ཨ་འདུས་སྐལ་བཟང་རྒྱ་མཚོས།
ང་ཚོའི་དགེ་རྒན་གྱི་མཚན་ལ་ཨ་པད་ཟེར་ཞིང་། དེ་ནི་ཁོང་ལ་ཕ་མ་གཉིས་ཀྱིས་ཆུང་དུས་བཏགས་པའི་གཅེས་མིང་ཡིན། ཁོང་ནི་སྐུ་ཚེ་ཞེས་པའི་མདོ་ཁམས་ཀྱི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་ནས་སྡེ་མི་ཚོས་ཁོང་ནི་བཀའ་བརྒྱུད་པའི་བླ་མ་བྱ་བྲལ་བ་ཞིག་གི་ཡང་སྲིད་ཡིན་པའི་ཡིད་ཆེས་བྱེད་ཅིང་། དེ་ནས་བཟུང་ཨ་པད་ཀྱི་མིང་ཟུར་ན་རིན་པོ་ཆེ་ཞེས་པའི་མཚན་དེ་ཡང་སྡེ་མི་རྣམས་ཀྱིས་ངང་གིས་འབོད་བཞིན་པར་མ་ཟད། ཨ་པད་དང་། རིན་པོ་ཆེ་གཉིས་ཀྱི་བར་ལོ་རྒྱུས་རང་བཞིན་ཅན་གྱི་རྒྱུ་མཚན་ངོ་མཚར་དགོས་པ་དེ་འདྲ་ཡང་མང་པོ་བགྲང་རྒྱུ་ཡོད།
བློ་རིག་ཧ་ཅང་བཀྲ་པའི་གཞོན་ནུ་ཨ་པད་དགུང་ལོ་བརྒྱད་ལ་སླེབས་སྐབས། ཁོང་གི་འདོད་པ་ལྟར་གྲོང་ཚོའི་ཉེ་འདབས་ཀྱི་གསེར་ལྗང་དགོན་དུ་ཆོས་ཞུགས་བྱས་ཤིང་། གྲྭ་མིང་ལ་ཡོན་ཏན་བཟང་པོ་ཞེས་བཏགས། དེ་ནས་བཟུང་ཁོང་གིས་རབ་བྱུང་གི་འཚོ་བ་བསྐྱལ་ཞིང་། ཞོགས་སྔ་ལང་དང་། ནུབ་འཕྱི་ཉལ་གྱིས་དགོན་པའི་སློབ་གཉེར་གྱི་རིམ་པ་མཐའ་དག་ལ་དོ་སྣང་ཆེན་པོ་བྱས། སློབ་གྲོགས་ཕན་ཚུན་བར་བརྩི་བཀུར་དང་། མཐུན་ལམ་ཧ་ཅང་ལེགས་པས་དགེ་རྒན་ཚོས་འདི་ནི་མ་འོངས་པར་ཡོན་ཏན་བཟང་ཅན་ཞིག་ཡོང་ངེས་རེད་ཅེས་བསྔགས་བརྗོད་གནང་བར་མ་ཟད། དེ་ནས་བཟུང་ཁོང་གི་མིང་ལ་ཡང་ཡོན་ཏན་བཟང་པོ་ཞེས་བཏགས་པ་རེད།
ཡོན་ཏན་བཟང་པོ་ནི། རྣམ་དཔྱོད་ཧ་ཅང་རྣོ་བའི་སློབ་ཕྲུག་ཅིག་ཡིན་པས། དགོན་སྡེའི་རྨང་གཞིའི་སློབ་གཉེར་དེས་ཁོང་གི་ཐུགས་འདོད་མི་ཚིམ་པ་ནི་བཤད་མ་དགོས་པ་ཞིག་རེད། མི་འགྱངས་བར་ཁོང་སློབ་གླིང་གཞན་ཞིག་ཏུ་སློབ་གཉེར་ལ་འགྲོ་རྒྱུའི་སྐོར་དགེ་རྒན་བློ་གྲོས་མཆོག་ལ་སྙན་ཞུ་བྱས་པ་ན། ཁོང་ཐུགས་དགྱེས་ཏེ་ཁྱོད་ནར་འདུག ད་ཁྱོད་རྫོང་སར་བཤད་གྲྭར་སོང་། ཞེས་ཐུགས་བརྩེས་ལམ་སྟོན་ཟབ་མོ་གནང་བར་མ་ཟད། དགེ་རྒན་རང་གིས་ཧ་ཅང་གཅེས་སྦྲས་བྱ་རྒྱུའི་དཔེ་རྙིང་འགའ་ཡང་ཐུགས་རེ་ཆེན་པོས་ལག་རྟགས་སྩལ་བ་དེས། དགུང་ལོ་བཅོ་བརྒྱད་ལ་ཕེབས་པའི་ཡོན་ཏན་བཟང་པོར་མཚོན་ན། སློབ་གཉེར་ཆེད་སེམས་ཤུགས་འཕར་མ་ཞིག་སྤྲད་ཡོད།
སང་ཉིན་ཞོགས་པ་ཉི་མ་རི་རྩེར་མ་བུད་གོང་ནས། ཡོན་ཏན་བཟང་པོས་རྡོག་ཁྲེས་ཉུང་ངུ་ཞིག་ཁུར་ཏེ་རང་དགོན་ནས་ལམ་ལ་ཆས། ཀྱག་ཀྱོག་གི་ལམ་ཕྲན་དང་། ཚང་ཚིང་གི་ནགས་ཁྲོད། འཇིགས་རུང་གི་གཡང་གཟར་གང་མང་བརྒྱུད་མཐར། ད་གཟོད་མཁས་པའི་འབྱུང་གནས་ཁམས་བྱེ་རྫོང་སར་དུ་བཤད་གྲྭ་རུ་བདེ་བླག་ངང་འབྱོར་བ་རེད།
སློབ་བུ་ཡོན་ཏན་བཟང་པོས་སློབ་གླིང་དེ་རུ་དགེ་རྒན་གྱི་ཐུགས་རེ་སྙིང་ལ་བཅངས་ཏེ་མཚན་མོ་ཟླ་འོད་དང་། སྤོས་འོད་གཉིས་ཀར་བསྟེན་ནས་སློབ་གཉེར་བྱས་པར་མ་ཟད། ཉུང་མཐར་ཡང་ཉིན་རེར་ལྡེབས་གྲངས་བཅུ་ཕྲག་འགའ་རེ་བློ་འཛིན་བྱས་པས། སློབ་གྲོགས་ཚོའི་ཁྲོད་ན་སྐྱེས་སྟོབས་ཀྱི་ཤེས་རབ་དང་། སྦྱང་སྟོབས་ཀྱི་ཡོན་ཏན་གང་ཐད་ནས་ཁོང་ལ་ཁ་གཏད་གཅོག་ཐུབ་མཁན་མེད་པར་མ་ཟད། སྐབས་དེར་སློབ་གླིང་དུ་འཆད་ཁྲིད་གནང་བཞིན་པའི་དགེ་རྒན་འགའ་ཡང་ཁོང་གི་མཐོང་རྒྱ་དང་། རྣམ་དཔྱོད་ཀྱིས་ཁ་སྐྱེངས་པོ་དང་ཉམས་དམའ་བོ་བཟོས་བ་གཏམ་རྒྱུད་ཉུང་ཉུང་མིན།
ཁམས་བྱེ་བཤད་གྲྭར་གཞུང་ཆེན་སློབ་གཉེར་གྱི་དུས་སྐབས་དེར་ཁོང་གིས་བོད་ཀྱི་མཁས་པ་ཆེན་པོ་དག་གི་གྲུབ་མཐའི་བཞེད་མཚམས་ལ་དོགས་སློང་དང་། དགག་སྒྲུབ་ཀྱི་ཡི་གེ་སྤེལ་བས། འགའ་རེས་ཁོང་ནི་ངོ་མ་མཁས་པ་རེད་ཅེས་བསྟོད་ཀྱང་། ལ་ལས་ཁོང་ཧ་ཅང་ང་རྒྱལ་ཅན་གྱི་སློབ་གཉེར་བ་ཞིག་རེད་ཅེས་ཟུར་ཟ་ཡང་བྱས་མོད་ཀྱང་། ཡོན་ཏན་བཟང་པོར་མཚོན་ན། དེ་དག་ནི་བློ་གྲོས་ནར་སོན་པའི་གོ་རིམ་ཁྲོད་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཏུ་གཟིགས་ཡོད།
དེ་ལྟར་ལོ་ཟླ་མང་པོའི་རིང་ཡོན་ཏན་བཟང་པོས་མདོ་སྲིབ་ཐུབ་བསྟན་དང་། བྲག་གཡབ་བློ་གྲོས། ཆོས་ཀྱི་བློ་གྲོས་སོགས་བཤེས་གཉེན་དུ་མ་བསྟེན་ཏེ་རྒྱ་གར་དང་། བོད་ཀྱི་མཁས་གྲུབ་ཚོའི་གསུང་རབ་ལ་སྦྱང་བ་ལྷོད་མེད་བྱས་ཏེ་མཁས་པ་ཆེན་པོར་གྱུར་ནའང་། ད་དུང་ཁོང་གི་སེམས་ན་སྟོང་ཆ་གཅིག་ལྷག་པ་ནི། སྔགས་ཀྱི་སྐོར་སློབ་གཉེར་ཆ་ཚང་ཞིག་བྱ་རྒྱུ་དེ་ཡིན།
དེའི་ཐད་ཁོང་གིས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཆོས་ཀྱི་བློ་གྲོས་ལ་བཀའ་འདྲི་ཞུས་པ་ན། ཁོང་གི་ཞལ་ནས། ཁྱོད་རང་སྔགས་སློབ་གཉེར་ཆེད་ལི་ཐང་སྡེ་གཞུང་དུ་སོང་དང་། ངས་ཀྱང་བླ་མ་ཨ་འཇམ་ཚང་ལ་ཞུ་འོང་གསུངས་པས། ཨ་པད་རིན་པོ་ཆེས་ལག་ཟུར་ཐལ་མོ་སྦྱར་བཞིན། བླ་མ་རིན་པོ་ཆེ་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུས་ཏེ། སྔགས་སྐོར་སློབ་གཉེར་ཆེད་ལམ་གྱི་དཀའ་ཚེགས་ལ་མ་འཛེམས་པར་སྡེ་གཞུང་ཨ་འཇམ་གྱི་མདུན་སར་སོང་བ་རེད། སྡེ་གཞུང་མ་ནི་འབྲོག་སྡེ་ཞིག་ཡིན་པས། མི་ཚང་མ་སྦྲ་གུར་ནང་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། དབྱར་དུས་སུ་བླ་མ་ཆོས་འཕེལ་ཡང་སྦྲ་ནང་དུ་བཞུགས་ཡོད། ཨ་པད་རིན་པོ་ཆེས་སྡེ་གཞུང་ཆོས་འཕེལ་མཇལ་བ་དང་རང་ཉིད་བཅར་དགོས་པའི་རྒྱུ་མཚན་སྙན་གསན་ཞུས་པར། བླ་མ་ཐུགས་མཉེས་ཆེན་པོ་བྱུང་།
སྡེ་གཞུང་ནས་སློབ་གཉེར་ཡོངས་སུ་མཇུག་རྫོགས་རྗེས་སྡེ་གཞུང་ཆོས་འཕེལ་ཐུགས་ཧ་ཅང་མཉེས་ཏེ། ད་ནི་ཁྱོད་རང་མདོ་སྔགས་གཉིས་ཀར་མཁས་པ་ཆེན་པོ་གྱུར་འདུག་པས། ནམ་ཞིག་ཁྱོད་ལ་མན་ངག་འདི་དག་གཞན་ལ་འཆད་དགོས་པའི་དུས་ཤིག་ཡོང་ངེས་ཡིན། དེ་དུས་ཐེ་ཚོམ་ཙམ་ཡང་མི་གནང་བར་སྤེལ་ཞིག་དང་བསྟན་འགྲོར་ཕན་ཐོག་རྒྱ་ཆེན་པོ་ཡོང་པར་འགྱུར་རོ། ཞེས་བཀའ་སྩལ་བ་དང་། ཨ་པད་རིན་པོ་ཆེའི་མིག་ཟུང་དགའ་སྤྲོའི་མཆི་མས་ཁེངས་བཞིན། བླ་མ་རིན་པོ་ཆེ། ངས་གང་འཇོན་ཞུ་ཐག་ཆོད་ཡིན། ཞེས་ལན་ཕུལ་བས། དབུ་སྐྲ་དུང་ལྟར་དཀར་ཞིང་། ཕྱག་སེན་གྱིས་ཕྲེང་རྡོག་ཆད་མེད་དུ་བགྲང་བཞིན་པའི་བླ་མ་ཆོས་འཕེལ་ཚང་ནི། རང་ལ་ཕ་ཤུལ་བུ་ཡིས་ཟིན་པའི་སློབ་མ་ཡག་པོ་འདི་འདྲ་ཞིག་བྱུང་སོང་སྙམ་སྟེ་ཐུགས་གཏིང་ནས་མཉེས་ནའང་། ཨ་པད་རིན་པོ་ཆེ་ནི་མི་རིང་བར་བླ་མ་རིན་པོ་ཆེ་དང་བྲལ་དགོས་པས་ཐུགས་སྐྱོ་ཞོར་བླ་མའི་དྲུང་ནས་ལུགས་གཉིས་ཀྱི་བསླབ་བྱ་གང་མང་ཞུས་རྗེས་རང་དགོན་དུ་ཕྱིར་ལོག་པ་རེད།
མཁན་ཆེན་ཨ་པད་རིན་པོ་ཆེའི་རྣམ་ཐར་གཞོན་ནུ་ཚོར་ངོ་སྤྲོད་སློབ་ཚན་ལྟ་བུའི་ཚུལ་གྱིས་ཨ་འདུས་སྐལ་བཟང་རྒྱ་མཚོས་བྲིས་སོ། །
རྒྱལ་བ་རིན་པོ་ཆེས་གནས་མཆོག་རྡོར་རྗེ་གདན་དུ་གསུང་ཆོས་ག་དུས་གནང་སྐབས་ས་སྐྱ་མཁན་པོ་རིན་ཆེན་ལ་བསྟོད་ར་གནང་གིས་འདུག་ ས་སྐྱ་འདི་ཚོ་ནི་ཨ་ཕཊ་རྐྱང་རྐྱང་ལབ་མ་ཚར་ནས་བསྡད་ཀྱིས་འདུག་ ད་ཁྱད་མཚར་པོ་འདུག་