རྩོམ་པ་པོ་མི་གསལ། ཡེ་ཤེས་ལྷ་མོས་བསྒྱུར།
གཞོན་ནུ་ཞིག་བགྲེས་སོང་ཞིག་དང་ཐུག་འཕྲད་དང་འབྲེལ་གཞོན་ནུ་དེས་ཉིད་ཀྱིས་ང་ངོ་ཤེས་ཀྱི་འདུག་གམ་ཞེས་དྲིས་པར། བགྲེས་སོང་དེས་ངོས་ཟིན་མ་སོང་ཞེས་ལན་བཏབ། དེའི་རྗེས་གཞོན་ནུ་དེས་ང་ཁྱེད་ཀྱི་སློབ་ཕྲུག་ཅིག་ཡིན་ཞེས་བརྗོད་པར། བགྲེས་སོང་གིས་གཞོན་ནུ་དེར་ཁྱེད་ཀྱིས་ལས་དོན་ཅི་ཞིག་གཉེར་བཞིན་ཡོད་པ་དང་། མི་ཚེའི་ནང་བྱ་གཞག་ག་རེ་གཉེར་ཡོད་མེད་སྐོར་ནས་དྲིས།
གཞོན་ནུ་དེས་ཁོང་དགེ་རྒན་ཞིག་ཆགས་ཡོད་སྐོར་བརྗོད་པར། བགྲེས་སོང་གིས་ལས་དོན་དེ་ཧ་ཅང་ཡག་པོ་རེད། ང་དང་ལས་རིགས་
གཅིག་པ་ཆགས་འདུག་ཅེས་བཤད་པར། གཞོན་ནུ་དེས་དོན་དངོས་སུ་ང་རང་དགེ་རྒན་ཞིག་ཆགས་པ་དེ། ཉིད་ཀྱིས་ང་ལ་ཁྱོད་ལྟ་བུ་ཞིག་ཆགས་དགོས་པའི་སེམས་ཤུགས་སྤར་སོང་ཞེས་བཤད།
བགྲེས་སོང་མཚར་སྣང་དང་བཅས། ཁྱེད་རང་དངོས་སུ་དགེ་རྒན་ཞིག་བྱ་རྒྱུའི་བློ་ཐག་ག་དུས་བཅད་པ་ཡིན་ཞེས་དྲིས་པར། གཞོན་ནུས་གཤམ་གྱི་དངོས་སྒྲུང་དེ་བཤད་མགོ་ཚུགས། ཉིན་ཞིག་ངོས་ཀྱི་གྲོགས་པོ་སློབ་མ་ཞིག་གིས་ཆུ་ཚོད་གསར་བ་ཡག་པོ་ཞིག་གྱོན་ནས་སློབ་གྲྭར་ཡོང་བ་དང་། ངས་ཆུ་ཚོད་དེ་ང་ལ་དགོས་པའི་བློ་ཐག་བཅད། ངས་ཆུ་ཚོད་དེ་ཁོང་གི་ཨམ་ཁུག་ནས་བླངས་ཏེ་རྐུན་མར་བརྒྱབ་པ་ཡིན།
ཡུད་ཙམ་ལས་མ་སོང་བར་སློབ་གྲོགས་ཁོང་གིས་ཆུ་ཚོད་དེ་བོར་བརླགས་ཕྱིན་པ་ཤེས་རྗེས། དེ་མ་ཐག་དགེ་རྒན་ལ་སྙན་གསང་ཞུས་སོང་ལ། དགེ་རྒན་དེ་ནི་སྐུ་ཉིད་རེད། སྐབས་དེར་ཉིད་ཀྱིས་འཛིན་གྲྭ་ཡོངས་ལ་ཞུ་རྒྱུར། སློབ་གྲོགས་ཁོང་གི་ཆུ་ཚོད་དེ་རིང་འཛིན་གྲྭའི་སྐབས་བོར་བརླགས་ཕྱིན་འདུག སུ་ཞིག་གིས་ཁྱེར་ཡོད་ན་ཕྱིར་ཁོང་ལ་སྤྲོད་རོགས་ཞེས་རེ་སྐུལ་བྱས་སོང་།
ཡིན་ན་ཡང་། ངས་ཆུ་ཚོད་དེ་ཕྱིར་སྤྲད་མེད་རྒྱུ་མཚན་ཆུ་ཚོད་དེ་ང་ལ་དགོས་མཁོ་འདུག དེའི་རྗེས་ཉིད་ནས་འཛིན་གྲྭའི་སྒོ་བརྒྱབ་སྟེ། ང་ཚོ་ཚང་མ་འཛིན་གྲྭའི་ནང་གོར་གོར་བྱས་ཡར་ལོངས་ཟེར། སྐུ་ཉིད་ནས་སློབ་གྲོགས་རེ་རེ་བྱས་ཏེ་ཨམ་ཁུག་སྔོག་བཤེར་བྱས་སོང་། གང་ལྟར་ཡང་། སྐབས་དེར་ཉིད་ཀྱིས་སློབ་གྲོགས་ཚང་མར་མིག་བཙུམ་དགོས་པའི་རེ་སྐུལ་བྱས་སོང་ལ། རྒྱུ་མཚན་ང་ཚོས་མིག་བཙུམ་པ་ཡིན་ན། ཆུ་ཚོད་རྐུ་མཁན་ཁྱེད་རང་ཁོ་ན་ལས་མཐོང་མཁན་མེད་པས་རེད།
ང་ཚོས་ཉིད་ཀྱི་ལམ་སྟོན་བཞིན་བྱས་པ་ཡིན་ལ། སྐུ་ཉིད་ནས་ང་ཚོ་སློབ་གྲོགས་རེ་རེ་བྱས་ཨམ་ཁུག་སྔོག་བཤེར་བརྒྱུད། ངས་འགྲམ་དུ་བསླེབས་པ་དང་ཨམ་ཁུག་ལས་ཆུ་ཚོད་རྙེད་སོན་བྱུང་བ་དང་། ཆུ་ཚོད་བླངས་ནས་མུ་མཐུད་སློབ་གྲོགས་ཚོར་སྔོག་བཤེར་རྗེས། ཉིད་ནས་ཚང་མས་མིག་ཁ་ཕྱེ་རོགས། ཆུ་ཚོད་རྙེད་སོན་བྱུང་ཡོད་ཅེས་བརྗོད་བྱུང་།
ཉིད་ཀྱིས་ང་ལ་གང་ཡང་བརྗོད་མ་སོང་བ་མ་ཟད། ཆུ་ཚོད་དེའི་སྐོར་སོགས་ནས་དུས་ནམ་ཡང་གླེང་སློང་དང་། ཆུ་ཚོད་དེ་སུ་ཞིག་གིས་རྐུན་མར་བརྒྱབ་པ་སོགས་ཀྱི་ཐད་གང་ཡང་བརྗོད་མ་སོང་བས། ཉིན་དེར་སྐུ་ཉིད་ནས་ངའི་ཆེ་མཐོང་དུས་གཏན་དུ་སྲུང་སྐྱོབ་གནང་སོང་ལ། ཉིན་དེ་ནི་ངའི་མི་ཚེའི་ནང་གི་ཆེས་ངོ་ཚ་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན།
ཉིན་དེ་ནི་ང་ལ་མཚོན་ན་མི་ཚེའི་ནང་རྐུན་མ་ཞིག་དང་མི་ངན་ཞིག་མི་བྱེད་པར་དམ་བཅའ་བའི་ཉིན་མོ་ཡང་ཡིན། ཉིད་ཀྱིས་སྐབས་དེར་ཅི་ཡང་བརྗོད་མ་སོང་བ་མ་ཟད། མཐའ་ན་ང་ལ་གཤེ་བ་དང་ང་གཅིག་པུ་སྐད་བཏང་སྟེ་བསླབ་བྱ་སོགས་གང་ཡང་གནང་མ་སོང་། གནད་དོན་དེས་ང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་སོང་བས། ངས་དངོས་ནས་དོན་དམ་པའི་ཤེས་ཡོན་པ་ཞིག་གིས་ག་རེ་བྱ་དགོས་མིན་རྟོགས་སོང་། སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ།
གཞོན་ནུ་དེས་བགྲེས་སོང་ལ་ཉིད་ཀྱིས་གནས་ཚུལ་དེ་དྲན་སོས་ཀྱི་འདུག་གམ། སློབ་དཔོན་ལགས་ཞེས་དྲིས་པར། དགྲེས་སོང་ན་རེད། སྐབས་དེར་འཛིན་གྲྭའི་ནང་ཆུ་ཚོད་བོར་བརླགས་ཕྱིན་པ་དང་། ངས་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ཨམ་ཁུག་སྔོག་གཤེར་བྱས་པ་དྲན་སོས་ཀྱི་འདུག ཡིན་ན་ཡང་། སྐབས་དེར་ཆུ་ཚོད་རྐུ་མཁན་ཁྱོད་རང་ཡིན་པ་དྲན་པ་མི་འདུག རྒྱུ་མཚན་སྐབས་དེར་ང་རང་གིས་ཀྱང་མིག་བཙུམས་ནས་སྔོག་བཤེར་བྱས་པ་ཡིན།
སྒྲུང་སྙན་པོ་ཞིག་བསྒྱུར་འདུག་
ཧ་ཅང་ལེགས།