་པོ་ཞིག་དང་ཆིག་སྒྲིལ་དང་སྟོབས་ཤུགས་ལ་གནོད་སྐྱེལ་སྤྱད་ཅིག་རེད།
དེ་ལས་གཞན་ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་མི་གྲངས་ཧ་ཅང་ཉུང་བས་ཚོགས་པ་མང་བོ་དང་བསམ་ཚུལ་མི་མཐུན་པ་མང་ན་རྩ་དོན་འཐུས་ཤོར་རེད་ལ། ལྷག་པར་ཆིག་སྒྲིལ་གྱི་ནུས་པ་འདོན་མ་ཐུབ་པའི་དཀའ་ངལ་ཡོད་རེད། སྤྱིར་བཏང་མི་གྲངས་མང་བོ་ཞིག་ཡོད་ན་ཆབ་སྲིད་ཚོགས་པ་འདྲ་མིན་དང་ལྷག་པར་གཞུང་དང་ཁ་གཏད་ཀྱི་ཚོགས་པ་དེ་ཡང་དགོས་མཁོ་ཅན་ཞིག་རེད། དེ་ནི་ངས་ཀྱང་ཤེས་ཡོད་ལ་ཆབ་སྲིད་ལ་དོ་སྣང་ཅན་ཞིག་གིས་ངེས་པར་ཤེས་དགོས་པའི་རྒྱུན་ཤེས་ཤིག་རེད། ད་ལྟའི་བཙན་བྱོལ་ཡུལ་གྱར་བ་ལ་མཚོན་ན་མི་གྲངས་ཧ་ཅང་ཉུང་བས་དེ་འདྲ་བྱེད་མི་ཉན་པ་འདི་ཆབ་སྲིད་པར་རློམ་པ་དག་གིས་ཤེས་པར་གྱིས། མདོར་ན། ངས་དཔེ་བདེ་བོ་ཞིག་བཞག་ནས་འབྲི་མཚམས་འཇོག་རྒྱུ་ཡིན། ད་ལྟའི་བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་ཆབ་སྲིད་ཀྱི་ཐད་ནས་གཞུང་དང་ཁ་གཏད་ལྟ་བུའི་ཚོགས་སྡེ་དང་ཚོགས་པ་སྐྱིད་སྡུག་མང་བོ་ཞིག་རང་དབང་དང་མང་གཙོ་ཁ་ལ་ཁྱེར་ཏེ་ཚོགས་པ་བཙུགས་པ་ནི། མི་ཚང་རྒྱུ་ཆེན་ཞིག་གིས་འགྲོ་སྟངས་དང་འདུག་སྟངས་སོགས་མི་ཚང་དབུལ་བོ་ཞིག་གིས་ཅི་བཞིན་བྱས་པ་དང་མཚུངས། མི་ཚང་སྐྱོ་བོ་ཞིག་གིས་མི་ཚང་རྒྱུ་ཆེན་གྱི་འགྲོ་སྟངས་བྱས་ན་མི་ཚང་དབུལ་བོ་ཚང་ཚར་རྒྱུ་ཡིན་པ་དེ་རེད།
བསམ་འཆར་འདི་ལྡི་ལིའི་ཞི་བདེ་འགྲོན་ཁང་གསར་པ་ནས་ཁ་ཐུག་བྲིས་པ་ཡིན་པས་ནོར་འཆུག་ཡོད་ན་དགོངས་སེལ་དང་ལྷན་བསམ་འཆར་ལྷུག་བརྗོད་ཡོང་བའི་རེ་བ་ཆེ།
༼ཁྱེད་ཚོས་རང་དབང་ལུང་པ་ནས་ཁ་ཤོམ་འཐེན་བཞིན་འཚེ་བའི་ལས་འགུལ་སྤེལ་ན་དེའི་འཁོན་ལན་རྒྱ་ནག་གིས་བོད་ནང་གི་སྤུན་ཟླ་ཚོ་ལ་རྩོད་རྒྱུ་རེད་ལ། ཁོ་ཚོ་ལ་མནར་གཅོད་དང་རྡུང་རྡེག་ཚད་མེད་མྱོང་ངེས་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ༽རྒྱབ་སྐྱོར་ཡོད།
ཨ་རིག་དགེ་མཐོང་ཞེས་པའི་མཚན་དེ་དྲ་ལམ་ནས་ཐེངས་ཁ་ཤས་ལ་མཐོང་མྱོང་ཡོད་ལ། ཁོང་བོད་མི་ཞིག་ཡིན་པའི་ཆ་ནས་ད་ཐེངས་གཞོན་ལྷན་ཚོགས་པ་འཇིགས་སྐུལ་བའི་ངོ་བོར་སྒྱུར་ཐབས་བྱས་པ་ཡ་མཚན་ལྟ་བུ་མཐོང་སོང་། ང་ཚོའི་ངོས་ནས་གང་ཐུབ་ཀྱིས་རྒྱ་ནག་གི་དབང་བསྒྱུར་ལ་འདོད་པ་མེད་པའི་རྣམ་འགྱུར་སྟོན་དགོས་པ་ཤིན་ཏུ་གལ་ཆེ། དེང་སྐབས་བོད་མི་འགའ་རེའི་རྒྱ་གར་ནང་དུ་རྒྱ་ལ་སྣེ་ལེན་གང་ཐུབ་བྱས་ཏེ་བོད་དོན་ལས་འགུལ་བར་ཁ་རྡུང་གཏོང་གི་འདུག དེ་ཡང་ཡ་མཚན་ཞིག་རེད།
རྒྱ་རིགས་ལ་ཕོག་ཐུག་འགྲོ་མི་ཉན་པ་དང་རྒྱལ་དར་མེར་བསྲེག་བཏང་བར་མ་དགའ་ན། རྒྱ་རིགས་ཚོས་བོད་རྒྱའི་རྒྱལ་དར་ལོགས་སུ་བཟོ་རྒྱུར་ནུས་ཤུགས་འདོན་དགོས། སྐར་ལྔའི་དར་དམར་ག་རེ་བྱས་ནས་མེར་བསྲེག་བཏང་བ་རེད། དེའི་ནང་གི་སྐར་མ་གཅིག་དེ་བོད་མི་མིན་ཟེར་གྱི་ཡོད་པ་རེད། རྒྱལ་དར་དེ་བོད་ཀྱི་མགོ་ཐོག་ཏུ་འཕྱར་ན་མེར་བསྲེག་གཏོང་གི་ཡིན་ཟེར་གྱི་ཡོད་པ་ལས། རྒྱ་ལ་དོན་མེད་འཁོན་སློང་པ་ཞིག་ག་ལ་ཡིན། རྒྱ་རིགས་དོན་དམ་གྱི་མང་གཙོ་དོན་གཉེར་བའི་ཚོས་ད་ལྟའི་རྒྱ་ནག་གི་རྒྱལ་དར་དེར་ངོས་ལེན་མེད་པ་མ་ཟད། མེར་བསྲེག་ཡང་གཏོང་མྱོང་ཡོད་པ་རེད། དེ་ཡང་འཇིགས་སྐུལ་བ་ཡིན་ནམ།
འཚེ་མེད་ཞི་བ་ཞེས་པ་དོན་དམ་དུ་གང་ལ་དགོས་དགོས། གཞན་གྱིས་བཙན་དབང་བྱས་ཏེ་ས་ཕྲོགས། མི་བསད། ཡུལ་དགོན་གཏོར་བཤིག་བཏང་སོང་ན། ད་དུང་དགྲ་ལ་སྣེ་ལེན་བྱས་ཏེ་འདུག་དགོས་སམ། བདག་ཉིད་ཆེན་པོ་གྷན་དྷི་ཡིས་ཞི་མེ་ཡིས་ཙི་ཙི་༼བྱི་བ་ཡིས་བྱི་ལ་༽གསོད་སྐབས། ཙི་ཙི་ཡིས་ཕར་སྦར་ཤད་བརྒྱབ་པ་དེ་འཚེ་བའི་ཕྱོགས་སུ་ལྷུང་མེད་པས། ཁོང་གིས་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། བོད་མི་ཁག་ཅིག་གིས་རང་བཙན་འཐབ་རྩོད་པར་སྡང་ཟུག་དང་། བོད་དོན་ལས་འགུལ་བ་འཇིགས་སྐུལ་བ་ཡིན་པའི་གླེང་ཕྱོགས་བཟོ་དགོས་དོན་གང་ཡིན།
ལི་བྷི་ཡ་སོགས་ཉེ་ཆར་རང་དབང་ཐོབ་པའི་རྒྱལ་ཁབ་ཁག་ཅིག་གི་ནང་དུ་མི་མང་གིས་དྲག་པོའི་གཞུང་ལ་མཚོན་ཆས་ཡ་ལན་སློག་གི་ཡོད་པ་རེད། ཡིན་ཡང་རྒྱལ་སྤྱིའི་ཐོག་ནས་འཇིགས་སྐུལ་བ་རེད་ཟེར་གྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་མི་མང་ལ་གནས་ལུགས་ཡོད་པ་དང་། དྲག་གཞུང་གིས་གནས་ལུགས་ལ་མ་ཉན་པས་རེད། མི་མང་གི་བདེ་སྡུག་དང་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཁྲུག་བྱས་པ་རེད་ཟེར་བ་ལས། འཇིགས་སྐུལ་བ་རེད་ཟེར་མཁན་ཞིག་མི་འདུག བོད་པས་བོད་པ་འཇིགས་སྐུལ་བར་བཟོ་ཐབས་དེ་ཡ་མཚན་རེད།
སོ་སོ་འགུལ་བསྐྱོད་རྒྱག་མ་འདོད་ཀྱང་། གཞན་ལ་ཁ་རྡུང་མ་གཏོང་། སོ་སོ་རྒྱ་ལ་དགའ་ཡང་། བོད་སྤྱི་ལ་བསྙོན་འཛུགས་མ་བྱེད་རོགས།
གླེན་པ་ཨུ་ཚུགས་ཅན་དང་སློབ་སྦོང་ཡག་པོ་མ་ཐེབས་པ་དེ་སོང་འཛམ་གླིང་གི་འགྲོ་ལྟང་མི་ཤེས་པའི་མི་འདི་ཚོ་ལ་ག་རེ་ལོབ་ན་གཅིག་པ་རེད། དཔེ་ན་བོང་བུའི་ཨ་མཆོག་ནང་གསེར་རླུག་དང་བྱེ་མ་རླུག་ཅིག་པ་རེད། ད་མི་རབས་འདི་ཚོའི་རིགས་ཕར་བརྗེ་ཚར་བའི་དུས་སྐབ་ལ་ང་ཚོའི་དཀལ་སྙོག་འདི་སེལ་ཐུབས་པའི་དུས་ཞིག་མི་ཡོང་ངམ།
ཨ་རིག་དགེ་མཐོང་ལགས། དོན་གྲུབ་ལྷ་དར་གྱི་ཁ་གཏད་དུ་ལངས་ཏེ་གཞོན་ནུའི་ལས་འགུལ་ནི་རྣམ་པ་གཞན་ཞིག་གི་ངོ་བོར་བསྒྲུབ་དང་། རངཉིད་ཐེ་བའི་སྤྱི་ཚོགས་འདིའི་ངོ་གདོང་དམར་རྗེན་དུ་བསྟན་པ་རེད། དེའང་ཆབ་སྲིད་འཁྲབ་སྟངས་ཤིག
རྒྱ་རྒན་ཚོས་གཞོན་ནུ་འཇིག་སྐུལ་བར་སྒྱུར་བ་མ་ཟད། བོད་རྒན་འགའ་ཞིག་གིས་ཀྱང་ཞབས་འདེབས་ཞུ་ཡི་འདུག་ག
xxxxxxxxxxxxxxxxxxxxxxxxx
ལོ་སྔོན་མ་ནས་བཟུང་སུམ་ཅུ་དུས་དྲན་སྐབས་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་བོད་ཀྱི་རྩ་དོན་ཆེད་སྐད་འབོད་གནང་སྟེ་ངྷ་ཤོད་དུ་བསླེབས་རྗེས་རྒྱ་ནག་དམར་ཕྱོགས་ཀྱི་མགོ་གཙོ་དག་གི་འདྲ་གཟུགས་ལས་ཏེ་རྒྱ་དར་དང་བཅས་པ་མེ་བསྲེགས་བཏང་བ་སུམ་ཅུ་དུས་དྲན་ལ་ཕེབས་མྱོང་ཡོད་མཁན་ཞིག་ཡིན་ན་ཡིད་ལ་གསལ་ལྷང་ངེར་འཆར་ངེས་རེད། ལས་འགུལ་དེ་དག་ཀྱང་རང་རེའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་དམིགས་ཡུལ་དང་ལང་ཕྱོགས་ཀྱི་ཁ་གཏད་དུ་ལངས་པ་ཨེ་རེད། མེར་སྲེག་གི་ལས་དེར་ཞུགས་པ་ནས་བཟུང་བོད་བཙན་བྱོལ་གཞུང་དམངས་གཉིས་ཀ་འཇིགས་སྐུལ་བའི་ལས་ལ་ཞུགས་པ་རེད་ཟེར་རྒྱུ་ཡིན་ནམ། རྒྱ་དམག་གིས་རང་རེའི་བོད་ཀྱི་རྒྱལ་དར་དང་ ༧གོང་ས་མཆོག་གི་སྐུ་པར་གཙོའི་བོད་ཀྱི་ལྷ་རྟེན་ཆོས་གསུམ་སོགས་མེར་བསྲེགས་དང་རྡོག་བརྫིས་བཏང་ཆོག་ན་ངོ་ཚོས་རྒྱ་ནག་དམར་ཕྱོགས་ཚོགས་པས་ཕྱིན་ཅི་ལོག་གི་རྒྱ་དར་གྱི་འགྲེལ་བཤད་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་རྒྱ་དར་མེར་བསྲེགས་བཏང་བ་ཙམ་གྱིས་ང་ཚོ་འཇིགས་སྐུལ་དྲག་སྤྱོད་པར་འགྱུར་མི་སྲིད་སྙམ། སྐུ་ཞབས་དགེ་མཐོང་ལགས་ཀྱིས ”མདོར་ན། ངས་དཔེ་བདེ་བོ་ཞིག་བཞག་ནས་འབྲི་མཚམས་འཇོག་རྒྱུ་ཡིན། ,,ཟེར། གྲྭ་ས་རྒྱ་མཚོ་ལྟ་བུ་ལས་ལོ་མིང་རིང་རིགས་ལམ་སྦྱང་བའི་མི་བུ་ཞིག་གིས་བྲིས་བ་འདྲ་ཞིག་ཡེ་ནས་མི་འདུག་སྟེ། དཔེ་དོན་རྦད་དེ་མི་འབྱོར་བའི་ཕྱིར་རོ། ། ང་ཚོ་བོད་གཞུང་དམངས་གཉིས་ཀྱིས་དྲང་བདེན་དང་གནས་ལུགས་ཤིག་རྒྱབ་དཔང་དུ་བཟུང་ནས་འཐབ་རྩོད་བྱེད་པ་ལས་དཔལ་འབྱོར་དང་དཔང་ཤུགས་ངོམ་ནས་རྒྱ་ནག་དམར་པོའི་གཞུང་ལ་འཐབ་རྩོད་ནམ་ཡང་གནང་གི་མེད་པ་མཁྱེན་གསལ་རེད། གང་ལྟར་འདིའི་སྐོར་མང་པོ་མང་པོ་ཞིག་བཤད་པའི་དགོས་པ་མ་མཐོང་བས་ཛ་དྲག་གི་གནས་སྐབས་འདིར་མཁས་ཉམས་འདོན་རྒྱུ་ཅུང་ཙམ་བཞག་སྟེ་སོ་སོའི་ཅི་ནུས་ཀྱིས་བོད་དོན་འཐབ་རྩོད་ལ་འབད་རྒྱུ་གལ་གནད་ཆེ་བར་སེམས། ཐུགས་རྗེ་ཆེ།
བློ་མཐུན་ཨ་རིག་ལགས་ཀྱི་གསུངས་པ་དེ་དག་ཞིབ་ཚགས་པོའི་ཐོག་ཀློག་ན་ཚིག་གི་མཛེས་རྒྱན་ཙམ་ལས་དོན་ངོ་མ་རྒྱའི་ལས་དོན་ཚོགས་ཆུང་གི་བཤད་པའི་སྐད་ཆ་དང་གཅིག་པ་རེད་འདུག ད་ལྟ་བོད་པ་བཙན་བྱོལ་བའི་གནས་སྟངས་འདི་སྦྱིན་བདག་དང་། དགུན་ཚོང་ཏོག་ཞིག་གི་འཚོ་བ་སྐྱེལ་ནས་གནས་པ་ལས་འཇིག་སྐུལ་བྱེད་ཡས་ཀྱི་མ་རྩ་མེད་པ་ཚང་མས་ཕྱི་གསལ་ནང་གསལ་རེད། གལ་སྲིད་དྲག་པོའི་ལམ་དུ་བཞུགས་པའི་དབང་དུ་བཏང་ཡང་མཚོན་ཆ་སུས་མཁོ་སྤྲོད་བྱེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཞི་བའི་ལྷན་ཚོོགས་ཤིག་ཡིན་གྱི་དྲག་པོའི་ལྷན་ཚོགས་མིན། དངོས་གནས་དྲག་པོའི་ལས་འགུལ་སྤེལ་མཁན་ཞིག་ཡིན་ན་རྒྱ་གར་གཞུང་གི་བཞག་མི་ཡོང་། རྒྱུ་མཚན་ནི་རྒྱ་མིས་གནོན་ཤུགས་སྤྲོད་ངེས་ཡིན། དྲག་པོའི་ལས་འགུལ་སྤེལ་མཁན་མ་ཡིན་པ་རྒྱ་མིས་ཀྱང་ཤེས་ཀྱི་ཡོད། ཆབ་སྲིད་ཀྱི་རྣམ་པའི་འོག་ནས་ནག་པོ་བཟོ་གང་ཐུབ་བྱེད་ཀྱི་ཡོད། བོད་པ་ཁ་ཤས་ཀྱི་དྲིལ་བསྒྲགས་མཉམ་དུ་བྱས་ན་རྫུན་མ་བདེན་པར་བཟོ་བའི་ཆ་རྐྱེན་སྐྲུན་པ་རེད། ཟླ་བ་གཅིག་གོང་ནས་འབར་རྫས་གཡུགས་སའི་ས་ཁུལ་དུ་ཁ་པར་དང་དྲ་བ་བཀག་ཟིན་པས་ཤུགས་རྐྱེན་གང་འདྲ་ཟེ་སླེབས་པ་རེད། ད་དུང་བློ་མཐུན་ཁོང་ནས་འཚེ་བའི་ངོ་བོར་འགྱུར་སྲིད་པའི་སྐད་ཆ་གཅིག་གླེང་འདུག
འཚེ་བ་མེད་པའི་ལམ་དུ་འགྲོ་ཡང་སྲིད་ལ། འཚེ་བའི་ལམ་དུའང་འགྲོ་སྲིད། འཛམ་གླིང་ཐོར་ཞིག་ཀྱང་འགྲོ་སྲིད། བུ་བུ་མོར་ཡང་འགྱུར་སྲིད། བུ་མོ་བུར་ཡང་འགྱུར་སྲིད་གང་ལྟར་སྲིད་པ་བྱས་ན་ཚང་མ་སྲིད་ཀྱི་རེད། བོད་ནང་གི་རྒྱལ་གཅེས་པ་དེ་དག་དམག་མི་མ་ཡིན་པས་བསམ་བློ་བཏང་ནས་བློས་གཏོང་བྱས་པ་རེད། སོ་སོའི་སེམས་སོ་སོར་ཡོད་པས་བསམ་བློ་གཏོང་ཤེས་ཀྱི་རེད།
རྒྱ་དམར་གྱིས་བོད་མི་རྣམས་ཀྱི་ལས་འགུལ་གང་ཞིག་སྤེལ་ཡང་དེ་དག་ཡོངས་རྫོགས་དྲག་སྤྱོད་དང་འཇིག་སྐུལ། མི་རིགས་ཁ་བྲལ་དང་མི་རྒྱལ་གོང་བུར་གཏོར་བཤིབ་སོགས་ཁ་ངན་ཚིག་ངན་གང་ཐོན་གྱིས་གོ་ལའི་ཧྲིལ་པོ་སྒང་དུ་སྒྲོག་བཞིན་པ་མ་ཟད། ད་དུང་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་བོད་མིའི་ཞི་བའི་ལས་འགུལ་བ་རྣམས་འཇིག་སྐུལ་དྲག་སྤྱོད་རིང་ལུགས་པ་ཡིན་ཚུལ་ཁུངས་མེད་ཀྱིས་འཆར་གཏམ་གང་སར་སྤེལ་བཞིན་པ་དེར་ཡ་མཚན་ཆེ་རྒྱུ་གང་ཡང་མེད། རྒྱ་དམར་གྱིས་བོད་ལ་ལྟ་ཚུལ་ནི་བོད་མི་རྣམས་ནི་རྒྱའི་སྡང་དགྲ་ངོ་མར་ལྟ་བཞིན་པས་ཡིན། འོན་ཀྱང་བོད་གཟུགས་ཀླད་སྟོང་ཁ་ཤས་ཀྱིས་བོད་ཀྱི་ལས་འགུལ་བ་གཞོན་ལྷན་སོགས་འཇིག་སྐུལ་དང་དྲག་སྤྱོད་པར་སྒྱུར་གང་ཐུབ་ཀྱིས་གླེང་ཕྱོགས་སྣ་ཚོགས་བཟོ་བཞིན་པ་འདི་དག་ལ་གཞིགས་ན་ཤིན་ཏུ་ཡ་མཚན་ཆེ། མི་བུ་འདིའི་རིགས་ཀྱིས་དགོས་མེད་དང་དོན་མེད་ཀྱིས་བོད་མི་ནང་ཁུལ་དུ་གླེང་ཕྱོགས་འདིའི་རིགས་བཟོ་མཁན་རྣམས་ལ་དོགས་ཟོན་གནང་དགོས། ཁོ་ཚོས་གང་ཞིག་གླེང་ཕྱོགས་བཟོ་ཡི་འདུག། ཅི་ཞིག་གི་ཆེད་དུ་བཟོ་ཡི་འདུག། རྒྱ་དམར་གྱི་ཁ་ནས་མ་ཐོན་གོང་ནས་རྒྱ་དམར་གྱི་ལྟ་ཚུལ་དང་འདོད་ཚུལ་དག་བོད་མིའི་ནང་དུ་གླེང་ཕྱོགས་བཟོ་དགོས་དོན་གང་ཡིན་ནམ། མི་འདི་ཚོའི་སྙིང་ལ་གདོན་འདྲེ་གང་ཞིག་ཞུགས་པ་ཡིན་ནམ། ཨ་དགེ་ལགས། དངོས་གནས་ང་ཁྱེད་ལ་བགད་ཤོར་སོང་། ད་བྱས་དུས་ཁྱེད་ནི་ཀླད་མེད་མགོ་རིལ་གྱི་སྨྱུག་ཐོག་པ་ཞིག་ཡིན་པར་དངོས་ར་ཕྲོད་ཡོངས་ཀྱིན་འདུག་གོ།
ཨ་རིག་དགེ་མཐོང་ལགས་ཀྱིས་དཔྱད་རྩོམ་སྤེལ་བར་དགའ་བསུ་ཞུ།སྐྱོན་བརྗོད་བྱས་ནའང་བྱས་སྟངས་ཤིག་ཡོད་པ་རེད།ཤིན་ཏུ་ནས་གཟབ་དགོས་པ་ཞིག་ནི།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ལྟ་བ་གུས་བཀུར་ལྷོད་མེད་གནང་བཞིན་ཡོད་དུ་ཆུགས་མོད།ཁོང་ཚོའི་བླངས་ཕྱོགས་ནི་རང་བཙན་རེད་ལ།རང་བཙན་ཕྱིར་ལེན་པའི་ཐབས་ལམ་གང་ཞིག་བསྟེན་མིན་ཡང་གཞོན་ལྷན་ལྟ་བའི་སྟེང་ནས་ངོས་འཛིན་བྱ་རྒྱུ་རེད།དེར་བརྟེན།གནས་བབ་དེ་ལྟར་ཡིན་པ་ཤེས་བཞིན་ཏུ་དང་།རྒྱ་ནག་གི་དམར་དར་འདི་རྒྱའི་མི་མང་གིས་གུས་པ་དང་དགའ་ཞེན་མེད་པ་ཤེས་ན་དུ་ཡང་ནས་བསྐྱར་དུ་འདི་ལྟར་བཤད་དགོས་དོན་གང་ཞིག་ཡིན་ནམ།གལ་ཏེ་རྒྱ་གཞུང་གིས་དང་ཡང་ན་རྒྱ་ནག་མི་མང་ཅི་རིགས་ཀྱིས་བོད་གཞོན་ལྷན་ཀྱི་ལས་འགུལ་ལ་མི་དགའ་ནས་བོད་ནང་དུ་དྲག་སྤྱོད་ལག་བསྟར་བྱས་པ་ཡིན་ན་ནི་ལྔ་དགུ་ལོ་ནས་གཞོན་ལྷན་དབུ་མ་བརྙེས་བར་དུ་བོད་ལ་ཡག་པོ་བྱས་ཡོད་པ་ཡིན་ནམ།རྒྱ་མི་རྣམས་ཀྱིས་ཀྱང་མཐོང་ཆུང་སོགས་གང་ཡང་མི་བྱེད་པ་ཡིན་ནམ།ངོ་མ་ཁྱོད་ཀྱིས་གཞོན་ལྷན་གྱི་བླངས་ཕྱོགས་ཤེས་ནས་འདི་ལྟར་བྲིས་པ་ཡིན་ནམ་?
ཨ་ཨ། དགེ་མཐོང་མ་རེད་འདྲེ་མཐོང་རེད། རྒྱུ་མཚན་འཚེ་བ་ཞེས་པ་དེ་ངོས་འཛིན་ཡག་པོ་ཞིག་ཐུབ་མི་འདུག་ལ་ཞི་བ་དེ་འཚེ་བར་ཁ་བསྒྱུར་ཐབས་བྱས་པ་མ་ཟད་གུང་ཁྲན་གྱི་རོགས་འདེགས་ཡག་པོ་ཞིག་བྱས་འདུག། ཡང་ཅིག་མིན་ན་མིག་ཡ་ཅིག་དེ་ཞར་སོང་བ་འདྲ་ཞི་བའི་ལས་འགུལ་དེ་འཚེ་བར་མཐོང་འདུག། འོ་ན་སྐར་ལྔའི་དར་དམར་གྱི་མཚོན་དོན་ཡག་པོ་ཞིག་ཤེས་ཀྱི་ཨེ་ཡོད། མི་ཤེས་ན་གཞན་ལ་སྐད་ཆ་དྲིས་དང་ཤེས་ངེས། དར་དམར་བསྲེགས་པས་འཚེ་བ་ཅིའི་ཕྱིར་འགྱུར་བ་རེད། ལོ་ཆུང་བྱིས་པའི་གདོང་ལེན་རུ་ཁག་གི་སྐེད་དར་དམར་པོ་དང་དར་དམར་དེ་དམར་ཤོག་རོ་ལངས་རྒྱག་དུས་འཚེ་བའི་སྒོ་ནས་ཚེ་སྲོག་གི་འགྲོ་གྲོན་མང་པོ་བཏང་བའི་མཚོན་དོན་ཡིན་པ་རེད། དེ་འདྲའི་འཇིགས་སུ་རུང་བའི་མཚོན་དོན་དེ་མེར་བསྲེགས་གཏོང་མི་ཆོག་པའི་རྒྱུ་མཚན་ག་རེ་རེད། ཡང་ཅིག་མིན་ན་ཁྱོད་ལ་དགོས་པ་དམིགས་བསལ་བ་ཞིག་ཡོད་རྒྱུ་རེད། དེ་མིན་ན་གུང་ཁྲན་འཐབ་ཕྱོགས་ཅིག་བསྒྱུར་པུས་གླ་རྔན་རྒྱ་ནོམས་པ་རེགས་པ་ཡིན་རྒྱུ་རེད། མིན་ན་འཛམ་གླིང་མི་སུ་ཅིག་གིས་ཀྱང་དར་དམར་མེར་བསྲེགས་ལས་འགུལ་ལ་འཚེ་བ་ཡིན་པ་བརྗོད་མཁན་སུ་ཡང་མི་འདུག། བཤད་རྒྱུ་ཞིག་ཡོད་ན་ཁ་ཀྲུང་ནན་ཧེའེ་ལ་བསྐོར་ནས་མ་བཤད་པར་སྡུག་ཁ་ནང་ལ་བསྐོར་ནས་བཤད་དགོས་དོན་ཅི་རེད། མ་གཞི་འདྲེ་མཐོང་བླར་རྒན་ཁྱོད་ཆབ་སྲིད་ཡག་པོ་ཞིག་ཤེས་ཀྱི་མེད་ན་དགོས་པའི་ནང་ཆོས་ཉམས་ལེན་ཡག་པོ་བགྱིས་དང་འདི་ཕྱི་གཉིས་ལ་ཕན་ངེས་རེད། སོ་སོ་ཁ་ཟས་མཐུན་གཅིག་ཙམ་ཡང་ཟས་གཅད་ངོ་རྒོལ་བྱེད་མི་ཐུབ་པར་གཞན་གྱིས་བྱས་པར་འགྲིག་མི་འགྲིགས་བཤད་རྒྱུ་དེ་བཞག་ན་མ་རེད་པས། ད་དུང་གུང་ཁྲན་ལ་སྤྲེལ་ལད་ཀྱིས་བོད་པ་ནང་ཁུལ་ལ་ཁ་བརྡུང་གཏོང་བ་དེ་མཚམས་འཇོག་མ་བྱས་ན་མཇུག་འབྲས་ལ་འགན་ལེན་བྱེད་རོགས།
ཨ་དགེ་དྲིན་ཆེན་པོ་ལགས། ང་ཁྱོད་ཀྱི་གྲོགས་པོ་ཞིག་པས་ཆ་ནས་ངས་ཁྱོད་ལ་སྙིང་གཏན་ཞིག་མི་བཤད་ག་མེད་ཆགས་བྱུང། གྲོགས་པོའི་བརྩེ་སེམས་མཐུན་ཡང་ལྟ་བ་མི་མཐུན་པ་ཡོད་པས་གནས་ལུགས་ཁྱོས་ཀྱང་རྟོགས་ལ་ངས་ཀྱང་ཤེས་ཡོད། ཤར་ཕྱོགས་ཁུག་རྟ་དང་སྲོང་བཙན་སྒམ་པོ་ཁྱོད་ཚོ་སྐོར་ཞིག་གིས་ཡུམ་དུམ་པ་བཙན་བྱོལ་དང་དབུ་མའི་ལམ་རྫབ་མ་བཞགས་ཐ་ན། ཨ་ཤི་རེ་ཁོ། ཁྱོད་ཚོའི་ཡིད་ལ་འདི་མོ་ཞིག་ཅི་ཡིས་དྲན་ཐ། རང་དབང་ལུང་པ་ནས་ཁ་ཤོམ་འཇེན་བཞིན་འཚེ་པའི་ལུས་སྤེལ་ན་དེའི་འཁོན་ལན་བོད་ནང་གི་སྤུན་ཟླ་ཚོ་རྩོད་རྒྱུ་རེད་དང་ཉེ་ཆར་བོད་ནང་ནས་འགལ་རྫེས་གཏོར་བ་སོགས་ནི་ཕྱི་ལོག་གི་ཤུགས་རྐྱེན་ཐེབས་དོགས་དང་་་ཤར་ཁུག་གྱིས་ཨ་རི་ན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དང་ཟས་བཅད་ངོ་རྒོལ་པ་སོགས་ཁ་བྲལ་པ་རེད་ཟེར་བ་དང་་སྲོང་བཙན་གྱིས་གཞོན་ནུ་ལ་བཏང་པའི་དྲི་བ་བཅུ་ཟེར་པའི་རྩོམ་ཡིག་འདི་དང་སྐད་ཆ་འདི་དག། ངོ་མ་བཤད་ན་ཝིན་ཅྰ་པོ་དང་ཀྲི་ཝེ་ཆུན་་་ཝིང་ལི་ཞོན་སོགས་ཀྱིས་བཤད་པ་སྐྱར་ཟློས་ཙམ་བྱས་པ་དང་གཅིག་པ་རེད། ཁོང་ཚོས་བཤད་ན་རན་པོ་དང་ལན་པོ་ཡོད་རེད་མ་གཏོགས་ཁྱོད་ཚོས་བཤད་ན་རང་མགོ་རྡུང་བྱེད་ཀྱི་སྟ་རེ་ཡིན་ནི་རེད། གཅིག་དེ་རེད། གཉིས། ཁ་སང་ཉེ་ཆར་བཀའ་ཁྲི་ལ་མི་གཅིག་གིས་དྲི་བ་འདི་འདྲ་ཞིག་དྲིས་སོང། གཞོན་ལྷན་གྱིས་ཟས་ལས་འགུལ་རྒྱབ་སྐྱོར་ཡོད་མེད་དྲིས་བྱུང། སྐབས་དེར་ཁོས་དྲིས་ལན་འདི་ལྟར་གནང་བྱུང། སྐབས་དང་དུས་འདི་འདྲ་ཞིག་ལ་ཅིག་གིས་རྒྱབ་སྐྱོར་ཡོད་རེད་་་ཉུག་གིས་རྒྱབ་སྐྱོར་ཡོད་པ་མ་རེད་ཟེར་པའི་དུས་ཚོད་མ་རེད། གཞུང་སྒེར་ཚང་མས་ཞི་པའི་ཐོག་ནས་ལས་འགུལ་སྤེལ་རོགས་གནང། དེ་མིན་ང་ཚོས་ཕན་ཚུན་ལ་ཁ་རྡུང་དང་འགྲིག་མིན་འཇོན་མེད་སྐོར་བགྲོ་གླེང་རྐྱང་རྐྱང་བྱས་བསྡད་ན་ཆུ་ཚོད་འཕྲོ་བརླགས་ཟེར། དེ་ནི་གནད་འགེག་གཅིག་རེད། གསུམ་ཁ་སང་དེ་རང་རྒྱ་མས་ང་ཚོ་ནང་ཁུལ་ལ་དཀྲུགས་ཤིང་འདྲ་མིན་བཟོ་དང་བཟོ་བཞིན་རེད། ཁྱོད་ཚོས་སྐད་ཆ་འདི་ཚོ་རྒྱ་མིའི་ལག་ཆ་ཡག་བྱོས་ཅིག་རེད། གལ་སྲིད་ཁྱོད་རང་ཚོའི་ནང་གི་གཅིག་སང་ཉིན་མེ་སྲེགས་བཏང་ན་་དེ་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་མུན་དང་རྒྱ་མིའི་ལག་ཆ་འགྱུར་མིན་ང་ལ་མཚོན་ན་ཐེ་ཚོམ་རེད། གསལ་བཤད་བྱེད་རྒྱུ་ཞིག་ལ་ངས་ཁྱོད་ཚོ་སེམས་ཤུགས་སྙིང་སྟོབས་རྒྱལ་ཞེན་ཡང་ན་རྒྱ་མིའི་སོ་བ་རེད་ནམ་ཡང་བཤད་ཀྱིན་མེད་ལ་དོགས་པ་ཡང་མེད། ངས་ཁྱོད་ཚོས་སྐད་ཆ་བཤད་ནོར་འདུག་ཟེར་གྱིན་ལ། བསམ་བློའི་ཁོར་ཡུག་དོག་འདུག་ཟེར་གྱིན་ཡོད། དམིགས་བསལ་ཨ་དགེ་ལགས་ལ། ཁྱོད་ངའི་གྲོགས་པོ་ཞིག་ཡིན་པས་ཆ་ནས་ཕྱིན་ཆད་དྲིན་ཆེན་པོ་གཟབ་རོགས་གནང་ཞུ་རྒྱུ་ཡིན། སྐད་ཆ་འདིའི་རིགས་ཁྱོད་ཀྱི་ཁ་ལས་ཡ་གནོད་འགྲོ།
རྒྱ་མིའི་གལ་ཆ་ཡ་འགྱུར་འགྲོ། འདི་ལྷག་བསམ་རྣམ་དག་ཡིན་་་་་ཤེས་མདོགས་འཇོན་མདོགས་མིན་་་
ཨ་རིག་བླ་རྒན་ཁྱོད་རང་གིས་ལས་འགུལ་སྣེ་འཅིག་ཀྱང་སྒྲུབ་རྒྱུ་དང་འགྲུབ་རྒྱུ་མེད་པའི་ཁར་ཅི་ཞིག་ཡར་ལ་ཟུར་ཟ་དང་མར་ལ་སྐྱོན་འདོག་བྱེད་བསྡད་པ་ཡིན། གཞན་གྱིས་སྤེལ་བའི་ལས་འགུལ་ལ་ཅོས་དོག་མ་བྱེད་རོག
བྱེད་རྒྱུ་ཡོད་ན་ཁྱོད་རང་གིས་ལས་འགུལ་ཡང་དག་ཅིག་སྤེལ་ནས་ཤོག། དེ་མིན་འུར་རྒྱག་གི་མ་འདུག་བླ་རྒན
ཨ་རིག་དགེ་མཐོང་ལགས།
ཁྱེད་ཀྱིས་བསམ་ཚུལ་དང་འབོད་སྐུལ་དེ་ཁ་གསང་པོའི་ངང་བཤད་པར་དགའ་བསུ་ཞུ་རྒྱུ་དང་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།
ཁྱེད་ཀྱི་རྩོམ་འདི་ཞིབ་ཕྲ་བཀླགས་ན། གོ་རྒྱུ་ཡོད་ལ་རྒྱུ་མཚན་ཡོད་པ། ཕུགས་རྒྱང་དང་ལྡན་པ་ཞིག་བྲིས་ཡོད་པར་ངོས་འཛིན་བྱ་བཞིན་ཡོད།
རྩོམ་ཡིག་འདི་ཁ་བརྡ་དྲ་བས་ཕྱུར་འཐེན་བྱས་ན་བཟང་། མ་འོངས་རྒྱ་ནག་གིས་གཞོན་ནུ་ཚོགས་པ་འཚེ་བ་བྱེད་མཁན་ཞིག་རེད་ཅེས་བཙན་བྱོལ་བོད་པས་ཀྱང་ཤོད་ཀྱི་འདུག་ཅེས་སྨྲ་སྲིད་ལ། དེ་བཙན་བྱོལ་སྒེར་གཉེར་ཁ་བརྡ་དྲ་བས་ཁུངས་སྐྱེལ་བྱེད་སྲིད། ཁ་བརྡ་དྲ་བར་ཡང་བཟང་ཉེས་དབྱེ་འབྱེད་བླང་དོར་སྒྲིག་གཞི་ཞིག་དང་དམིགས་བསལ་དེ་ཐོག་སྟངས་འཛིན་བྱེད་མཁན་གྱི་ཚོགས་ཆུང་ཞིག་དགོས་ཀྱི་འདུག
རྩོམ་ཡིག་དེ་རིང་དྲགས་པ་དང་། བརྗོད་བྱ་མང་པོ་མཉམ་བསྲེས་བྱས་འདུག་པས་ཆ་ཚང་བལྟ་ཀློག་བྱེད་འདོད་མ་བྱུང་། བསམ་ཚུལ་གཅིག་ལ་གཞོན་ནུ་ལྷན་ཚོགས་ཀྱིས་དགྱ་མིའི་རྒྱལ་དར་བསྲེགས་པར་སྐྱོན་བརྗོད་བྱས་ཁུལ་ཡིན་འདུག སྒྲུབ་བྱེད་དུ་ཞི་བདེ་དང་འཚེ་བ་མེད་པའི་སྐོར་བཤད་འདུག
དངོས་གནས་ཐར་པ་དོན་གཉེར་བའི་སྐད་ཆ་རང་རེད། འབྲི་མཁན་གྱི་མིང་ལ་ཨ་རིག་དགེ་མཐོང་ཟེར་གྱིན་འདུག་པས་དགེ་བའི་ལས་ཁོ་ན་མཐོང་གི་ཡོད་ཚོད་འདུག
ངས་བཤད་འདོད་པ་ནི། ང་ཚོས་ཞིབ་ཏུ་བསམ་ཞིང་འདས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ན། འཐབ་རྩོད་གང་འདྲ་ཞིག་ཡིན་ནའང་ཞི་དྲག་ཅི་རིགས་ཀྱི་སྒོ་ནས་ལས་འགུལ་རྣམ་པ་འདྲ་མིན་སྤེལ་དགོས་རྒྱུ་ཆེས་གལ་འགངས་ཆེ། དེ་དང་དེའི་ཚོད་ཀྱིས་བཟང་ངན་ལ་མི་བལྟོས་པའི་གྲུབ་འབྲས་འཐོབ་རྒྱུ་གདོན་མི་ཟ་བ་ཞིག་རེད།
དཔེར་ན། རྒྱ་གར་རང་དབང་འཐབ་རྩོད་ཁྲོད་གྷན་དྷིའི་འཚེ་བ་མེད་པའི་ལས་འགུལ་སྤེལ་བའི་མོད་ལ། ཅན་དྷཱ་བྷོ་སི་སོགས་དྲག་པོ་འཐབ་རྩོད་ཀྱི་ལས་འགུལ་ཕྱོགས་གཞན་ཞིག་ནས་སྤེལ་བ་སོགས་ལས་གྲུབ་འབྲས་ཐོབ་ཡོད་པ་གསལ་པོ་རེད། ཁྱོད་རང་གིས་བསམ་ཚུལ་ནི་བསམ་ཚུལ་རེད་མོད། ཕྱིན་ཆད་གཟབ་ནན་དང་ཆབ་སྲིད་ལོ་རྒྱུས་ལ་སློབ་སྦྱོང་མང་ཙམ་བགྱིས་ཤིག བཀུར་འོས་ཐར་འདོད་དགེ་འདུན་ལགས།
ཨ་རིག་དགེ་མཐོང་ཟེར་བ་འདི་མི་རིག་པ་རྒོད་པོ་ཁ་བདེ་ལྕེ་བདེ་ཞིག་ཡིན་པ་མ་ཟད།བདེན་པ་སྨྲ་ལ་དགའ་བའི་མི་བཤིས་བཟང་བོ་སྙིང་སྟོབས་ཅན་ཞིག་ཡིན་པ་འདྲ།ཉེ་སྔོན་ཀྲུའུ་ཝེ་ཆོན་གྱིས་རྒྱ་ནག་དམར་ཤོག་སློབ་གྲྭའི་ཚགས་པར་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ། མི་རིགས་རང་སྐྱོང་སྲིད་ཇུས་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོའི་འདུ་ཤེས་སྐྱེད་སྲིང་བྱ་དགོས་སྐོར་བརྗོད་འདུག་་་ཨ་རིག་ལགས།་རྩོམ་འདི་ལ་རང་གིས་དགོངས་ཚུལ་ཞིག་གསུང་རོགས་གནང།
དེང་སང་ཚང་མས་སྨྱོ་གཏམ་རྐྱང་རྐྱང་བཤད་བསྡད་འདུགརྗེས་མ་ཀྲུའི་ཝེ་ཆོན་གྱིས་དཔྱད་རྩོམ་སྤེལ་དུས་ལུང་འདྲེན་བྱེད་ན་ཐང་།ཐད་ཀར་ཀྲུང་གོ་དྲ་བར་ཐོངས་དང་དེ་ལས་ཡག་ཀ་རྩོམ་ཡོན་མི་ཉུང་བ་ཞིག་རེག་སྲིད་།ད་དུང་་་་་་་་
ཇི་ཡང་མི་ཤེས་པའི་བླུན་པོ་ལུག་ལྟ་བུ་དོན་འགྲུབ་ལྷ་དར་ཟེར་པས་རྒྱའི་རྒྱལ་དར་མེ་བསྲེག་གི་ལས་འགུལ་སྤེལ་བ་ནི་དངོས་གནས་འཚེ་བའི་ལས་འགུལ་གྱི་ཕྱོགས་སུ་ཁ་བསྒྱུར་པ་རེད། སྤྱི་བཏང་སེམས་ཤུགས་ཡོད་འདོག་འདོག་བྱས་ཏེ་རང་དབང་ལུང་པ་ནས་ཁ་ཤོམ་གནམ་ལ་མི་ཤོང་བ་དེ་འདྲ་འཐེན་ནས་རྒྱབ་མདུན་ལ་ལྟ་མ་ཤེས་ན་ནམ་ཞིག་ཕག་གིས་ས་སློག་ནས་མཆུ་ཏོ་བྲག་ལ་ཐུག་པ་དང་གཅིག་མཚུངས་ཡོང་སྲིད་པ་རེད། ངས་ཕར་བལྟས་ན་རྒྱ་དམར་གྱིས་གཞོན་ནུའི་ཉམས་ཚོད་བླངས་ཚར་ཡོད་པ་རེད། དེ་སྔོན་༢༠༠༨ཡར་སྔོན་ལ་རྒྱལ་སྤྱིའི་རྩེད་འགྲན་ལ་གཞོན་ནུས་གནོན་ཤུགས་སམ་ལས་འགུལ་དེ་འདྲ་སྤེལ་ཨེ་ཡོང་སྙམ་ནས་གཞོན་ནུ་ཚོགས་པ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་པ་རེད། དེ་ནས་༢༠༠༨ལོའི་རྒྱལ་སྤྱིའི་རྩེད་འགྲན་སྐབས་གཞོན་ནུས་གང་ཡང་ནུས་པ་མ་ཐོན་པ་ཤེས་རྟོགས་བྱུང་བ་མ་ཟད་གཞོན་ནུ་ཚོགས་པར་དེ་ཙམ་གྱིས་དོ་སྣང་སྤྲད་མི་དགོས་པའང་ཤེས་ཚར་རེད། ད་དུང་རྒྱ་ཕྱོགས་ནས་གཞོན་ནུ་ཚོགས་པ་ཏཱ་ལའི་བླ་མའི་དམག་རེད་ལབ་ནས་ཚུར་གཞི་མེད་སྐྱོན་འཛུགས་བྱེད་བྱེད་ཀྱིན་ཡོད་པ་རེད། ལྷག་པར་དུ་བོད་རྒྱ་འགྲེལ་མཐུད་དང་གྲོལ་མོལ་དེ་ཚོ་མི་ཡོང་བ་ལ་གཞོན་ནུའི་ལས་འགུལ་ཁ་ཤས་སྣང་བར་མ་སོང་བར་རང་གཞུང་ལ་ཚུར་དེས་སྐྱོན་འཛུགས་བྱེད་ཀྱིན་ཡོད་པ་རེད། དེ་ལྟར་བྱས་ནས་ད་དུང་དུས་ཚོད་བསྐྱལ་སྡད་ན། ནམ་ཞིག་རང་བཙན་ཡང་མི་རག རང་སྐྱོང་ཡང་མི་རག བར་མདོ་ནས་སེམས་ཤུགས་ཅན་གྱི་མི་མང་པོ་ཞིག་གི་ཚེ་སྲོག་དེ་ཆུད་ཟོས་སུ་འགྲོ་ཉེན་ཏན་ཏན་འདུག་བསམ་ནས་སེམས་ཁྲེལ་ཆེ། དེས་ན་ཚང་མས་དེའི་ཐོག་དགོངས་པ་བཞེས་ནས་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེ།
ངའི་རྩོམ་ཡིག་འདི་བཀླགས་རྗེས་ང་ལ་དམིགས་བསལ་གྱིས་སྐྱོན་བརྗོད་དང་གོ་བ་ལྡོག་ཕྱོགས་ནས་བླངས་པ་དག་ནི་ཁྱེད་རང་ཚོའི་རང་དབང་ལོངས་སུ་སྤྱོད་རྒྱུ་ཞིག་ལ་ངོས་འཛིན་རྒྱུ་ལས་བྱ་ཐབས་མ་མཆིས་སོ།།
འོན་ཀྱང་ཡིད་སྐྱོ་ནི་ཞིག་ལ་བོད་པ་ཚོས་ད་དུང་བོད་ཡིག་ལྟ་ཀློག་བྱེད་ཁུལ་གནང་ཡང་ནང་དོན་མི་གོ་བ་འདི་རེད། ང་ལ་བསྟོད་ར་མི་དགོས་པར་ཁྱེད་ཅག་གི་ལྟ་བ་དངོས་དང་གླེན་རྟགས་ཐུ་མོ་དེ་ཚོ་དགོས།
དབུས་གཙང་འཁྲུག་པས་བོད་ཀྱི་ལ་རྒྱ་ཉམས། །
ཁྱིམ་རྒྱུད་འཁྲུག་པས་ཕག་གྲུའི་དབང་ཐང་ཉམས། །
ཀར་དགེ་འཁྲུག་པས་བསྟན་པའི་སྙིང་པོ་ཉམས། །
ནང་འཁྲུག་བྱས་ན་ནམ་ཡང་ཉམས་པར་འགྱུར། །
༼སྡེ་དགེ་ཐུབ་བསྟན་ཕུན་ཚོགས།༽
ཤེས་རབ་ཅན་ཡིན་ན་ཕྱོགས་གང་ནས་ཀྱང་གནད་ཆེན་པོ་རེ་རྙེད་ནུས་པས་ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་འདི་གཉིས་ཀ་ཡང་རྣམ་དཔྱོད་ཀྱི་ལམ་མ་ཡིན་ནོ། ། ༼དགེ་ཆོས།༽
མཆན་འདེབས་མཁན་ཡོངས་ནས་བསླབ་བྱ་འདི་གཉིས་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་འདུག
ལུང་རིགས་ཀྱི་ཁུངས་ལུང་དྲངས་ནས་ཡིན་མིན་དབྱེ་བསལ་བྱ་དགོས་ཀྱི་རང་བཞིན་ལ་ཁྱོད་ཀྱི་ཁ་དང་ངའི་སྣ་ཡི་རྩོད་པ་བརྩད་བསྡད་ན་དུས་ཚོད་འཕྲོ་བརླགས་དང་ནང་འཁྲུག་གི་རྐྱེན་ཙམ་ལས་ཅིར་ཡང་མི་འགྱུར་བ་མཁྱེན་པར་མཛོད།
ཕྱེ་མ་ལེབ་མེ་ལ་ལྕེབ་ཅིང་སྒོ་ང་བྲག་ལ་བརྡབ་པའི་དཔེ་མཚོན་དེར་བསླབ་བྱ་ཡག་པོ་ཞིག་ལེན་རོགས། རྒྱ་མིའི་ལས་ཁུངས་ནང་འབར་རྫས་གཡུགས་ནས་འགས་གཏོར་བྱུང་བ་སོགས་དྲག་སྤྱོད་ཀྱི་ལམ་དུ་ཞུགས་པའི་བློ་ཕམ་གྱི་རང་བཞིན་དེ་རིགས་ལ་གཟབ་དགོས་པ་ཡིན། དེ་ལ་རྒྱ་དཔོན་ཚོས་བསམ་གཞིགས་བྱེད་རྒྱུའི་ཚབ་ཏུ་ཁོང་ཁྲོའི་མེ་ལྕེ་འབར་ནས་ཉེས་མེད་བོད་པ་མང་པོས་སྡུག་པོར་གཏོང་རྒྱུ་ཉག་གཅིག་རེད། བོད་ནང་ཉེན་ཁ་ཆེ་བའི་ཚར་གཅོད་དང་དམ་བསྒྲགས། གཉའ་གནོན་ཡོང་རྒྱུ་གདོན་མི་ཟ་ལ། འདི་ལ་ངེས་བར་དགོངས་པ་བཞེས་དགོས། །
དམིགས་ཡུལ་ཡག་པོ་ཡིན་ཡང་ལས་འགུལ་སྤེལ་སྟངས་ནོར་མི་ཉན་་་་རྒོད་པོ་ཚོ་་་་་་དྲག་སྤྱོད་པ་རེད་ཅེས་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་བྱས་ན་མ་བཟང་ནི་རེད།
གཞོན་ནུ་ནི། གཞོན་ནུ་རེད། འཚེ་བ་ནི། འཚེ་བ་རེད། ལས་འགུལ་ནི། ལས་འགུལ་རེད། ལགས་མེ་པེ། ལགས།
ཨ་རིག་ཚང་ལ་འདི་ལྟ་བུའི་རྒུན་རྒན་ཞིག་སྐྱེས་པ་ངོ་མ་ཡིད་སྐྱོའི་གནས་རེད། མི་འདིས་རང་ཉིད་སྤྱི་ཚོགས་སུ་གྲགས་འདོད་ཁོ་ན་གཉེར་བ་ལས་ཕན་ཐོག་པ་དང་དོན་འབྲས་ལྡན་པའི་ལས་ཀ་སྣ་གཅིག་ཀྱང་ལས་མ་མྱོང་ལ། ལས་ཐུབ་ཀི་ཡང་མ་རེད། མ་གཞི་དེང་གི་དུས་ཚོད་འདི་འདྲ་ཞིག་ལ་བོད་མི་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་པའི་དུས་ཚོད་མིན་མོད། རྒྱའི་དར་དམར་དེ་མེར་བསྲེགས་པས་བོད་མི་དམངས་ཀྱི་སེམས་སུ་ཕོག་བཏང་བ་ཁྱོད་ལ་སུས་བཤད་སོང་། གང་དུ་བྲིས་འདུག གང་ནས་མཐོང་སོང་། ཁྱོད་དང་ཁྱོད་ལྟ་བུ་རེ་འགའི་སེམས་སུ་དེ་འདྲ་དྲན་ཡོད་ཚོད་ལ། དེ་ནི་ཁྱོད་ཚོ་བསམ་རྒྱུའི་ཕོངས་ཤིང་བཤད་རྒྱུ་བྲལ་བས་མ་གཏོགས། རྒྱས་དར་ཆ་དམར་པོ་གུང་ཁྲན་ཏང་གི་བཟོས་པའི་དམར་པོའི་སྲིད་གཞུང་གི་ཁྲག་དར་རེད་མ་གཏོགས། རྒྱ་ནག་མི་དམངས་ཀྱི་རང་དབང་དང་དམངས་གཙོའི་དར་ཆ་མ་རེད། དེ་བས་ཀྱང་མི་རིགས་ང་དྲུག་གི་འདོད་པའི་རྒྱལ་དར་ནི་དེ་བས་ཀྱང་མ་རེད།
བོད་ཀྱི་གཞོན་ལྷན་ནི་བོད་རང་བཙན་གཙང་མ་འདོད་མཁན་ཞིག་ཡིན་པས་ཆ་ནས་རྒྱའི་བཙན་གནོད་བོད་གནོན་དང་དབང་བསྒྱུར་ལ་ངོ་རྒོལ་དང་། བོད་རང་བཙན་ཡིན་པར་འདོད་མཁན་ཞིག་ཡིན་པའི་ཆ་ནས་རྒྱའི་ཁྲག་གིས་འཚོས་པའི་དར་དམར་དེ་མི་འདོད་པ་མ་ཟད། དེའི་འོག་ཏུ་འདུས་པའི་མི་རིགས་ཚང་མ་ས་མི་འདོད་པས་ན། དེ་མེར་བསྲེགས་པར་ཁྱོད་སྙིང་ན་དོན་གང་ཡིན་ནམ། བོད་ལ་རང་སྐྱོང་དང་རང་དབང་བཙན་གང་ཞིག་དགོས་ཀྱང་དེང་གི་རྒྱའི་དར་ཆ་དམར་པོ་འདི་དགའ་ཞིང་སྤྲོ་བཞིན་མགོ་ཐོག་ནས་ལྷབ་ལྷུབ་ཏུ་གཡོ་བར་འདོད་ཨེ་ཡོད་ན་བསམ་གི ད་ཁྱོད་དང་ཁྱོད་འདྲ་བ་ཚོས་བླུན་རྟགས་མི་སྟོན་པར་ཡིག་འབྲི་གཅིག་འབྲི་ཤེས་ནའང་ཁ་རྒྱའི་ཕྱོགས་ལ་བསྐོར་རོགས་ཞུ། དེ་མིན་རེ་ཞིག་ཁ་ཁུ་སུམ་མེར་བཞུགས་རོགས་ཐུསག་རྗེས་གཟིགས། དེང་གི་དུས་འདིར་བོད་མིའི་ནང་ཁུལ་ལ་དཀྲོགས་གཏམ་དང་དཀྲུགས་ཤིང་འཕེན་པའི་དུས་ཚོད་མ་རེད། རང་ཉིད་ལས་འགུལ་འདིའི་རིགས་ལ་མི་དགའ་ཡང་གཞན་གྱིས་བྱེད་པར་བགེགས་བར་ཆད་མ་གནང་རོགས།
སྐད་ཆ་དང་གནད་དོན་ཚང་མ་བསྲེས་བསྲེས་བཏང་ནས་བཤད་པ་དང་གོ་རྒྱུ་བླངས་པ་གཉིས་ཀ་ནོར།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཞེས་མིང་གཅིག་འཁྱེར་ནས་འདི་ལྟར་རྒྱལ་ཁབ་ཆེན་པོ་ཞིག་གི་རྒྱལ་དར་མེར་བསྲེགས་བཏང་པར་མི་ཚད་ད་དུང་རང་བཙན་མ་འཐོབ་བར་དུ་གཏང་ངེས་ཡིན་ཟེར་བ་ནི།
ལྐུགས་རྟགས་ནང་ནས་གླན་རྟགས་དང་། འཚེ་མེད་ཞི་བ་དང་བྱམས་སེམས་ཆེས་ཆེར་འབོད་པའི་བོད་རིགས་སྤྱིའི་མིང་ཐོག་ནས་ཞབས་འདྲེན་ཞིག་ཀྱང་ཡིན་པར་འདོད་དོ།།
དེང་སང་ད་ལོས་རྩོག་ན་ཨ་རིག་གླེན་པས་བོད་ལ་བཀའ་སྩོལ་གི་ཡོད་པ་རེད། ་དུས་སྙིགས་ནི་མ་རེད་ཅི་ཞིག་རེད། བོད་ཚར་ནི་མ་རེད་ཅི་ཞིག་རེད།
སྐར་ལྔའི་དར་དམར་མེ་ལ་བསྲེགས་པ་ནི། རྒྱ་གཞུང་གི་འཁྲེགས་འཛིན་གྱི་ལྟ་བ་ལ་ངོས་ལེན་མེད་པ་དང་། རྒྱ་ནག་གི་བོད་ལ་གཏད་པའི་སྡུག་བསྔལ་རྣམས་བཟོད་ཐབས་མེད་པའི་མཚོན་བྱེད་ཙམ་ལས། འདི་ནི་དྲག་རྒོལ་དང་། རྒྱལ་སྤྱིའི་ཁྲིམས་དང་འགལ་བ་གང་ཡང་མ་རེད། དེས་ན། གཞོན་ནུ་ཚོགས་པ་དང་པོ་མགོ་བཙུགས་པ་ནས་བོད་ཀྱི་བདེ་དོན་ཆེད་ལྟ་བ་དང་ལས་འགུལ་གསར་པ་ཞིག་ཁུར་ནས། ང་ཚོའི་མིག་མདུན་དུ་སླེབ་ཡོང་གི་ཡོད་པ་དང་པོ་ནས་མཁྱེན་དགོས་པ་གལ་ཆེ། མ་གཞི་གཞོན་ནུ་ཚོགས་པས་ལས་འགུལ་གང་སྤེལ་བོད་གཞུང་དང་མ་མཐུན་ཡང་སྐྱོན་ཅི་ཡོད་དེ། གལ་སྲིད་བོད་གཞུང་གིས་གང་བྱེད་པ་རྣམས་གཞོན་ནུ་ཚོགས་པས་དགོས་ན། གཞོན་ནུ་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་ཡང་ཅི་ཡོད། གཞོན་ནུ་ཚོགས་པས་རྒྱལ་དར་མེ་ལ་བསྲེག་པ་ནི། ཚོགས་པ་རང་གི་ལྟ་གྲུབ་དང་མཐུན་པའི་ལས་འགུལ་ཤིག་ཡིན་པས། འདི་དགོས་ངེས་ཤིག་ཏུ་མཐོང་སྟེ། རྒྱལ་དར་བསྲེག་པ་རྒྱ་གཞུང་དང་། རྒྱ་ནག་མི་མང་གིས་མཐོང་ན། ཁོ་ཚོའི་སེམས་ལ་རང་བཞིན་གྱིས་ཚོར་སྣང་ཞིག་འབྱུང་གི་རེད་ལ། ཚོར་སྣང་དེའི་རྗེས་སུ་དྲི་བ་ཞིག་ཀྱང་དབང་མེད་དུ་སླེབ་ཡོང་བ་ནི་ལྡོག་ཏུ་མེད་པ་རེད། ཚོར་སྣང་དེ་དང་དྲི་བ་དེ་གཉིས་ལ་བརྟེན་ནས་ཁོ་རང་ཚོའི་རྩ་ཁྲིམས་ལ་མཐར་བསམ་གཞིག་ཅིག་མ་བྱེད་རང་བྱེད་ཆགས་པ་མིན་ནམ། དབུས་གཞོན་ནུ་ཚོགས་པའི་ལས་འགུལ་ལ་སྙིང་ནས་ཡི་རངས་དང་གུས་བཀུར་བླ་མེད་ཡོད།
ཆ་ཚང་ཞིག་ཀློག་འདོད་མ་བྱུང་།
ཡང་དབུ་མིའི་ལམ་དང་རང་བཙན་གྱི་སྐོར་རེད་འདུག
གཞན་རྒྱ་ནག་གི་རྒྱལ་དར་མེ་བསྲེགས་ལ་བཏང་བར་བློ་ཕམ་ཡོད་ཚུལ་བརྗོད་འདུག
ཚིག་ལ་སྙན་ཆ་ལྡན་ཡང་དེ་ཙམ་ཞིག་རེད་དོ།།
གཞོན་ལྷན་ལ་བསམ་འཆར་ཡོད་ན་ཐད་ཀར་གཞོན་ལྷན་དང་བཀའ་མོལ་གནང་ན་ཡག་གི་རེད། དྲ་ཐོག་ལ་རྩོམ་འདི་འདྲ་སྤེལ་བསྡད་ན་དགྲ་དགའ་གཉེན་སྡུག་གི་རྒྱུ་ལས་མི་འདུག་པས་ཐུགས་བསམ་ཞིབ་མོ་བཞེས་གལ་མཐོང་།
དགེ་མཐོང་མ་རེད།་ལོང་ང་རེད།་བོད་ཀྱི་བདེན་དོན་མ་མཐོང་རེད
ཁྱོད་ཀྱིས་གཞོན་ནུ་ལྷན་ཚོགས་ལ་དགྲར་བལྟས་ནས་རྒྱལ་དར་མེར་སྲེག་བཏང་བ་འཚེ་བ་ཡིན་པར་བསྒྲུབས་ན།་དོན་དུ་ཕྱི་ལོ་་༡༩༥༩་ནས་་༢༠༠༢་བར་བཙན་བྱོལ་བོད་མིས་རྒྱ་གཞུང་གི་རྒྱལ་དར་མེར་སྲེག་བཏང་བ་འཐབ་རྩོད་ཀྱི་ཟིན་ཐོ་ཡིན་པས།་ཁྱོད་ཀྱི་བཙན་བྱོལ་བོད་མིའི་ལས་འགུལ་སྤྱི་ཡོངས་འཚེ་བ་ཅན་དུ་བསྒྲུབས་པ་ཡིན།་
བོད་ནང་འབར་རྫས་བཞག་པ་སོགས།་གཞོན་ནུའི་བརྒྱུད་སྐུལ་རེད་ཟེར་ན།་དེ་ནས་རྒྱུན་ལྡན་རྒྱ་གཞུང་གིས་བཤད་པ་དང་གཅིག་མཚུངས་སམ།་དེར་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཡོད་པས།་དེ་ནི།་བོད་ཀྱི་དགོས་མཁོ་མིན་པར།་རྒྱའི་དགོས་མཁོ་ཁོ་ན་རེད
གཞོན་ལྷན་དེ་མི་རེ་ཟུང་གིར་གར་འཁྲིད་གར་བཤད་ལྟ་བུར་བརྩི་བ་ནི།་ཁྱོད་ཀྱི་གཞོན་ལྷན་ལ་མཐོང་ཆུང་མང་དྲགས་པས་རེད།་གཞོན་ལྷན་ནི།་ལངས་ཕྱོགས་དང།་སྒྲིག་འཛུགས་ཡོད་པ་ཞིག་ཡིན་པས།་མི་རེ་ཟུང་གིས་ཁ་ལོ་སྒྱུར་ས་ཞིག་མ་རེད་ལ།་དེ་བས་ཀྱང་ཁྱོད་ལྟ་བུས་ཁོང་ཚོར་བཀོད་པ་དང་འཇིགས་སྐུལ་ཅི་ཞིག་བྱས་ཀྱང།་ཁོང་ཚོས་སྒུར་མི་སྲིད་པ་ནི།་ཁྱོད་ཀྱིས་སློབ་གསོ་དང་འཇིགས་སྐུལ་ལ་མ་ལྟོས་པར།་་ལོ་གསར་་༢༩་དགོང་མོར་རྒྱ་དར་ཆེན་པོ་ཞིག་གདེངས་སྤོབས་ཐོག་ནས་མེར་སྲེག་བཏང་སོང་བ་མཐོང་མ་སོང་ངམ།་
ད་དུང་ཁོས་འདི་ནས་རྒྱ་དར་མེར་སྲེག་ན་རྒྱ་མི་རིགས་ལ་ཕོག་ཚུལ་དང།་འཚེ་བ་ཡིན་པ་བཤད་འདུག་་་ཡང་བོད་ནང་ནས་དེ་ལྟར་བྱས་ན་ཡག་པོ་ཡིན་ཚུལ་བརྗོད་འདུག་་ངོ་མ་མི་འདི་ལྗིད་ཁོག་དང་རང་ཚུགས་མེད་པའི་གཡོ་ཅན་ཞིག་རེད་འདུག
ཁོས་ཆབ་སྲིད་དང་འཐབ་རྩོད་མི་ཤེས་པ་མ་ཟད།་་་་་ཁོས་འཚེ་བ་མེད་པའི་གོ་དོན་ཡང་ཤེས་མི་འདུག་པ་ནི།་གདན་ས་གྲ་ཚང་གི་ཞབས་འདྲེན་ཀྱང་རེད།
དགྲ་བོའི་རྒྱལ་དར་གྱི་འགྲེལ་བཤད་དང་འཐབ་རྩོད་མི་ཤེས་མཁན་དང།་དགྲ་བོའི་རྒྱུག་ཁྱི་ཚོས་བཤད་ཡམ་ལ་ཉན་མི་དགོས་པར།་གཞོན་ལྷན་གྱིས་མུ་མཐུད་དགྲ་བོའི་རྒྱལ་དར་མེར་སྲེག་གཏོང་རོགས།་དེ་ནི་འཐབ་རྩོད་ཀྱི་ངོས་འཛིན་དང།་ལོ་རྒྱུས་སྲུང་སྐྱོབ་ཡིན།
ཨ་རིག་དགེ་མཐོང་ལགས།་ཁྱོད་དངོས་གནས་བུ་རྒོད་པོ་ཞིག་རེད།ཁྱོད་རྩོམ་པ་པོ་ཞིག་ཀྱང་ཡིན་པ་འདྲ།ངས་རེ་བ་ཞུས་པ་བཞིན་ཁྱོད་ཀྱིས་ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་དེར་ལན་ཞིག་འབྲི་བཞིན་ཡོད་ངེས།བྲིས་ནས་ཚར་སོང་ངམ།གང་མགྱོགས་དྲ་ངོས་ལ་འདོན་རོགས་གནང།་ཐུགས་རྗེ་གཟིགས།བུ་རྒོད་པོ།ད་ཡིན་དཱ།
ཨ་རིག་དགེ་མཐོང་ལེགས།ཁྱོད་དངོས་གནས་བུ་རྒོད་པོ་ཞིག་རེད།རྩོམ་པ་པོ་ཞིག་ཀྱང་ཡིན་པ་འདྲ།ཁྱོད་ལ་་ངས་རེ་འདོད་ཞུས་པ་བཞིན་ཀྲུའུ་ཝེ་ཆོན་གྱི་རྩོམ་དེར་ངེས་པར་དུ་ལན་ཞིག་འབྲི་བཞིན་ཡོད་ངེས།ད་བྲིས་ནས་ཚར་སོང་ངམ།གང་མགྱོགས་དྲ་ངོས་ལ་འདོན་རོགས་གནང།ཐུགས་རྗེ་གཟིགས།བུ་རྒོད་པོ།་ད་ཡིན་དཱ།
རྡོ་རིག་པའི་མདའ་མོ་འདི་ས་གནས་གཞོན་ནུའི་བཟོད་པ་ཟེར་བ་དེ་ཡིན་ས་རེད། ཁྱེད་ནས་ཚིག་བཙོག་པ་བཤད་ནས་ག་རེ་བྱེད་དམ། རྒྱུ་མཚན་ཤོད་དང་།་དགེ་མཐོང་གིས་ནག་མོ་ཇོ་འཛིང་བྱེད་ཀྱི་མི་འདུག་ལགས།
རྒྱལ་དར་མེར་སྲེག་བཏང་ནས་རྒྱ་མི་ས་ཡ་མང་པོ་ཁོང་ཁྲོ་བསློང་རྒྱུ་ལས་ དོན་ངོ་མ་བོད་དོན་ཐོག་ཕན་ཐོག་གང་ཞིག་ཡོང་རྒྱུ་རེད་ ?
༧གོང་ས་མཆོག་ནས་བོད་རྒྱ་མི་རིགས་གཉིས་བར་མཐུན་འབྲེལ་གོང་འཕེལ་ངང་གྲོས་མོལ་གྱི་ལམ་ནས་བོད་དོན་གསེལ་ཐབས་གནང་བའི་བཀའ་སློབ་རིམ་པ་གནང་བཞིན་དུ་ གཞོན་ལྷན་རྒྱུན་ལས་འགའ་ཞིག་ནས་བོད་རྒྱ་མི་རིགས་ཀྱི་མཐུན་འབྲེལ་ལ་གནོད་གཞིའི་ལས་དོན་རྒྱལ་དར་མེར་སྲེག་གཏོང་རྒྱུའི་ལས་མགུལ་འདིར་མོས་མཐུན་མེད་ རྒྱལ་དར་མེར་སྲེག་གཏོང་བའི་དོན་རྐྱེན་དེ་རྒྱ་དམར་གཞུང་ནས་རྒྱ་མི་རིགས་ནང་ཁྱབས་སྤེལ་ཤུགས་ཆེ་དང་བེད་སྤྱོད་ལོག་པ་བྱས་ཏེ་མཐའ་དོན་རྒྱ་དམར་གཞུང་དམངས་ཀྱི་ཁོང་ཁྲོའི་ཉེས་པ་དེ་བོད་ནང་གི་བོད་རིགས་སྤུན་ཟླ་ཚོར་སྤྲོད་རྒྱུ་ཡིན་པ་ཤེས་གསལ་རེད་ ལས་མགུལ་འདི་བོད་དོན་དང་བོད་མི་རིགས་ལ་གནོད་ཆེ་བ་ལས་ཕན་ཐོག་ཡོད་པ་ཞིག་མངོན་ཞི་མི་འདུག་ བསམ་ལོ་ཟབ་ནན་བཏང་སྟེ་ལས་མགུལ་འདིར་སྐྱར་ཞིབ་བྱེད་དགོས་ཞི་འདུག་ བོད་དོན་ཆེད་ལས་མགུལ་འདི་མིན་ལེ་ ཐབས་ལམ་གཞན་རྫོགས་སོང་བ་ཡིན་ནི་མ་རེད་ ཨ་རིག་དགེ་མཐོང་གི་བསམ་ཚུལ་ལ་མོས་མཐུན་ཡོད་།
དེང་སང་ང་ཚོའི་ཁ་བྱང་ཡོངས་རྫོགས་བརླག་ཟིན་འདུག སྔར་སྐལ་བ་བཟང་དུས་བོད་གཞུང་ཞེས་པའི་མིང་དུ་བཟུང་བའི་ཚོགས་པ་དེ་དག་ད་ཆ་བྱིའུ་ཆུང་བདག་མེད་རེད། དཔེར་ན། བོད་གཞུང་སྨན་རྩིས་ཁང་ཟེར་བ་དང་། བོད་གཞུང་ཟློས་གར་ཞེས་པའི་ཚབ་ཏུ་ད་ཆ་བོད་ཀྱི་སྨན་རྩིས་ཁང་དང་། བོད་ཀྱི་ཟློས་གར་སོགས་ཀྱི་མིང་བསྒྱུར་བྱས་སོང་། ད་ཆ་བོད་གཞུང་གི་ཚོགས་པ་དེ་ཚོ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབར་ཁྱད་པར་ག་རེ་འདུག
གཅིག་བྱས་ན། འདི་ཐ་སྙད་སྐམ་པོ་ལྟ་བུར་སྣང་ཡང་དོན་དུ་རྩ་དོན་མང་དག་ཅིག་དང་། དེ་དང་འབྲེལ་བའི་ངོ་བོ་ཇི་སྙེད་ཅིག་བརླག་འགྲོ་གིན་འདུག་པས་སོ།
དེའི་ཕྱིར། ཇི་སྐད་དུ། མིང་དུ་གདགས་པར་མི་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་འགྱུར། དེ་ཕྱིར་མགོན་པོས་མིང་དུ་གདགས། ཞེས་གསུངས་པ་མ་ཡིན་ནམ།
གཞོན་ནུས་རྒྱ་དར་མེར་བསྲེགས་གཏོང་ཐེངས་རེས་༸དོན་གྱི་བདག་པོས་ཡུན་རིང་སྔར་ནས་འབད་འབུངས་བགྱིས་པའི་འཆེ་མེད་ཞི་བའི་འཆམ་མཐུན་དང་མ་འོངས་ཀྱི་ཕུགས་རེ་ཐམས་ཅད་རྩར་མེད་དུ་གཏོང་གིན་འདུག་པས་༌༌༌༌༌༌ཀྱེ་ཀྱེ་༌༌༌༌༌ཚེ་དབང་རིག་འཛིན་ལགས། ཀྱེ༌༌༌༌༌༌མནོ་བསམ་བཏང་ནས་ལས་ཀ་གྱིས་ཤིག་ཀྱེ་ཀྱེ།།
བོད་མི་སྤུན་ཟླ་ལ་ལར་ཞུ་རྒྱུར།
ཨ་རི་དང་། དབྱིན་ལན། ཁེ་ན་དྲ་དང་གཞན་རྒྱལ་ཁབ་ཁ་ཤས་ཀྱིས་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་ལ་དམའ་འབེབ་བྱས་པ་ལ་བཀག་འགོག་གི་ཁྲིམས་མེད་པ་དང་། གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱ་སྐབས་རང་རྒྱལ་གྱི་དར་ཆ་སྲེག་ཀྱང་ཁྲིམས་འགལ་མིན། འཇར་མན་དང་ཧྥིན་ལན་ལ་སོགས་རྒྱལ་ཁབ་ཁ་ཅིག་གིས་རང་རྒྱལ་གྱི་དར་ཆ་ལ་དམའ་འབེབ་བྱ་མི་ཆོག་པར་བཀག་འདུག
གང་ལྟར་སྐབས་སུ་བབ་པ་ནི། རྒྱ་ནག་གི་རྒྱལ་དར་སྲེག་ན་དྲག་སྤྱོད་དམ་ཁྲིམས་འགལ་ཡིན་མིན་ལ་འབྲེལ་བ་ཆེར་མེད་པར་འདོད། གནད་འགག་དངོས་དེ་གང་ཞེ་ན། རྒྱ་ནག་གི་རྒྱལ་དར་ལ་རྒྱ་ནག་མི་མང་གིས་བརྩི་བཀུར་ཡོད་མེད་དང་། དེ་སྲེག་ན་བོད་རྒྱ་མི་མང་བར་ལ་ཞེ་འཁོན་སློང་མིན་དེ་ཡིན་པར་སྙམ།
རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་མི་མང་ལ་དབང་སྒྱུར་བ་དེ་ཁྲིམས་མཐུན་དུ་བསྒྱུར་ཐབས་རྣམ་གཉིས་ཡོད་དེ། གཅིག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསླུ་ཐབས་དང་། ཅིག་ཤོས་ནི་རྒྱ་ནག་མི་མང་ལ་མི་རིགས་རིང་ལུགས་ཀྱི་ཞེན་ཁོག་སློང་བ་དེ་ཡིན། ཕྱི་མ་དེ་ནི་རྒྱ་ནག་མི་དམངས་རྨོངས་བྱེད་དང་། ཁོ་ཚོ་གུང་ཁྲན་ཏང་གི་བྲན་ཏུ་བསྡུ་བྱེད། རྒྱལ་ཁབ་གཞན་ལ་ཁ་གཏད་གཅོག་བྱེད་དུ་ཆགས་ཡོད་པས། ང་ཚོས་གཟབ་དགོས་པའི་གནད་དོན་དུ་མཐོང་།
གཞན་ཁྱེད་རང་ཚོས་ཀྲུང་ནན་ཧའེ་རུ་གསང་དམག་དྲངས་ནས་ཧུའུ་ཅིན་ཐའོ་གསོན་བཟུང་བྱ་བསམ་ནའང་འདྲ། མའོ་ཙེ་ཏུང་གི་རོ་ལ་འཐབ་རྩོད་བྱེད་བསམ་ནའང་འདྲ། རྒྱ་ནག་གི་དམག་ཁུལ་གཏོར་བསམ་ནའང་འདྲ།
མི་འགྲིག་པ་ཅི་ཡོད། དགའ་བསུ་ཡོད།
བོད་པ་ཚོས་བོད་ཡིག་ལྟ་ཀློག་བྱེད་ཁུལ་གནང་ཡང་ནང་དོན་མི་གོ་བ་འདི་རེད། ཅེས་དགེ་མཐོང་གིས་བོད་པར་ཐོང་ཆུང་བྱེད་པ་ནི་ཤིན་ཏུ་མི་འོས། སྐད་ཆ་དེ་ནི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་ལྟ་བུ་ཞིག་གིས་བཤད་ཐུབ་པ་ཁོ་ན་རེད།
ཨ་རིག་དགེ་མཐོང་གིས། བོད་པ་ཚོས་བོད་ཡིག་ལྟ་ཀློག་བྱེད་ཁུལ་གནང་ཡང་ནང་དོན་མི་གོ་བ་འདི་རེད། ཅེས་བོད་པ་ཚོར་མཐོང་ཆུང་བྱེད་པ་ནི་ཁྱོད་རང་གི་ཤེས་ཚད་དེས་བཤད་པ་ཤིན་ཏུ་མི་འོས། སྐད་ཆ་དེ་དྲན་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་ཁོ་ནས་བཤད་ཐུབ་པ་ཞིག་རེད།
ང་ལ་ལོ་རྒྱུས་ཀྱི་བདག་དབང་དགོས། ང་ལ་གང་ཐོབ་འོས་པ་དེ་ང་ལ་ངེས་པར་དུ་ཐོབ་དགོས། དེའི་ཐོག་ལ་བསམ་ཤེས་ཤིག་གཏན་ནས་མེད། ང་ལ་རང་ཚིགས་ཤིག་ཡོད་པ་ནི་རང་གི་ཐོབ་ཐང་དེ་གཞན་ལ་མི་སྤྲོད་པ་དང་གཞན་གྱི་ཐོབ་ཐང་རང་མི་ལེན་པ་དེ་ཡིན། ཐུ་བྷོ་མི་རིགས་ཀྱི་ཡབ་མེས་རྣམས་ཀྱི་ཟུངས་ཁྲག་དང་རྔུལ་ཆུས་གྲུབ་
པའི་རང་ས་སྤར་མོ་གང་བོ་འདི་ངའི་མི་རིགས་འདི་ལ་བདག་ལས་གཞན་སུ་ལའང་མི་བདག རང་གཞན་སུ་ཡིན་རུང་ངའི་ཕ་མེས་ཀྱི་བླ་བཙོང་འདོད་ཡོད་ན་ང་ནམ་ནམ་ཞར་ཞར་ལ་དེའི་ཁ་གཏད་དུ་ཡོད།
ཨོ། དོན་གྲུབ་ལྷ་དར་གྱི་སྐད་ཆ་འདྲ་པོ་ཞིག་རིག་པའི་མདས་བཤད་སོང་ང་།
xxxxxxxxxxxxxxxxxxxxxx
རྒྱ་ནག་སྲིད་གཞུང་དང་མི་དམངས་སུ་ཡིན་རུང་སྐར་མ་ལྔ་ཡོད་པའི་དར་ཆ་ཞིག་ངའི་མགོ་ཐོག་ལ་བཞག་ཡོང་ན་དེ་ལ་ངས་ནམ་ཡང་མགོ་མི་སྒུར། དེ་བཞིན་རྒྱལ་དར་མེར་སྲེག་པ་དེ་ཡང་ངའི་རྣམ་འགྱུར་ཞིག་ཡིན། ངའི་རང་ས་ནས་རྒྱལ་དར་དམར་པོ་དེ་མ་ལང་བར་དུ་ང་ལ་རྣམ་འགྱུར་དེ་རྟག་ཏུ་ཡོད་ངེས། འོན་ཀྱང་འདི་ནས་ངའི་རིགས་མཐུན་ཚོར་བརྗོད་འདོད་པ་ཞིག་ནི། ང་ཁྱེད་ཀྱི་ལྟ་བ་ལ་ཐད་པ་མིན་ཡང་ཁྱེད་ཀྱི་ལྟ་བ་འདོན་པའི་རང་དབང་ལ་ངའི་སྲོག་གིས་ཀྱང་རྒྱབ་སྐྱོར་བྱེད་སྲིད་་་ཅེས་གསུང་བ་བཞིན་ལྡོག་རྩ་ཆིག་སྒྲིལ་མི་གནོད་པ་བྱ་རྒྱུ་དེ་ངའི་རེ་བ་ཡིན། ངའི་ཞེན་སྣང་ཡིན། འདི་ལ་ལག་པ་འཆངས་ན་དེ་་་་་་་་
xxxxxxxxxxxxxxxxxxxx
ཁ་ཅིག་གི་བསམ་ཚུལ་ལ་བལྟས་ན་བོད་ནང་གི་རང་རིགས་སྤུན་ཟླ་མེར་སྲེག་བཏང་བ་ལས
དམར་པོ་གཞུང་གི་རྒྱལ་དར་མེར་སྲེག་པ་ཕོངས་སེམས་ཆེ་ས་རེད།
ད་ལྟའི་པར་དུ་ང་ཚོའི་གཞུང་དམངས་གཉིས་ཀྱིས
རྒྱའི་མི་རིགས་ལ་རེ་བ་བརྒྱབ་ནས་ཡོངས་བ་རེད་དེ།
ཡིན་ནའང་༢༠༠༨ནས་ད་བར་དུ
རྒྱ་མི་ཚོའི་ཧམ་པ་ཆེ་རུ་འགྲོ་ཚུལ་ལ་ལྟོས་དང་།
གཅིག་བྱས་ན་བརྙན་ཐུང་འགའ་རེ་ནང་དུ་མཐོང་ཡོད་རྒྱུ་རེད།
ལས་རྒྱུ་འབྲས་མེད་པ་ངོ་ཚ་མེད་པ།
དེ་ཚོས་སྒོར་གྱི་ཆེད་དུ་ཕ་ཡང་བསོད་ལ་བུ་ཡང་བཙོང་སྲིད།
མི་རིགས་འདི་འདྲ་ཞིག་ལ་མཐུན་འབྲེལ་མེད་ཀྱང་ཆོག
ད་་་་་རྗེས་མ་ནས་འདིའི་འདྲའི་སྐོར་བཤད་མ་ཡོངས་རོགས།།
xxxxxxxxxxxxxxxxxxxxx
ཤེས་ཚད་ཞན་གི གཞུང་ལུགས་ཀྱི་རྒྱབ་ལྗོངས་མེད་ཀི ཚོར་སྣང་རྐྱང་རྐྱང་གིས་ཁ་བཀངས་འདུག་ག
ཨ་རིག་དགེ་མཐོང་ཟེར་བ་དེས་དབྱིན་ཡིག་ཤེས་རབས་མི་འདུག དེ་མིན་གཤམ་གྱི་རྒྱལ་དར་བསྲེག་པའི་ངོ་རྒོལ་སྐོར་གྱི་རྒྱལ་སྤྱི་རང་བཞིན་གྱི་ལྟ་ཚུལ་ཁག་ཀློག་དང་གཞི་ནས་རང་ཉིད་ཁྲོན་པའི་ནང་གི་སྦལ་བ་ཡིན་པ་ཤེས་ངེས་ཡིན།
http://en.wikipedia.org/wiki/Flag_desecration
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com