ཨ་རིག་དགེ་མཐོང་།
སྤྱིར་བཏང་ནང་ཆོས་ལས། གཞན་ལ་ཕན་མ་ཐོགས་ན་གནོད་མ་སྐྱེལ་ཅེས་པའི་དཔེ་ལྟར། བོད་ཀྱི་རྩ་དོན་ཐད་ནས་ཀྱང་ཕན་མ་ཐོག་ན་གནོད་མི་སྐྱེལ་རྒྱུ་ནི་གལ་ཆེའོ།།
གོང་གི་འདི་བསམ་འཆར་གྱི་བརྗོད་དོན་སྙིང་བསྡུས་ཡིན།
སྤྱིར་བཏང་དམངས་ཁྲོད་དུ་བཤད་རྒྱུན་ཞིག་ལ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་སྲོལ་ཡོད་པ་ལྟར། གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་པ་ནས་ད་ལྟའི་དབར་དུ་ལས་འགུལ་རབ་དང་རིམ་པ་གནང་ཞིང་ཕལ་ཆེ་བ་བོད་ཀྱི་རྩ་དོན་ལ་ཕན་པའི་རྒྱུ་རུ་གྱུར་ཡོད་ལ་ཁག་ཅིག་དེ་ལས་ལྡོག་སྟེ་རྩ་དོན་ལ་གནོད་པར་གྱུར་ཡོད། གང་ལྟར་གོང་གི་དཔེ་ལས་གསལ་བར་ཤེས་ནུས།
གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ལ་མཚོན་ནས་ཞུས་ན། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གལ་ཆེན་མང་བོ་ཞིག་ནང་དུ་ཞུགས་མྱོང་ཡོད་པ་དང་། དེའི་ནང་གི་ཁག་ཅིག་བོད་ཀྱི་བཀའ་ཁྲི་གཙོས་བཀའ་བློན་དང་སྤྱི་འཐུས་སོགས་ཀྱི་ལས་སྣེ་མཐོ་རིམ་གྲས་སུ་ཐོན་མྱོང་། ཡིན་ན་ཡང་། གཞོན་ནུ་ལྷན་ཚོགས་ཀྱི་ནང་དུ་རྩ་དོན་ལ་ལྡོག་ཕྱོགས་ནས་འགྲེལ་བཤད་སྣ་ཚོགས་བརྒྱབས་ཏེ་རྒྱ་ནག་གི་ལག་ཆ་ཨང་དང་ཤོས་ལྟ་བུ་གྱུར་བ་ཡང་རེ་ཟུང་ཡོད། ང་རང་ཉིད་ལ་མཚོན་ན་དུས་རྒྱུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགའ་བོ་ཡོད་པ་དང་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་ལས་འགུལ་ཆེ་ཤོས་ཕལ་ཆེ་བ་ལ་དང་བླང་སྒོ་ནས་མཉམ་ཞུགས་བྱས་ཡོད། གཞོན་ནུས་ལས་འགུལ་སྤེལ་པ་དང་ང་དེ་ལ་མཉམ་ཞུགས་བྱས་པ་ནི་ཁ་རིན་བརྩི་མི་དགོས་པར་འགན་འཁྲི་ཞིག་རེད་བསམ། གཞོན་ནུའི་ཚོགས་གཙོ་གཞོན་ལ་འདས་མ་ད་གསུམ་ལ་ཤེས་འཇོན་གཉིས་ལྡན་དང་ཅི་ཡང་མི་ཤེས་པར་ཨུ་ཚུགས་མཁྲེགས་འཛིན་ཅན་སོགས་མི་འདྲ་བ་ཡོད་མྱོང་ལ་འབྱུང་སྲིད། ཡང་གཞོན་ནུའི་དབུས་རྒྱུན་དག་མ་གྲོས་བསམ་པ་གཅིག་མཐུན་གིས་ལས་འགུལ་སྤེལ་བ་དང་བོད་ཀྱི་རྩ་དོན་གླེང་བ་སོགས་བྱུང་མྱོང་ཡོད་ལ་ནང་ཁུལ་མཐུན་མི་མཐུན་དང་། གཅིག་གི་ལས་འཆར་ལ་གཅིག་གིས་རྒྱབ་སྐྱོབ་མེད་པ་ལྟ་བུའི་ཞབས་འདྲེན་ཞུ་མྱོང་བ་མིག་མཐོང་ལག་ཟིན་རེད།
ཉིས་སྟོང་བརྒྱད་ལོར་བོད་ནང་གི་ཞི་བའི་སྒེར་ལངས་ཆེན་མོའི་སྐབས་སུ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་མི་མང་འདུ་ཚོགས་ཀྱི་སྒེར་ལངས་ཐེངས་ཤིག་བྱས་པ་ནི་ངས་བལྟས་ན་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་། མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་ཐེངས་ཤིག་སྤེལ་བར་ངོས་འཛིན་བྱས་ཡོད། འོན་ཀྱང་ལས་འགུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་ཡོད་མེད་ཀྱི་ཐད་ནས་བཤད་དཀའ་མོད། མི་མང་ལྷན་འཛོམས་དེ་ངས་ངོས་ནས་ལས་འགུལ་གལ་ཆེན་ཞིག་དང་བོད་ནང་གི་སྤུན་ཟླ་ཚོ་ལ་གདུང་སེམས་མཉམ་སྐྱེད་རང་ལ་ངོས་འཛིན་བྱས་ཡོད། ད་དུང་སྒོ་དྲུག་སྐལ་བཟང་གིས་གཏམ་བཤད་དེ་ཡང་དོན་མཐུན་དང་མི་རིགས་ཀྱི་སེམས་ཁམས་འགུགས་པའི་ཁྱད་ཆོས་ལྡན་པར་ཚོར། གཞོན་ནུས་དུས་རྒྱུན་ལས་འགུལ་རབ་དང་རིམ་པ་སྤེལ་བ་ཡོངས་གྲགས་རེད། ཡིན་ནའང་ངའི་རྨོངས་བློར་འཆར་ཚུལ་ལྟར་ན་ གཞོན་ནུས་མི་མང་ལ་བག་ཆགས་འཇོག་ཐུབ་པའི་ལས་འགུལ་གཅིག་སྤེལ་བ་རེད། དེ་ནི་ཆབ་སྲིད་ཀྱི་གནད་དོན་ལ་བསམ་བཞིན་དཔྱད་པ་བཏང་ནས་སྤེལ་བ་མིན་པར་རྟག་དང་རྟེན་འབྲེལ་རང་འགྲིག་སྲོལ་ཡོད་པ་ལྟར། གཞོན་ནུས་དུས་རྒྱུན་༧གོང་ས་མཆོག་གི་དུས་དབང་སྐབས་དག་ཏུ་ཆོས་ཞུ་བ་ལ་སྣེ་ལེན་བྱས་པ་དང་སྐད་གཏོང་སའི་ལས་ཁུངས་བཙུགས་པ་དེ་རེད། བོད་པ་འདི་སྤྱིར་བཏང་མངོན་སུམ་དང་མཐོང་ཆོས་ལ་དགའ་བ་ལས་ལྐོག་གྱུར་དང་ཕྲ་བའི་རིགས་ལ་ལྟ་མི་ཤེས། དེའི་ཕྱིར་དེའི་ཐད་ནས་མི་མང་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་ལས། གཞོན་ནུས་དུས་རྒྱུན་གནང་པའི་ཕྱག་ལས་ཕྲ་མོ་དག་གིས་མི་མང་ལ་བག་ཆགས་དེ་ཙམ་སྤྲད་ཐུབ་མེད།
བོད་ནང་གི་མེ་བསྲེགས་ལས་འགུལ་འདི་མགོ་བརྩམས་ནས་བཟུང་ངས་གཞོན་ནུ་ལྷན་ཚོགས་ལ་རེ་བ་བརྒྱབས་ཏེ་ལས་འགུལ་ཞིག་གི་སྣེ་ཁྲིད་པར་ཡིད་ཆེས་བྱས་ཡོད། ཡོད་པ་བཞིན་ལས་འགུལ་ཁག་ཅིག་སྤེལ་སོང་མོད་རྒྱ་ཆེ་བ་དང་གཏིང་ཟབ་པ་ཞིག་ད་དུང་སླེབས་མ་སོང་། ཁ་སང་གཞོན་ནུའི་བོད་ནང་གི་མེ་བསྲེགས་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་རིམ་ཁག་ཅིག་གྲ་སྒྲིག་བྱས་ཡོད་པ་དང་། དེ་ལ་མི་མང་མཉམ་ཞུགས་ཡོང་བའི་འབོད་བརྡ་དང་གསལ་བསྒྲགས་ལྟ་བུ་ཞིག་དྲ་ལམ་ནས་མཐོང་།
ལས་འགུལ་དེའི་ནང་གི་ཕལ་ཆེ་བ་ལ་རྗེས་སུ་ཡི་རང་དང་མཉམ་ཞུགས་བྱ་རྒྱུ་ནི་བོད་མི་དག་གི་འགན་འཁྲི་ཞིག་ཏུ་གྱུར། དེའི་ནང་གི༼རང་བཙན་མ་འཐོབ་བར་རྒྱ་ནག་གི་རྒྱལ་དར་མེར་བསྲེཊ་གཏོང་རྒྱུ་ཡིན༽ཞེས་གདེང་ཚོད་ཀྱིས་བཤད་འདུག་ལ། མ་འོངས་པའི་ལས་འགུལ་ཕྱོགས་ཀྱི་གལ་ཆེ་ཤོས་ལྟ་བུར་བགྲངས་འདུག དེས་ན་དེའི་ཐད་ནས་རང་གི་བསམ་འཆར་ཞིག་གཞོན་ནུ་ལྷན་ཚོགས་ལ་ཞུ་འདོད་བྱུང་ལ། དེ་ཡང་ཕན་སེམས་དང་གུས་བཀུར་ཡོད་པའི་ཐོག་ནས་བཤད་ན། ང་ཚོས་ལས་འགུལ་ཅི་སྤེལ་ན་མནོ་བསམ་གཏོང་རྒྱུ་གལ་ཆེ་བ་དང་འཕྲལ་ཕུགས་དང་རྩ་དོན་ལ་ཕན་མིན། ༧གོང་ས་མཆོག་གི་ཐུགས་དགོངས་དང་མཐུན་མིན། ད་དུང་བོད་ནང་གི་གནས་སྟངས་ལ་ཁ་ཕྱོགས་རྒྱུ་དང་། རྒྱལ་སྤྱིའི་འགྲོས་ལ་ལྟ་རྒྱུ་སོགས་ནི་གལ་ཆེན་ནང་གི་དོན་ཆེན་རེད། རྒྱུ་མཚན་དེ་དག་ལ་བསམ་གཞིག་བཏང་ན་རྒྱ་ནག་གི་རྒྱལ་དར་མེར་བསྲེཊ་གཏོང་རྒྱུ་ནི་འཕྲལ་ཕུགས་ལ་གནོད་པ་མ་ཟད། རྒྱལ་བའི་བཀའ་དང་འགལ། རྒྱལ་སྤྱིའི་འགྲོས་དང་མི་མཐུན་པ། མི་རིགས་གཉིས་ཀྱི་འགལ་ཟླ་རུ་འགྱུར་རྒྱུ། རྩ་དོན་ལ་ཕན་རྒྱུ་ལས་གནོད་རྒྱུ་མང་བ་ཡིན་ཏེ། དཔེར་ན། ང་ཚོས་ག་དུས་ཡིན་ན་བསམ་བློ་གཏོང་དགོས་ས་ནི་ང་ཚོའི་རྩ་དོན་དེ་རང་མི་རིགས་ཀྱིས་འབད་བརྩོན་ལ་རག་ལས་པ་ལས་རྒྱལ་ཁབ་གཞན་ཞིག་གིས་རང་གི་ཁེ་ཕན་བཞག་ནས་བོད་ཀྱི་རྩ་དོན་ལ་རོགས་རམ་ནམ་ཡང་བྱེད་མི་སྲིད།
གཉིས་ནས་ང་ཚོའི་རྩ་དོན་གྱི་ཁ་ཕྱོགས་ས་དང་གྲོས་བྱ་ས་ནི་རྒྱ་ནག་ལས་མ་འདས་སོ །། དེས་ན་རྒྱ་ནག་གི་དཔལ་འབྱོར་གྱི་འཕོ་འགྱུར་དང་། མི་མང་གི་སེམས་ཁམས་བཅས་ལ་བརྟག་རྒྱུ་ལས་གཞན་མེད། ལྷག་པར་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་པའི་རྒྱ་ནག་གི་ཤེས་ཡོན་པ་དང་ཆབ་སྲིད་པ། བསམ་བློ་པ། རྩོམ་པ་པོ་དང་། མང་ཚོགས་དཀྱིས་མ་བཅས་མང་གཙོ་དོན་དུ་གཉེར་མཁན་དང་དེ་ལ་དགའ་མཁན། ༧གོང་ས་མཆོག་ལ་དད་ཞེན་ཆེ་བའི་རིགས་ལ་བོད་ཀྱི་ད་ལྟའི་གནས་སྟངས་དང་འདས་ཟིན་པའི་ལོ་རྒྱུས་སྐྱུར་མོ་དེ་དག་ར་སྤྲོད་རྒྱུ་ལས། རྒྱ་ནག་མི་མང་དང་གོང་གི་མང་གཙོ་དོན་གཉེར་བ་དག་གི་སེམས་ལ་སྡུག་འཇོག་རྒྱུ་དང་། བག་ཆགས་ངན་པ་བགོ་རྒྱུ་སོགས་ནི་མ་ཡིན་ནོ། །རྒྱལ་ཁབ་སུ་ཡིན་ན་ཡང་རང་གི་རྒྱལ་དར་དང་རང་གི་སྐད་ཡིག་ལ་བརྩི་བཀུར་ཡོད་ཡོད་པ་རེད། དེ་ལ་ནམ་ཡང་མི་དགའ་མཁན་ཡོང་མི་སྲིད། དེའི་ཕྱིར་ཁོ་ཚོའི་སྙིང་གི་དཀྱིལ་ན་འོད་ལམ་མེར་བཞད་པའི་སྐད་ཡིག་དང་མིག་ལམ་ན་ཕྲ་ལམ་མེར་མངོན་པའི་རྒྱལ་དར་མེ་བསྲེགས་གཏོང་བ་དང་རྡོག་རོལ་བཏང་ན་ཁ་རོག་གེར་འདུག་མི་སྲིད།
དེའི་ཕྱིར་ད་ཐེངས་ཀྱི་གཞོན་ནུའི་ལས་འགུལ་དག་ལས་༼རང་བཙན་མ་འཐོབ་བར་རྒྱ་ནག་རྒྱལ་དར་མེར་བསྲེཊ་གཏོང་རྒྱུ་ཡིན་༽་ཞེས་པའི་ལས་འཆར་འདི་ཕྱིར་བསྡུ་གནང་རོགས། ང་ཚོའི་ཁྱེད་ཅག་ལ་རེ་བ་རྒྱག་ས་ཡོད་པའི་དབང་དུ་བཏང་ནས་ཞུ་བ་འཐེན་པ་དང་། བསམ་འཆར་བཏོན་པ་ཡིན་ལ་བསམ་འཆར་འདི་ནི་དྲ་ལམ་དུ་ཕལ་ཆེ་བའི་བཏོན་འདུག་པས་ན། ཁྱེད་ཅག་གིས་ཀྱང་རང་གི་ལས་འཆར་ཡིན་དང་དེ་ལ་འགྱུར་བ་མི་གཏོང་ཞེས་ཨུ་ཚུགས་མི་གནང་རྒྱུ་རེ་བ་ཆེ། གང་ལྟར་མུ་མཐུད་ནས་ཨུ་ཚུགས་བྱས་ན་ང་ཚོ་མི་མང་རང་གིས་ཀྱང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་རྩ་དོན་ལ་བསམ་བློ་གཏོང་རོགས། འདི་ནི་རྒྱལ་བའི་བཀའ་དང་འགལ་བ་མ་ཟད། རྒྱལ་སྤྱིའི་མཐོང་སྣང་ལ་མཛེས་བོ་མེད་ལ་བོད་དོན་རྒྱབ་སྐྱོབ་པ་གང་མང་ཞིག་ཀྱང་ཕྱིར་འཐེན་བྱ་ངེས། དེར་མ་ཟད་གྲྭ་བཙུན་རིགས་འདིའི་ནང་དུ་ཞུགས་ན་ཞབས་འདྲེན་རེད། གང་ཞེ་ན་ནང་ཆོས་ཀྱི་གཞི་རྩ་གཞན་ལ་ཕན་མ་ཐོག་ན་གནོད་མི་སྐྱེལ་རྒྱུ་དེ་རེད། འདི་ནི་གཅིག་ཐེངས་ན་མི་རིགས་གཉིས་ཀྱི་འགལ་ཟླར་གྱུར་ཏེ་མ་འོངས་པ་ན་ཡུལ་ལུང་ཁྲག་གི་མི་བསྒྱུར་བའི་ངེས་པ་གཏན་ནས་མེད་ལ། ལྷག་དོན་བོད་ནང་གི་སྤུན་ཟླ་དག་གིས་འདི་ལ་ཁ་ཕྱོགས་ནས་ད་ལྟའི་འཚེ་མེད་ཞི་བའི་ལས་འགུལ་དེ་དྲག་པོའི་ངོ་བོར་དན་དན་འགྱུར་སྲིད། དེ་ལྟར་ན་རང་གཞན་གཉིས་ཕོངས་ཡིན་པ་སྨོས་མེད་རེད། མདོར་ན། ལས་འགུལ་འདི་མུ་མཐུད་ནས་སོང་ན་བོད་ནང་གི་ལས་འགུལ་དྲག་པོའི་ངོ་བོར་འགྱུར་རྒྱུ་དང་། མི་རིགས་དབྱེ་འབྱེད་དང་དམར་གསོད་དང་གཏུབ་རྡུང་། འཕྲོག་བཅོམ་གྱི་ལས་ཀ་དག་གི་རྨང་གཞི་ཡིན་པས་གཟབ་རོགས།
གལ་སྲིད་གཞོན་ནུའི་ང་ཚོས་ད་ནས་བཟུང་དྲག་པོ་བྱེད་དགོས་རྒྱུ་འདུག སྔོན་སྤུན་ཟླ་མང་བོ་དམར་གསོད་བཏང་བ་དང་བཙོན་བཅུགས་གཅར་རྡུང་འོག་ནས་འདས་གྲོངས་ཟིན་པ་རེད་ལ། ད་ལྟའི་དུས་སུ་ཡང་བོད་ནང་གི་སྤུན་ཟླ་ཚོའི་མགོ་ཐོག་ཏུ་དམྱལ་ཁམས་དངོས་ལྟ་བུ་ཞིག་ཐོན་འདུག དེས་ན་བཟོད་སྒོམ་བྱ་ཐབས་མེད་ཟེར་ན། སྐད་ཆ་དེ་དག་ནི་བདེན་པ་རང་རེད། བོད་ཀྱི་འདས་པ་དང་ད་ལྟའི་ལས་འགུལ་འདི་འཚེ་མེད་ཞི་བ་ཡིན་པས་དར་ཁྱབ་དང་རྒྱལ་སྤྱིའི་ལྡིང་ཆ་ན་མཐོང་ཡོད་པ། རྒྱ་ནག་གིས་ལམ་སེང་ལག་འགུལ་ཏེ་སྡེབ་གསོད་བྱེད་མ་བདེ་བར་ལྷག་ཡོད། གལ་སྲིད་དྲག་པོའི་ལམ་ཁུར་སོང་ན་འཇིགས་སུ་རུང་བའི་མཚོན་ཆ་དང་བཟོད་དཀའ་བའི་ན་ཟུག་མྱོང་མཁན་དེ་སུ་རེད། བོད་ནང་གི་སྤུན་ཟླ་ཚོ་ལས་བཙན་བྱོལ་གྱི་ཁ་རྒྱགས་བཤད་མཁན་ཚོ་ནི་མ་ཡིན་ནོ། ། རྒྱ་ནག་གིས་ཉིན་གཅིག་དུས་གཅིག་ལ་དེང་གི་བརྡ་འཕྲིན་ཡོངས་བཀག་སྡོམ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་བོད་མི་ཚོ་དམར་གསོད་མི་གཏོང་བའི་ངེས་པ་གཏན་ནས་མེད། དེ་དུས་ཀྱང་རང་དབང་ལུང་བ་ནས་གཞན་གྱི་རྒྱལ་དར་མེ་བསྲེགས་བཏང་ནས་འདུག་རྒྱུ་ཡིན་ནམ། གྲ་སྒྲིག་གཞན་ཡོད། བོད་པ་གཅིག་ཀྱང་མ་ལྷག་ཀྱང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་ཡིག་ཆ་དེ་དག་ཡིག་ཚགས་ནས་ནམ་ཡང་མི་ཡལ་ལ་རྒྱལ་སྤྱིའི་ལྡིང་ཆ་ནས་བོར་མི་སྲིད། དེ་ལྟར་འདི་ནས་སེམས་ལ་གང་དྲན་དང་ཁ་ནས་གང་བཤད་མིན་པར་བོད་ནང་གི་མེ་བསྲེགས་ལ་བསམ་བློ་གཏོང་རྒྱུ་དང་། བོད་ནང་ནས་རང་ལུས་མེ་བསྒྲོན་ནས་མེ་འབར་ན་བཙན་བྱོལ་ནས་གཞན་གྱི་རྒྱལ་དར་མེ་བསྲེགས་ཏེ་དུ་བ་འཕྱུར་རྒྱུ་ཡིན་ནམ།
མཐའ་དོན། ལས་འགུལ་འདི་གཅིག་པོ་ཕྱིར་འཐེན་བྱ་རྒྱུ་ནི་བོད་རིགས་མང་བོ་ཞིག་གི་ཚབ་ཏུ་རེ་སྐུལ་ཞུས་པ་ཡིན། འདི་ནི་དུས་བབ་ནས་གཞོན་ནུའི་ལས་འཆར་ཁག་ཅིག་མཐོང་སྟེ་སེམས་ཀྱིས་མ་བཟོད་ནས་བྲིས་པ་ལས་གཞན་གཞོན་ནུ་ལ་བརྩི་བཀུར་མེད་པ་དང་ཁ་ལན་སློག་པ་ལྟ་བུ་ཞིག་ལ་ངོས་འཛིན་མི་གནང་རྒྱུ་མཁྱེན། དེའི་ནང་དུ་ནོར་འཆུག་ཡོད་སྲིད་པས་དགོངས་དག་ཞུས་པ་དང་ལྷན་དུ་ལམ་སྟོན་དང་གླེང་མོལ་སོགས་ལ་རེ་བ་ཆེ།
ཕྲན་གྱི་བསམ་འཆར་འདིར་བཀོད་པར་དྲ་བདག་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།