རེས་གཟའ་ཉི་མ་སྟེ། སྤྱི་ཟླ་༥ ཚེས་༥ ཉིན་ལ་ནིའུ་ཡོག་དང་ནིའུ་ཇིར་ཛི་ས་གནས་གཞོན་ལྷན་གྱིས་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སོང་བ་དང་། འབྲེལ་ཡོད་ཁག་གིས་ངོ་སྤྲོད་གནང་བ་ལྟར་ན་དེ་ནི་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་དང་། ཟླ་འདིའི་ཟླ་མཇུག་ཏུ་བཞུགས་སྒར་དུ་འཚོགས་འཆར་ཡོད་པའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་ས་གནས་མི་མང་གི་བསམ་ཚུལ་སླེབས་ཐབས་སུ་མི་མང་གི་བསམ་ཚུལ་བསྡུ་བའི་བགྲོ་གླེང་སྦྱངས་བཤད་བཅས་ལས་རིམ་རྣམ་གྲངས་གཉིས་ཀྱིས་གྲུབ་པ་ཞིག་ཡིན་འདུག ང་རང་དེ་གར་འབྱོར་དུས་མི་མང་གི་བསམ་ཚུལ་འདོན་གྱིན་ཡོད། གཞོན་ལྷན་གྱི་ཚོགས་མི་ཡིན་མིན་གྱི་མི་མང་བརྒྱ་ཕྲག་ལྷག་འཛོམས་འདུག་པདང་། ཚོགས་མི་ཡིན་མིན་གཉིས་ཀས་བསམ་ཚུལ་འདོན་གྱིན་འདུག
བསམ་ཚུལ་འདོན་མཁན་མང་ཤོས་ཀྱིས་གཞོན་ལྷན་གྱི་ད་ལྟའི་ལངས་ཕྱོགས་དང་། ལྟ་བ། ལས་འགུལ་སྤེལ་ཕྱོགས་བཅས་ལ་འགྱུར་བ་གཏོང་མི་རུང་བ་དང་། མི་མང་གི་ངོས་ནས་གཞོན་ལྷན་གྱི་བྱེད་སྟངས་མང་པོ་ཞིག་ལ་ཡིད་ཆེས་མེད་པ་དང་། རྒྱབ་སྐྱོར་མེད་པའི་རྣམ་པ་མངོན་གྱིན་པ་འདིའི་དོན་དངོས་ཞིབ་གཤེར་གྱིས་གཞོན་ལྷན་གྱི་དེ་སྔའི་རྣམ་པ་བསྐྱར་གསོ་བྱེད་དགོས་ལུགས་ནན་གྱིས་གསུངས་སོང་། བསམ་ཚུལ་འདོན་མཁན་གཅིག་གིས་བཤད་པ་ལྟར་ན། དེང་སྐབས་མི་རེ་ཟུང་གིས་རྒྱལ་བ་རིན་པོ་ཆེ་དང་། བོད་གཞུང་མང་གཉིས་ཀས་རང་བཙན་འཐབ་རྩོད་པར་གནོན་ཤུགས་སྤྲོད་ཀྱིན་འདུག་ཅེས་རང་གིས་མ་འཇོན་པ་གཞན་མགོར་གཡོག་གིན་པ་དང་། གཞོན་ལྷན་གྱི་ངོས་ནས་ཡིན་ན་ཡང་། དགྲ་ལ་རྨུག་མི་ཐུབ་པར་ནང་མིར་རྨུག་མཁན་གྱི་འདོགས་ཁྱི་དེ་འདྲ་གསོ་སྐྱོང་བྱས་ནས། རང་གི་བདག་པོར་རྨུག་འཇུག་གི་ཡོད་པས། བྱེད་སྟངས་འདི་འདྲར་མི་མང་གིས་དགག་རྒྱག་རྒྱག་པ་ལས་གཞོན་ལྷན་གྱི་རང་བཙན་ལྟ་བར་དགག་པ་རྒྱག་པ་མིན་པའི་དོན་དངོས་འདི་ཤེས་དགོས་ལུགས་ནན་གྱིས་གསུངས་སོང་།
ཡང་བསམ་ཚུལ་འདོན་མཁན་གཅིག་གིས་བཙན་བྱོལ་གཞུང་མང་གཉིས་ཀྱིས་བཏོན་པའི་བོད་ས་ཡོངས་རྫོགས་གཅིག་ཏུ་བསྡུས་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་སྒྲུབ་བྱེད་ཀྱི་ལམ་དབུ་མ་དང་། ད་ལྟའི་བོད་རང་སྐྱོང་ལྗོངས་གཉིས་ཀར་ཁྱད་པར་རམ་དབྱེ་བ་ཞིག་འབྱེད་ཤེས་ཀྱིན་མི་འདུག བོད་རང་སྐྱོང་ལྗོངས་ཟེར་བ་དེ་ད་ལྟ་ཡོད་ཡོད་པ་རེད་སོགས་ཀྱི་བསམ་ཚུལ་ཡང་བཏོན་གནང་སོང་།
གང་ལྟར། གཞོན་ལྷན་གྱི་ཚོགས་མི་དང་། གཞོན་ལྷན་གྱི་ཚོགས་མི་མ་ཡིན་པའི་དེར་འདུས་ཀྱི་མི་མང་མང་ཚང་མས། བོད་ནང་གི་བོད་མི་ཚོས་རང་ལུས་མེ་རུ་འབར་བཞིན་པའི་སྐབས་སུ་ཡང་༧གོང་ས་མཆོག་གི་མཚན་ནས་འབོད་པ་འདིས་ང་ཆོའི་རྩ་དོན་འཐབ་རྩོད་ཀྱི་སྒུལ་ཤུགས་གང་ན་ཡོད་གསལ་བོར་བསྟན་ཡོད་པ་དང་། ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་དང་། རང་བཙན་རྩོད་མཁན་སུ་ཞིག་ཡིན་རུང་། ༧གོང་ས་མཆོག་ལ་མཚན་སྨོད་དང་། བོད་སྤྱིའི་མཐུན་སྒྲིལ་གྱི་སྒུལ་ཤུགས་གཏོར་ཐབས་བྱེད་མཁན་ལ་དགག་པ་དང་སུན་འབྱིན་བྱེད་དགོས་པའི་བླང་བྱ་བཏོན་སོང་།
ཡང་བསམ་ཚུལ་འདོན་མཁན་གཅིག་གིས་བོད་བཙན་པོའི་རྒྱལ་རབས་འཐོར་བ་ནས་བཟུང་། ༧གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གི་དུས་སྐབས་འདིའི་བར་དུ་བོད་ཡུལ་སྟོད་སྨད་བར་གསུམ་གཅིག་ཏུ་བསྡུས་པའི་བོད་ཆེན་པོའི་བསམ་བློའི་གཅིག་གྱུར་ཅིག་བྱུང་མེད། དེ་བས་༧གོང་ས་མཆོག་ལས་སྐུ་དྲིན་ཆེ་བ་སུ་ཡང་མེད་པ་དང་། ཁ་ཤས་ཤིག་གིས་༧གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་རང་བཙན་བསྒྲགས་གཏམ་གནམ་ལ་འཁྱར་ནས། ཤུགས་ནས་༧གོང་ས་བཅུ་བཞི་པ་ཆེན་པོར་རང་བཙན་དོར་མཁན་ཡིན་པའ་ི་ནག་ཉེས་འགེབས་ཐབས་བྱེད་ཀྱིན་པ་འདིར་ལ་བློ་ཕམ་ཡོད་པ་དང་། དེ་ལྟའི་ལས་ཀ་བྱེད་མཁན་ཚོས་ཁ་ནས་རང་བཙན་དང་བོད་སྤྱིའི་རྩ་དོན་ཅི་ཞིག་གླེང་རུང་། དོན་དངོས་ཐོག་བོད་མི་མང་གི་སྙིང་ལ་རྨ་ཁ་བཟོ་མཁན་ཡིན་ལུགས་བརྗོད་སོང་།
ཕྱི་དྲོའི་ཆུ་ཚོད་གཉིས་པ་གཡོལ་ནས་གང་འཚམས་འགོར་རྗེས་ཚོགས་བསྡུ་མཇུག་བསྡུས་སོང་། ས་གནས་གཞོན་ལྷན་གྱི་ཚོགས་གཙོས་མི་མང་གི་བསམ་ཚུལ་ལ་སྡོམ་བརྒྱབ་དུས། མི་རེ་ཟུང་གིས་གཞོན་ལྷན་དང་གྲོས་ཚོགས་ར་བ་སོགས་ཀྱི་སྡིང་ཆ་བེད་སྤྱད་ནས་༧གོང་ས་མཆོག་དང་བོད་གཞུང་ལ་ཉེས་འགེལ་བྱས་དང་བྱེད་ཀྱིན་པ་འདི་དག་གཞོན་ལྷན་གྱི་དགྲ་བོ་ཡིན་ལུགས་སོགས་ཀྱང་གསུངས་སོང་། འདི་ནི་ངའི་དེ་རིང་གི་ཉིན་ཐོ་ཡིན། ཁ་པར་ནང་ཟིན་བྲིས་སུ་བཏབ་པ་ཡིན་པས་ཞིབ་ཆ་མ་བྱུང་དང་། དག་ནོར་བྱུང་རིགས་ལ་དགོངས་དག་ཞུ། ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ན་ལྷག་བསམ་ལགས་ཀྱི་བརྙན་བསྡུས་ལ་སྒུག་རོགས།
ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་དང་། རང་བཙན་རྩོད་མཁན་སུ་ཞིག་ཡིན་རུང་། ༧གོང་ས་མཆོག་ལ་མཚན་སྨོད་དང་། བོད་སྤྱིའི་མཐུན་སྒྲིལ་གྱི་སྒུལ་ཤུགས་གཏོར་ཐབས་བྱེད་མཁན་ལ་དགག་པ་དང་སུན་འབྱིན་བྱེད་དགོས་པའི་བླང་བྱ་བཏོན་སོང་། འདི་དངོས་གནས་གནད་ལ་ཁེལ་བའི་བསམ་འཆར་ཞིག་རེད།
རང་བཙན་ཐུགས་ནས་མི་དོར་བའི།།
གཞོན་ནུ་ལྷན་ཚོགས་ཕྱག་གི་ཡུལ།།
གཉིས་སྨན་དབུ་མའི་ལམ་བཟང་དེ།།
འཛིན་པ་རྣམས་ལའང་ཕྱག་འཚལ་ལོ།།
ཁ་བ་ཅན་འདི་ལོ་རྒྱུས་ནང་།།
རང་བཙན་མིན་ཞེས་སྒྲོགས་པ་ཡི།།
སྐྱག་དྲི་ཅན་གྱི་དབུ་མ་པ།།
ཁྱོད་ལ་དགའ་བ་ནམ་ཡང་མེད།།
སྐྱབས་མགོན་བླ་ན་མེད་པ་ལ།།
བོད་དང་བོད་པ་བསླུས་ཞེས་པའི།།
ཡ་ག་སྒྲོགས་པའི་རང་བཙན་པ།།
ཡི་གར་འོངས་བ་མ་ལགས་སོ།།
རང་བཙན་ཁར་ཡོད་ལག་མེད་རེད། །
རང་བཙན་མ་རྩོད་དབུ་མར་ཞུགས། །
རྡ་སའི་ལག་པར་རང་བཙན་མེད། །
རང་བཙན་རྩོད་ན་པེ་ཅིང་རྒྱུགས། །
༼ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་དང་། རང་བཙན་རྩོད་མཁན་སུ་ཞིག་ཡིན་རུང་། ༧གོང་ས་མཆོག་ལ་མཚན་སྨོད་དང་། བོད་སྤྱིའི་མཐུན་སྒྲིལ་གྱི་སྒུལ་ཤུགས་གཏོར་ཐབས་བྱེད་མཁན་ལ་དགག་པ་དང་སུན་འབྱིན་བྱེད་དགོས་པའི་བླང་བྱ་བཏོན་སོང་། ༽ འདི་བདེན་པ་རེད། ང་ཡང་མི་དེ་འདྲ་ལ་རྩ་བ་ནས་མི་དགའ།
རང་བཙན་ཁར་ཡོད་ལག་མེད་དང་།།
དབུ་མ་ཁར་ཡོད་ལག་མེད་གཉིས།།
བོང་བུའི་རྣ་ཅོག་རིང་ཐུང་ཞིག།།
ཁྱད་པར་འབྱེད་པ་གླེན་པའི་རྟགས།།
རྡ་སའི་ལག་པར་རང་བཙན་མེད་དང་གཅིག།།
རང་ཚོགས་ལག་པར་དབུ་མ་མེད་དང་གཉིས།།
པེ་ཅིང་སེམས་ནང་རང་དབུ་མེད་དང་གསུམ།།
འདི་གསུམ་འཛོམས་པས་གཞིས་ལུས་གནས་སྟངས་སྐྱོ།།
རང་བཙན་ཁ་གཡང་སྒྲོགས་དང་གཅིག།།
དབུ་མ་སེམས་གསོ་མཁས་དང་གཉིས།།
པེ་ཅིང་གདུག་རྩུབ་ཆེ་དང་གསུམ།།
འདི་གསུམ་འཛོམས་པ་བོད་མིའི་ལས།།
ཡིན་དང་ཡིན་རྒྱལ་བ་རིན་པོ་ཆེ་ཁ་གཏོང་མཁས་ལ་དགག་པ་རྒྱབ་དང་རྒྱབ། ཡིན་ན་ཡང་གཞོན་ནུ་ཚོགས་པ་དེ་ང་ཚོ་ལ་དགོས་གལ་ཆེ་ལ། རྒྱ་དམར་ནས་བོད་ཀྱི་གཞོན་ནུ་ཚོགས་པ་ལ་དམིགས་གསལ་དགག་པ་རྒྱབ་བཞིན་པ་རེད། ལྷག་པར་རྒྱལ་བ་རིན་པོ་ཆེ་ལ་རྒྱབ་སྐྱོར་ཡིན་ཁུལ་གྱིས་གཞོན་ནུ་ལ་གདོན་ཟུག་བྱེད་པ་ནི་རྒྱ་དམར་དགའ་བའི་རྒྱུ་ལ་འགྲོ་བཞིན་པས་རྡོག་རྩ་ཆིག་བསྒྲིལ་ལ་འབད་གལ་ཆེ།་བོད་རྒྱལ་ལོ། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་རྟེན་པར་ཤོག་ཤོག་ཤོག།
༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་མ་རྩིས་རུང་རང་མོས་རེད། གལ་ཏེ་བརྩིས་ཕྱིན་ཆད་ཁོང་གི་བཀའ་དགོངས་ལ་རྡོག་རོལ་ཕྱིན་ན། བཀའ་དྲིན་ཞེས་དྲིན་ཆེན་པོ་ཆགས་པ་དེ་བཀའ་ལ་བརྟེན་ནས་ཡིན། ཁོང་གི་སྐུ་གསུང་ཐུགས་གསུམ་ལས་གསུང་དེ་རྩ་ཆེ་ཤོས་མིན་ནམ། བཀའ་བཞིན་སྒྲུབ་པའི་མཆོད་ལས་མཆོག་ཏུ་གྱུར་བ་མེད། དེས་ན་འཚེ་བ་མེད་པའི་ལམ་ལས་བརྒལ་བའི་ལམ་གཞན་བསྟན་རྒྱུ་མེད་ན། དབུ་མའི་ལམ་རང་ནས་ཕེབས་ན་ཡག་ཤོས་དང་བཟང་ཤོས་མ་རེད་དམ།
རང་བཙན་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པས། སྐད་འབོད། ཞུ་གཏུགས། ཟས་བཅད་སོགས་ཞི་རྒོལ་བཅས་ནི། ཡན་ལག་གི་རྒྱུ་ལས་འཐབ་རྩོད་དངོས་དེ་མིན་པར་སེམས།
སྲིད་དོན་བཤད་དུ་ཆོས་ལུགས་མ་བཤད། ཆོས་ལུགས་བཤད་དུ་སྲིད་དོན་མ་བཤད། ཆོས་སྲིད་ཟུང་འབྲེལ་གྱི་གནང་བའི་བོད་མི་རིགས་ཀྱི་ལས་དབང་ལ་གཟིགས་དང་།
རིགས་ལྡན་ལག་བདེན་པ་རེད། ཡིན་ན་ཡང་སྐུ་ཉིད་ནས་ད་བར་རང་ནུས་ཀྱི་ལས་དོན་ག་རེ་བྱེད་ཡོད། རྒྱལ་བའི་བཀའ་ག་རེ་བསྒྲུབས་ཡོད། དབུ་མའི་ལམ་ལ་ཡན་ལག་ཙམ་མ་ཡིན་པའི་ལས་དོན་ག་རེ་གནང་ཡོད། གལ་ཏེ་རང་བཙན་རྩོད་ན་རྒྱལ་བའི་བཀའ་དང་འགལ་བ་ཡིན་ནམ། རང་བཙན་དོར་བ་དེ་རྒྱལ་བའི་བཀའ་འསྒྲུབ་བམ། ང་ཚོའི་མེ་པོ་ཚོས་སྲོག་སླུས་གཏང་ནས་རྒྱ་རོ་ལ་དམག་རྒྱབ་པ་དེ་རྒྱལ་བའི་བཀའ་དང་འགལ་ལམ། ཡང་ན་རང་བཙན་ནི་ཕམ་ཁ་ཆེན་པོ་ཞིག་ཡིན་པས། བོད་པ་ཚོ་རང་བཙན་རྩོན་ན་བོད་དོན་རེད ་ དབུ་མའི་ལམ་ལ་རྩོད་ན་བོད་དོན་རེད། ཅིག་ནི་མགྱོག་ལམ་་རེད་། ཅིག་ནི་རིང་ལམ་རེད་། ང་ཚོ་ནི་རྡོག་ཙ་ཆིག་བསྒྲིལ་ལ་འབད་པར་ཞུ།
ཤར་པ་ལགས། ཁྱེད་རང་གིས་གསར་འགྱུར་དང་བསམ་ཚུལ་ནོར་འདུག འདིར་ང་རང་མི་སྒེར་གྱི་བསམ་ཚུལ་གང་ཡང་བཤད་མེད། ཁ་སྔོན་གཞོན་ནུའི་ཚོགས་འདུའི་ཐོག་གི་མི་མང་གི་བསམ་ཚུལ་ཁག་ཅིག་ཟིན་ཐོར་བཀོད་ནས་འདིར་བཞག་པ་ཙམ་ཡིན།
སྐབས་དེར་ཡོད་པའི་བསམ་ཚུལ་འདོན་མཁན་སུ་ཞིག་ཡིན་རུང་། རང་བཙན་དང་དབུ་མ་གང་ཞིག་ཡིན་རུང་། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་༧གོང་ས་མཆོག་ལ་མཚན་སྨོད་དང་། བོད་མིའི་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་མཁན་ལ་དགག་པ་ཡོད་ཟེར་སོང་བ་མ་ཟད། རང་བཙན་རྩོད་མཁན་སྤྱི་དང་། ཁྱད་པར་དུ་ཡང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་དམ་བཅའ་འབུལ་དུས་༧གོང་ས་མཆོག་གི་ཐུགས་དགོངས་སྒྲུབ་རྒྱུའི་དམ་བཅའ་བཞག་ཡོད་ཟེར་གིན་འདུག དེ་བས། རང་བཙན་རྩོད་ན་༧གོང་ས་མཆོག་ལ་རྒྱབ་འགལ་བྱེད་པ་ཞིག་ལ་སུས་ཀྱང་འདོད་ཀྱིན་མི་འདུག་པ་མ་ཟད། ༧གོང་ས་མཆོག་ཡར་ཕེབས་ན་ཡར་འགྲོ་གི་འདུག མར་ཕེབས་ན་མར་འགྲོ་གི་འདུག་ཟེར་ནས། ༧གོང་ས་མཆོག་ལ་འགུལ་བསྐྱོད་རྒྱག་དབང་མེད་པར་དགག་པ་རྐྱང་བརྒྱབ་པ་དང་། ཁ་ནས་རང་བཙན་ཟེར་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རང་བཙན་བཙོང་ཟེར་མཁན་དག་ལ་དགག་པ་རྒྱག་དགོས་པ་མ་ཟད། མི་དེའི་རིགས་གཞོན་ནུ་ལྷན་ཚོགས་དགྲ་བོ་ཡིན་གསུངས་སོང་། དེ་བས། བསམ་ཚུལ་འདོན་མཁན་ཚོས་ཀྱང་རང་བཙན་རྩོད་མཁན་དང་ལམ་དབུ་མ་པ་གཉིས་ཀ་དགྲ་བོའམ་ཁ་གཏད་ཡིན་པར་འདོད་ཀྱིན་མི་འདུག སུ་ཡིན་རུང་དམིགས་འབེན་ལ་རྒྱ་དམར་བཟུང་དགོས་རེད་ཟེར་གྱིན་འདུག ཡང་བསྐྱར་གསལ་བཤད་བྱེད་ཡ་ཞིག་ལ། འདི་ཚོ་གསར་འགྱུར་དུ་སྤེལ་བའི་གཞན་གྱི་ལྟ་ཚུལ་དང་བསམ་འཆར་རེད། ང་རང་གི་ལྟ་བ་དང་ལངས་ཕྱོགས་ཤིག་བཤད་ཀྱིན་མེད་པ་གསལ་བོ་མཁྱེན་པ་གནང་རོགས།་
སྐབས་འཚོལ་རིང་ལུགས་པ་ཁ་ཤས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཆོལ་གསུམ་སྤུན་ཟླ་ཡོངས་རྫོགས་ཆིག་སྒྲིལ་ཡོངས་བའི་འབོད་སྐུལ་མི་བྱེད་པར་རང་བཙན་ཡག་ཚུལ་དང་དབུ་མ་བདེན་ཚུལ་སོགས་བཤད་ནས་བོད་རིགས་སྤུན་ཟླ་རྣམས་ཀྱི་སེམས་ལ་རྨ་ཁ་བཟོ་བཞིན་པ་འདི་ནི་རྒྱ་གུང་ཁྲན་དགའ་བའི་རྒྱུ་ཡིན་པས་ནས་རང་བཙན་དང་ལམ་དབུ་མ་གང་ཡིན་རུང་ཚང་མ་༧རྒྱལ་བའི་བཀའ་དང་མི་འགལ་བའི་ཐོག་ནས་ཆིག་སྒྲིལ་བྱས་ཏེ་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བར་བརྩོན་ཤིག་ཨང་།
མཁྱེན་ཡངས་ཤར་པ་ལགས། གུས་པས་༧རྒྱལ་བས་རྒྱལ་བ་སངས་རྒྱས་ཀྱི་བཀའ་དགོངས། ཆོས་ནི་མདོར་ན་མི་འཚེ་བ། །ཞེས་འཚེ་མེད་ཞི་བར་དགའ་མོས་དང་དབུ་མའི་ལམ་ལ་ཕྲན་བུ་ཕྱོགས་ཤིང་། དབུ་མའི་ལམ་གྱི་དགོངས་དོན་གཞི་མར་བཅོལ་ནས་རང་མི་རིགས་ཞེན་དཀར་དང་། ཆོས་དང་བོད་པའི་སྐད་ཡིག་ལ་དོ་སྣང་རང་ནུས་རྒྱུན་འཛིན་ལ་འབད་ཁུལ་ཡིན་ལགས། དེ་མིན་གནམ་འཕང་ཆོད་པ་དེ་འདྲ་གང་ཡང་མེད། ༧སྐྱབས་མགོན་རིན་པོ་ཆེའི་ལམ་སྟོན་ལ་གནད་འགག་ཆེན་པོ་ཡོད། ང་ཚོས་ཁོང་གི་དགོངས་འདུན་ཕུགས་འདུན་ཡོངས་སུ་གསལ་རྟོགས་ཐུབ་མིན་འདུག་སྙམ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟབ་ཟབ་མོའི་གསང་སྔགས་ཡོངས་གྲགས་མ་གསུང་པ་དེ་གནད་འགག་ཆེན་པོ་ཞིག་གཟིགས་ནས་མ་ཡིན་ནམ།
དེ་དང་དུས་མཚུངས། གལ་ཏེ་བཀའ་བཞིན་སྒྲུབ་མ་ཐུབ་ན་ཡང་། རྗེས་སུ་འབྲངས་ནས་ཁོང་གི་འབངས་སུ་འགྲོ་ཨེ་ཐུབ་བལྟ་དགོས་སྙམ་མོད། འོན་ཀྱང་རང་མོས་རེད། ༧རྒྱལ་བ་རིན་པོ་ཆེས། ལན་མང་ང་ཚོ་རང་བཙན་རྩོད་ཀྱི་མེད། མི་མང་སྤྱི་མཐུན་ཁྲིམས་འོག་ནས་རང་དབང་ཐོབ་ཐང་གཙང་མའི་དགོས་འདུན་བཏོན་གནང་བ་མ་རེད་དམ། འདི་གསལ་པོ་ཞེ་དྲག་རེད།
དེ་ལྟར་ལགས་ན། གང་ཉིད་ནས་དགོངས་ཟབ་མཐིལ་ཕྱིན་བཞེས་དང་འདིར་དྲོ་བ་ཁ་རྒྱུ་ཞིག་ཡོད་སྙམ།
དེ་ལྟར་མིན་ཚེ། ལོ་རྒྱུས་བདེན་པ་བདེན་པ་རང་རེད། ལོ་རྒྱུས་བཀོད་པ་པོ་རྒྱ་དམར་ནི་མ་རེད་མོད། འོན་ཀྱང་དབང་ཡོད་འགྲོ་ཚོད་ཅིག་སྒང་ནས་སམ། དམག་ཤུགས་དང་དཔལ་འབྱོར་སྟོབས་ཤུགས་ཀྱིས་སྣ་ཁྲིད་པའི་འཛམ་གླིང་འདི་བླུན་པོ་ཆུ་སྣ་གར་འཁྲིད་རང་རེད་མི་འདུག་གམ། ངོས་ཀྱི་བསམ་ཚུལ་ཡིན།
ཁོང་ཚོས་གཙོ་ཉིང་དེ། (price)གོང་ཚད་སྟེང་བཞག་དུས། ང་ཚོས་གཙོ་ཉིང་དེ། (value)ཆེ་མཐོང་སྟེང་བཞག་དགོས། ཁོང་ཚོས་ཆེ་མཐོང་བརླགས་རུང་གོང་ཚད་མ་བརླག་རྒྱུར་འབད་རྩོལ་བྱས་ཀྱིན་ཡོད། ང་ཚོ་དང་ཁོང་ཚོའི་གཞི་རྨང་གི་ལྟ་ཚུལ་འགལ་ཟླ་ཆེན་པོ་ཡོད། མདོ་དོན་མིའི་ཆེ་མཐོང་དེ་དངོས་པོའི་རིན་གང་ལ་བཀོལ་སྤྱོད་བྱེས་པ་ལས། དངོས་པོ་དག་ང་ཚོའི་ཆེད་མིན་པར་ང་ཚོ་དངོས་པོའི་ཆེད་ཡིན་པའི་ལྟ་ཚུལ་གོ་ལྡོག་གམ་གཙོ་ཕལ་དབྱེ་ཕྱེ་མ་ཐུབ་པ་དེར་སྐྱོན་ཆ་ཆེན་པོ་ཞིག་ཡོད་ཅེས་སྐྱོན་བརྗོད་
ནི་ཞུ་ཧམ་དུ་སོང་ངེས་རེད་སྙམ།
བོད་ཀྱི་ཆོས་དང་རིག་གཞུང་ནི། ང་ཚོའི་གཅེས་ནོར་བོད་མིའི་བླ་སྲོག་རེད། གལ་ཏེ་དེ་བརླག་ན་དངོས་གནས་ངོ་ཚ་པོ་དང་ཕངས་པོ་རེད། ང་ཚོ་ཆོས་རིག་སྐད་ཡིག་ཟུར་དོད་ཡོད་པའི་འོག་རང་བཙན་གཙང་མ་གནས་ཡོད། དེ་མིན་ཁག་པོ་རེད། དགོངས་པ་རྒྱ་ཆེ་ས་ནས་བཞེས་དགོས་སྙམ།།།།།།
ཨོ་ད་ཡིན་ན་ཤར་པས་རིག་ལྡན་རྒྱལ་པོ་ལ་ཟེར་བ་ཡིན་པ་འདྲ། དགོངས་དག ངས་ང་ལ་བཤད་ཀྱིན་འདུག་བསམ་ནས་སྐལ་མེད་ས་ནས་སྐེ་བསྲིངས་ནས་ཤར་པ་ལ་ལན་ཞིག་བཏབ་ཡོད། གང་ལྟར་མི་སྐྱོན་གི གསལ་བཤད་དེས་མི་མང་པོ་ཞིག་ལ་ཕན་རྒྱུ་རེད་འདོད།
རང་བཙན་ཁ་དེ་སྡོད་ཚུགས་མེད་དང་གཅིག།།
དབུ་མའི་སེམས་ནང་ལྷན་སྐྱེས་སྒྲོ་འདོགས་ཞིག།།
གཉིས་ཀའི་ངག་ན་སྐུར་འདེབས་རྫོགས་མེད་རེ།།
ཆིག་སྒྲིལ་མེད་པར་བཟོ་མཁན་གཏེ་པོ་གཉིས།།
ད་མང་པོ་བཤད་དགོས་དོན་མི་འདུག ཨ་རི་ན་ཡོད་པ་ཚོས། ཉེ་སྔོན་གཞོན་ནུའི་ཚོགས་གཞོན་གྱིས་ཅི་ཙམ་ངག་ཀྱལ་སྣ་ཚོགས་སྨྲས་ཤེས་གསལ་ཡིན། དེའི་ཁར་འཇམ་ནོར་གྱིས་མཚན་སྨོད་ཅི་ཙམ་ཞུས་པའང་ཤེས་གསལ་རེད། དེ་ཚོ་ཚང་མ་ཨ་རི་ནས་བྱུང་བ་རེད། ཁྱེད་ཚོས་སྒོ་ཁར་སླེབས་ནས་མཚན་སྨོད་ཞུ་མཁན་ཚོར་ལན་འདེབས་རེ་བྱེད་ཨེ་ཐུབ་བལྟས་ན་དེས་འགྲིག་གི་རེད། ཁ་སང་གཞོན་ནུའི་ཚོགས་གཞོན་ལ་སྲིད་སྐྱོང་བློ་སེང་གིས་ཐོངས་མཆན་རྒྱབ་གཉེར་སྤྲད་ནས་ཨ་རིར་ཐར་མེད་ན་ཉོག་དྲ་འདི་དག་ག་ནས་བྱུང། ད་རང་བཙན་ཚོགས་འདུར་གཞོན་ལྷན་དབུས་ཡིག་ཚང་ད་དུང་༧གོང་ས་ཆེན་པོ་ཆིབས་བསྒྱུར་གནང་རོགས་ཟེར་གྱི་འདུག་ཟེར། དེ་སྣང་བ་མི་འགྲོ་བའི་སྐད་ཆ་མ་རེད་དམ། ག་འདྲ་ཞིག་༧གོང་ས་མཆོག་འགྲོ་དགོས་པ་རེད་དམ། སྟབས་ཡག་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་དག་དུས་ལྟར་མཁྱེན་ནས་༧གོང་ས་མཆོག་ཕེབས་མི་ཐུབ་པ་ཚོགས་གཞོན་གྱི་ཧམ་བཤད་དེ་དག་རྒྱུ་མཚན་དུ་དྲངས་ཡོད་པ་དང། གནས་སྟངས་འདི་འདྲར་༧གོང་ས་ཆེན་པོར་སྙན་གསེང་ཞུ་ཐུབ་མེད་ལུགས་ཕེབས་སྐབས། གཞོན་ལྷན་དབུས་ན་ཚོགས་གཞོན་ཨ་རིར་སོང་བ་དེ་གཞོན་ལྷན་གྱི་ཆེད་དུ་མིན་པར་ཁོ་པ་སྒེར་དོན་ཡིན་ཚུལ་བཤད་ཀྱི་འདུག་སྐད། ད་མི་འདི་ཚོས་ག་རེ་ལས་ཀྱི་ཡོད་ན།། དེ་རྣམས་རོབ་ཙམ་ཞིག་ཤེས་ན་མི་མང་ལ་ཕན་ཐོག་མེད་འགྲོ བསམ་བློ་གཏོང་ཕྱོགས་ཤིག་ཀྱང་མེད་འགྲོ།།
འདྲེ་རིག་ལྡན་གྱིས་ཚིག་ཐོ་འདི་དག་སོར་བཞག་གིས་བཀོད་པ་ནི་དངོས་གནས་ཡག་པོ་རེད། ཞོར་དུ་ཞུ་དགོས་པ་ཞིག་ལ། དབུ་མའི་ལམ་ལ་ཡིད་ཆེས་ཡོད་པའི་གང་ཟག་སུ་གང་གིས་ཀྱང་ད་བར་༧གོང་ས་ཆེན་པོར་གཞི་མེད་ནག་འགེལ་བྱས་བཞག་གཅིག་ཀྱང་ཡོད་པ་མ་རེད། དེ་ཚོགས་ཐོག་དེའི་བོད་མི་ཕྱེད་ཀ་དེ་ཚོས་ཅིག་ཤེས་ན་ཡག་པོ་མེད་འགྲོ། མ་གཞི་ནས་རང་གི་ཁེ་ཕན་དང་ལྟོ་གོས་ཆེད་ཆུ་བོ་ཐུར་ལ་རྒྱུགས་རྒྱུགས་བྱེད་མཁན་སུས་ཀྱང་བོད་དོན་ཟེར་བ་འདི་བཤད་ཡོང་དུས་གད་མོ་ཡང་ཤོར་བ་ཞིག་མ་རེད་དམ། ཕྱོགས་གང་ནས་ཚུལ་ཅི་ལྟར་བསམས་ཀྱང། རང་ཉིད་སྟོབས་ལྡན་སྟོབས་མེད་གང་གི་ངོ་བོར་བཞག་ནས་བསམས་ཀྱང། ལོ་རྒྱུས་གཙང་མ་ཡོད་མེད་གང་གི་ཆ་ནས་བསམས་ཀྱང། ང་ཚོའི་ཁ་སྟབས་འདིས་བོད་རང་བཙན་ལེན་རྒྱུ་ཡིན་ཟེར་ན་དེ་ནི་ཐོབ་མི་སྲིད་པ་དང་ཨུ་ཚུགས་ཁོ་ནའི་ངང་སྟོང་ཟད་དུ་འགྲོ་བ་ཞིག་ཡིན་པ་མཐོང་མཐོང་པ་རེད་བ། དཔེར་ན་བཙན་བྱོལ་ནང་རང་གི་སྐད་ཡིག་རིག་གནས་ཀྱང་ཧྲ་ཐག་ཐག་ཅིག་འཛིན་ཐུབ་མེད་ཁར། དེང་དུས་ཤེས་ཡོན་ཡང་མཛུབ་མོ་འཛུགས་ས་ཞིག་མེད་པའི་གནས་བབ་འདི་འདྲས་བོད་རང་བཙན་ག་ནས་ལེན།། ལྷག་པར་འཇམ་ནོར་སོགས་མི་ཁ་ཤས་ཀྱིས་དབུས་གཙང་ཙམ་ལ་རང་བཙན་བྱུང་ན་འདོད་པའི་བསམ་ཚུལ་འདི་རིགས་ཀྱིས་སྤྱི་པའི་འཐབ་རྩོད་ལ་དངོས་ཤུགས་བརྒྱུད་གསུམ་ནས་བར་ཆད་བྱས་བསྡད་པ་ཡིན་ན། ང་ཚོའི་གནས་སྟངས་ག་བ་སླེབས་ས་རེད་དམ། དེ་བས་དོ་སྣང་ཅན་ཚོས་དྲན་ཤེས་བསྟེན་བཞིན་འདོན་ཚུལ་ཡན་གར་བར་དགག་བྱ་དུས་ལས་མ་ཡོལ་བ་བྱེད་དགོས་པ་མ་རེད་དམ། མི་ཁ་ཤས་ཤིག་གི་བྱས་ཉེས་ལས་༧གོང་མཆོག་གི་དགོངས་གཞི་དང་ཆོལ་གསུམ་ཆིག་སྒྲིལ་མ་བྱུང་ན་དེ་བློ་ཕམ་པོ་མ་རེད་དམ། དེ་བས་དུས་ཚོད་དམ་འཛིན་བྱེད་དགོས་པའི་དུས་ལ་བབས་ཡོད་པ་རེད་འདོད།།
དབུ་མ་པས་༧གོང་ས་མཆོག་ལ་བསྐུར་འདེབས་བྱས་མེད་ཟེར་བ་བདེན་ཤས་ཆེ་ཡང་། དེ་ལས་སྡུག་པ་ཞིག་ལ་བོད་རང་བཙན་ཟེར་བ་གཏན་ནས་མེད་རབས་ཀྱིས་སྒང་པ་བོད་ཀྱི་ལོ་རྒྱུས་ལ་བསྐུར་འདེབས་ཚད་མེད་ཞུས་བྱས་པ་རེད།
ཤར་ཁུག་ལགས་བོད་མི་ཞིག་ཡིན་པའི་ཆ་ནས་གུས་ཞབས་དང་བཅས་ཞུ་་རྒྱུར། གཞོན་ནུ་མི་ཅིག་གིས་ལབ་པ་དེ་གཞོན་ནུ་སྤྱི་ལ་ལེབ་རྒྱབ་མ་གནང་རོག། གུས་པ་ཡང་སྔོན་མ་འཇམ་ནོར་ལ་དགའ་པོ་ཡོད་ལ་མི་འདི་མཐོང་རྒྱ་ཆེན་པོ་དང་རང་ཅག་བོད་པ་ལ་དགོས་གལ་ཆེ་བསམ་གྱི་ཡོད་། ད་སྐབས་ཁོས་རྩོམ་བོད་རྒྱུར་བྱེད་པ་རྒྱལ་བ་ཡིན་བཞིན་ནོར་བུ་ལ་ཁ་གཏོང་བ་དག་མཐོང་དུས་དངོས་གནས་རྣམ་རྟོག་སྡེང་ནས་ཟ་བྱུང། ཤར་ཁུག་ཁྱོད་རང་ལ་སྔོན་མ་དངོས་གནས་དགའ་པོ་ཡོད། ཡིན་ན་ཡང་རྒྱ་རོའི་ཁྲག་དར་དམར་པོ་གནམ་ལ་འཕྱར་ཡོང་དུས་ཁྱོད་མའུ་ཙེ་ཏུང་གི་བུ་རེད་བསམ་སོང། ཁྱོད་རང་བོད་མི་ཡིན་པས་རྩེ་གདུང་ཡོད། ཡིན་ཡང་སྲིད་་དང་ལྟ་བའི་ཆ་ནས་ཁྱོད་རང་འཇམ་ནོར་ལས་སྡུག་པ་རེད་། ཁྱོད་རང་གིས་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་གཏང་དེ་གོ་རྒྱུ་ཐོག་ནས་རེད་། རྒྱ་རོའི་ཁྲག་དར་གནམ་ལ་བླང་པ་དེ་དབུ་མའི་ལམ་འགྲོ་ས་འདི་རེད་ཟེར་དངོས་སུ་རྒྱལ་བ་རིན་པོ་ཆེ་ལ་རྒྱབ་སྐྱོར་ཡིན་ཁུལ་ལ་ཤུགས་ལ་དབུ་མའི་ལམ་ལ་དམའ་འབེབས་རེད། དེ་ལྟར་མ་ཡིན་ན་དབུ་མའི་ལམ་ལ་ད་ལྟ་ནས་བོད་མི་ས་ཡ་ཅིག་ལྷག་ཙམ་གསད་པའི་རྒྱ་རོས་ཁྲག་གནམ་ལ་འཕྱར་དགོས་པའི་རྒྱལ་བའི་བཀའ་ཞིག་ག་་བ་འདུག་བསྟན་དང་ཁྲག་དར་ལྐུག་པ། ལྷག་པར་ཁྱོད་རང་གིས་དབུ་མའི་ལམ་ལ་འགྲོ་ན་དར་དམར་འོག་འགྲོ་ཚུལ་ལབ་ཡོང་དུས་བོད་མི་མང་པོ་ཞིག་སེམས་ལ་མི་བདེ་བ་བཟོས་པ་ཚང་མས་ཤེས་གསལ་རེད། གཞོན་ནུ་ཅིག་གིས་ལབ་པ་དེ་གཞོན་ནུ་སྤྱི་ལ་གནོད་རྐྱོན་མ་གཏང་རོག། དཔེར་ན་བོད་མི་ཅིག་གིས་ཁྲག་དར་དམར་པོ་ལ་དགའ་ཞེན་བྱེད་པ་དེ་བོད་མི་སྤྱི་ལ་ལབ་མི་རུང་བ་བཞིན་ནོ། ཡིན་ན་ཡང་དགོང་དག་ཚིག་ངན་ཤོར་སོང་བས་ཡག་་པོ་མི་འདུག་ ཆིག་བསྒྲིལ་ལ་འབད་གལ་ཆེའོ།
བོད་རང་བཙན་ལོ་རྒྱུས་བདེན་པ་མིན་པ་དེ་བཤད་མཁན་རྒྱ་གུང་བྲན་གཙོ་བོ་རེད། དེ་མིན་དྲ་རྒྱ་ཁག་ནང་རྒྱའི་སློབ་ཕྲུག་སོགས་མང་པོ་ཞིག་གིས་བརྒྱུད་ལམ་ཁག་ནང་(གཙོ་བོ་དྲ་རྒྱ་)བོད་དེ་རྒྱ་ཁོངས་ཡིན་པ་བྲིས་ཡོད་པས། དེ་ཁུངས་འདྲེན་བྱེད་ཀྱི་ཡོད། འོན་ཀྱང་ངོས་ཀྱི་བསམ་པར། དེ་དག་ནི་ད་ལྟའི་གནསས་བབ་འོག་བཀོད་པ་ལས་རྒྱལ་རབས་ལོ་རྒྱུས་དེད་པའི་ཁུངས་འཕེར་ཞིག་མིན་སྙམ། ལན་མང་བཀོད་མྱོང་བ་ཞིག་ལ། ཅི་སྟེ་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་གནས་མྱོང་མེད་ན། དབུ་མའི་ལམ་ནས་ཕེབས་སྐབས་ཀྱི་འདས་པའི་ལོ་རྒྱུས་བདེན་པའི་གཞི་རྩ་མེད་ནས། ཡུན་མཚམས་ཞིག་ནས་གསར་བཟོས་ཀྱི་གནས་བབ་ལ་ཕྱིན་ན་དེ་ཡང་མ་འགྲིགས་པར་སེམས། ཅི་སྟེ་ངེས་མེད་བོད་རྒྱ་ཁོངས་ཡིན་ཡིན་པ་དེ་སྤྱི་མཐུན་རྒྱལ་ཁབ་ཆེན་པོ་ཞིག་ནང་མཉམ་གནས་གྲོས་འདུན་བཏོན་རུང་དེ་ནི་ཟློས་སྐྱོན་རེད། ཡིན་པ་དེ་ཡིན་ཞེས་བསྐྲ་ཟློས་བྱ་དགོས་དོན་མེད། ལོ་རྒྱུས་ཐོག་མིན་པ་ཙམ་མ་ཟད་བོད་པར། རྒྱ་ལས་ཐ་དད་པའི་ཟུར་དོད་ཆོས་རིག་སྐད་ཡིག་ལེགས་བྱང་སོགས་མང་པོ་ཡོད་པ་བཅས་ཀྱང་ཡིན།
ཧམ་པ་ཆེ་ཙམ་བཤད་ན། བཅོམ་ལྡན་འདས་ཀྱི་ཆོས་ཚུལ་འོད་སྣང་ཁྱབ་པའི་ཡུལ་ཁམས་གཅིག་མཚུངས་ཡིན་པ་ལ། ད་ལྟ་དུད་སྤྲིན་གློག་དམར་འཁྱུག་པའི་ལང་ལོང་གི་ཁྲོད་གནས་དགོས་ཀྱི་འགན་རྩ་དེ་སུའི་སྒང་ལ་འཁྲིས་ཡོད་མིན་བསམ་ཤེས་བྱ་དགོས། གུང་བྲན་ནས་ནུབ་བརྒྱུད་ཐོན་སྐྱེད་ཆེན་མོ་ཞེས་རྩིས་མཐོང་ཧ་ལས་པ་ཞུ་ས་དེ་ནས་ཉམས་མྱོང་མཐོང་སྣང་བྱུང་ཡོད་གཤའ། མ་ཟད་འཁྲུག་ཆེན་དང་གཉིས་ཀྱི་མཇུག་འབྲས་མིག་མཐོང་ལག་ཟིན་ཡིན་ན། ངོས་ཀྱི་བསམ་པར། ཕུགས་རྒྱང་ལ་ནུབ་ཕྱོགས་དང་ཤར་ཕྱོགས་པའི་ཐོན་སྐྱེད་གཉིས་ལས་ཤར་ཕྱོགས་པའི་ཐོན་སྐྱེད་དེ་ཤར་ཕྱོགས་རང་ལན་འཚམས་འོས་ཆེ་བར་སེམས།
རིགས་ལྡན་རྒྱལ་པོ་ལག་གིས་གསུང་པ་ལ་གོ་རྒྱུ་ཆེན་པོ་འདུག་པས་བདེན་ཁ་ལེན་རྒྱར་སྦྱིན་ནོ།
ཐན་བྱའི་ཐན་སྐད་དེ་བདེན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། མ་གཞི་སྔར་ནས་ད་བར་བླ་མ་དང་རྒྱལ་ཚབ་སོགས་དབང་འཛིན་མི་སྣ་ཡག་པོ་ཡོད་ཀྱང་གཤམ་འོག་གི་ལས་བྱ་དེ་ཚོས་བླ་མ་དང་དབང་འཛིན་མི་སྣར་ནག་རྩི་བྱུགས་མཁན་མང་དྲག་ནས་བོད་ཀྱི་བྱུང་རབས་ཡང་འདི་ལས་མ་འདས། བྱས་ཙང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་རང་བཙན་ཚོགས་འདུར་༧སྐུ་མདུན་གདན་དྲངས་རྒྱུར་བཀགས་འགོག་གིས་སྙན་ཞུ་ཡར་སྙན་དུ་གསོལ་མེད་ན་དེ་ནི་ཆེས་ནོར་འཁྲུལ་རེད་ལ། དུས་རབས་ཉེར་གཅིག་གི་དཀའ་རྙོག་ཡོད་ཚད་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཞེས་པ་དེ་ཁ་གཡང་ཙམ་དུ་ཟད། ལར་ནས་དོན་གྲུབ་ལྷ་དར་ཨ་རིར་ཕྱིན་ནས་ནོར་འཁྲུལ་ག་རེ་བསགས་པ་རེད། དོན་གྲུབ་ལྷ་དར་གྱིས་བཅའ་ཁྲིམས་དང་འགལ་བའི་ལས་ཅི་ཞིག་བསགས་པ་རེད། འཇམ་ནོར་དང་དོན་ལྷས་༧རྒྱལ་བ་རིན་པོ་ཆེ་ཐུགས་བློ་མི་བདེ་བའི་ལས་འགུལ་ཅི་ཞིག་སྤེལ་བ་རེད། ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་སྐྱོན་བརྗོད་དེ་ཚོ་མཚན་སྨོད་དང་ཟུར་ཟ་ཡིན་པ་ཚད་གྲུབ་དང་ཁྲིམས་ཐོག་མི་འཁྱོལ་བའི་སྐད་ཆ་ཞིག་རེད། དཔེར་ན་ང་ལྟ་བུར་མཚོན་ན་༧རྒྱལ་བ་རིན་པོོ་ཆེར་ཆོས་ཕྱོགས་ནས་དད་པ་རྩེ་གཅིག་ཡོད་ལ་ཆབ་སྲིད་ཐད྄་དད་པ་མེད་ཀྱང་གུས་བརྩི་ཡོད། དེ་ནི་ཆབ་སྲིད་ལྟ་གྲུབ་མི་མཐུན་པའི་ཡིན་རྒྱུ་རེད། དེ་ལྟ་བས་ན་བོད་མི་ནང་ཁུལ་གྱི་རྙོག་གླེང་ཆུང་ཙག་རིགས་ཆེན་པོ་བཟོས་ནས་དགྲར་འཛིན་གྱི་འདུ་ཤེས་ཁྱབ་སྤེལ་བཏང་ན་ཆིག་སྒྲིལ་ཞིག་གང་ན་བརྩལ་རྒྱུ་ཡོད་པ་རེད།
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་རྒྱ་རིགས་འཁོན་འཁོན་ཐོགས་ཐོགས་མེད་པར་༧སྐུ་འགྲམ་དུ་གཏོང་རྒྱུ་དང་འཇམ་ནོར་ལ་སོགས་པའི་ཆབ་སྲིད་ལྟ་གྲུབ་མི་མཐུན་པའི་བོད་རིགས་རྣལ་མ་དེ་ཚོ་བཅར་འདྲི་ཚིག་གཅིག་ཞུ་རྒྱུའི་གོ་སྐབས་མི་བསྟེར་བའི་ལམ་ལུགས་ལ་བསྒྱུར་བཅོས་ངེས་པར་དུ་གཏོང་དགོས་པར་འདོད།
ཤར་ཁུག་འདིས་ནང་དཀྲུག་དང་སྲིད་སྐྱོང་ལ་མཁོན་འཛིན་གྱི་སྐད་ཆ་ལས་ཅི་ཡང་བཤད་རྒྱུ་མེད་དོན་གང་རེད།
རྒྱ་དམར་ནས་ཉི་འོང་ལ་མེ་དང་རྩེད་མོ་མ་རྩེ་ན་ཡག་གི་རེད་ཅེས་སྡིགས་ར་བཏང་ཡོད། དེ་ནས་ཆེ་ས་ཨ་རིས་བཏོན་པའི་སྙན་ཐོ་དག་ལ་རྡོག་རོལ་བཏང་རྐྱང་མ་གཏོགས་བྱས་མེད། ད་དུང་ཚུར་རྫིག་རྫིག་གཏོང་ཐབས་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་འགག་རྡོ་ཆེན་པོ་ཞིག་ཆགས་ཡོད་ན། སྐད་ཆ་གཞན་བཤད་ས་འདུག་གམ། ཡང་ན་དགྲ་བོའི་ཁ་གཏད་དུ་ལངས་ནས་འགྲན་རྩོད་བྱ་དགོས། དེ་འདྲའི་དཔུང་ཤུགས་དང་ནུས་མཐུ་མེད་ན། ཡ་ང་སྙིང་རྗེ་མེད་པའི་དགྲ་བོས་རྡོག་བརྫིས་གཏོང་རྒྱུ་ཡིན་པ་མངོན་གསལ་རེད། མ་ཟད་རྩར་མེད་རྡོག་རོལ་གཏོང་ངེས་ཡིན་སྙམ་མོ།།
རང་བཙན་རྐྱང་རྐྱང་བཤད་མ་བསྡད་པར་འཐབ་རྩོད་ཀྱི་ལས་འཆར་དངོས་སུ་ཐོན་དང་། དགའ་ལྡན་ཕོ་བྲང་སྐུ་སྒེར་རེད། དངོས་གནས་རང་མེར་ཐུག་མེ་འཚིག་གི་བོད་དོན་སྐད་ཅ་བཤད་རྒྱུ་ཡོད་ན། འོས་བཀྲབས་ཀྱི་སྲིད་སྐྱོང་མཉམ་དུ་གྲོས་བསྡུར་གནང་དགོས། སྐུ་སྒེར་སྐུ་སྒེར་རེད། མི་མང་གི་ཆེད་བཀའ་མོལ་དོ་འགན་ཡོད་པ་འདྲ་བཤད་རྒྱུ་ཡོད་ན་སྒྲིག་འཛུགས་མཉམ་གྲོས་མཉམ་མོལ་བྱེད་ན་འཐུས་ངེས་རེད། ༧རྒྱལ་བ་རིན་པོ་ཆེ་མཇལ་ནས་བྱིན་རླབས་འཐོབ་ཡས་གང་ཡང་མེད། བྱིན་རླབས་ནི་དད་པ་དམ་ཚིག་གཡོ་བ་མེད་པ་ལས་འཐོབ་རྒྱུ་ཞིག་ཡིན། དེ་ནི་ཆོས་ཀྱི་སྐད་ཅ་རེད། སྲིད་དོན་ཡིན་ན་སྲིད་སྐྱོང་ལྷན་ཚོགས་གནང་དགོས།
མོ་ལོ་མང་པོར་གསུང་ཚ་ཚ་བཀའ་གནང་ཟིན་པ་དེ་ལས་ལྷག་ག་མན་ངག་དཀར་པོ་ཆིག་སྒྲིལ་རྡོག་རྡོག་གཅིག་གནང་ཡས་མེད་སྙམ།
ལོ་ངོ་བཅུ་ཕྲག་མང་པོའི་རིང་ཆོས་སྲིད་ཟུང་གི་བཀའ་དྲིན་བསྐྱངས་བསྐྱངས་ནས་ཉི་མ་ལ་ཁར་སླེབས་དུས་སུ་ཡང་ཚོར་སྣང་མ་
བྱུང་ན་ཁག་པོ་རེད། བོད་ཀྱི་སྤྲུལ་སྐུ་རྗེས་མ་ཨེ། ཞེས་ཚིག་ཙམ་ནས་མི་འདོད་པ་ཐོན་འདུག་སྙམ། (ཨེ)ཞེས་མ་རངས་པའི་ཚིག་བེད་སྤྱོད་གཏོང་དགོས་ཡས་མེད་སར་བཏང་ཡོད།
ཡང་ཤེས་དགོས་པ་ཞིག་ལ། གལ་སྲིད་རྒྱ་ནག་གོང་མ་ཚོ་ནང་བཞིན། ནང་ཆོས་དང་ཡོངས་སུ་མ་འགལ་བ་ཞིག་ཡིན་ན། ད་ལྟའི་དམར་པོ་ཚོས་བོད་པའི་འགོ་ཁྲིད་བྱེད་ཐུབ་པའི་གོ་སྐབས་ཡོད། འོན་ཀྱང་བོད་པའི་འགོ་ཁྲིད་པར་བོད་མི་མང་གི་མངོན་འདོད་དང་མཐུན་པ་ཞིག་དགོས། རང་འདོད་རང་ལྟ་ཉིད་ཡང་དག་པར་བརྩིས་ནས་འགྲོ་མི་ཐུབ། གལ་ཏེ་བོད་མི་མང་གི་རང་གི་ཆོས་དང་རིག་གཞུང་དེ་རང་དབང་གི་འགག་རྡོ་གཡོལ་མེད་དུ་མཐོང་བ་དང་། ཆོས་བྱས་ཕྱིན་ཆད་མང་གཙོ་ཡོང་ཐབས་མེད་པར་འདོད་ན་དེ་དུས་སྐབས་བབ་ཀྱི་གནད་དོན་ཞིག་རེད། ངས་བྱས་ན། ཆོས་ལ་རང་དབང་དང་མང་གཙོར་གནོད་པའི་ལམ་ལུགས། བཙན་བཀའ་དང་སྨྲ་བརྗོད་རང་དབང་འཕྲོག་པའི་གནས་བབ་ཅིག་མཇལ་མ་སོང་། གཅིག་བྱས་ན། མཐོང་ཐོས་ཞན་པས་ཡིན་སྲིད། མ་ཟད་མང་གཙོའི་ལམ་ལུགས་ནང་རང་དབང་གི་གོ་དོན་དེ་ཆོས་ནས་བཤད་པ་དེར་ལེགས་སྐྱེས་འདྲ་འབུལ་རྒྱུ་ཡོད་སྙམ།
ད་འཇམ་ནོར་གྱི་རང་མཚང་དངོས་སུ་ཐོན་སོང་། ནམ་རྒྱུན་བོད་ཞེན་ཡོད་མདོག་དང་། རང་བཙན་རྩོད་མཁན་ཡིན་མདོག་རྐྱང་རྐྱང་བྱེད་བཞིན་པ་རེད། འོན་ཀྱང་ཁུག་ཁུག་དེ་འདྲ་ལ་་དོལ་རྒྱལ་ཚོགས་པའི་གཏེ་པོ་བདེ་ཆེན་སྤྲུལ་སྐུ་མཉམ་དུ་པར་བརྒྱབས་ཏེ་སྐད་ཆ་ག་རེ་བཤད་ཡོད་མེད་སུས་ཤེས། དངོས་གནས་འཇམ་ནོར་ཁོ་རང་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་ཁུལ་རེད། བདེ་ཆེན་སྤྲུལ་སྐུ་ཞེས་པ་འདི་སུ་ཡིན་མིན་དང་། རྒྱ་ནག་དང་ལག་སྦྲེལ་ཡོད་པ་མི་ཤེས་མི་སྲིད་པ་རེད། འོན་ཀྱང་དགྲ་མདུན་ལ་སླེབས་དུས་པར་རྒྱབ་འདོད་མེད་ཅེས་ཀྱང་སྨྲ་ཕོད་མི་འདུག ཐབས་སྐྱོ་བ་ལ།
དབུ་མར་རློམ་པའི་བློ་ངོར་རང་བཙན་གཟན། །རང་བཙན་མཁན་པོའི་ཐུགས་ལ་སྒྲོ་འདོགས་གཟན། །གཟན་པ་ོགཉིས་ཀྱི་བར་ན་རྒྱ་འདྲེ་གཟན། །དེ་དག་ཀུན་གྱི་དབུས་ནས་མྱུལ་མ་དར། །ཐོག་མར་རང་བཙན་སླད་དུ་གཞན་ཡུལ་འགྲིམས། །བར་དུ་མཉམ་རུབ་ཟོལ་གྱིས་བདག་དབང་བརྩད། །མཐའ་མར་འཁོར་ཡུག་སྐྲུན་སླད་ཆིག་སྒྲིལ་བཏོར། །དོན་དུ་དབུ་རང་གཉིས་ཀར་འོ་རེེ་རྒྱལ། །
ྩ
ད་འོ་ན་དགའ་ལྡན་ཕོ་བྲང་དང་འབྲེལ་བའི་མཚན་སྨོད་དང་ཟུར་ཟ་ཟེར་བའི་ཐ་སྙད་འདི་ག་པར་ནས་ཐོན་པ་ཡིན་ནམ། བྱས་ཙང་བོད་མི་རིགས་ཀྱི་ཆབ་སྲིད་འཐབ་རྩོད་ནང་ལྟ་གྲུབ་ཀྱི་རྩོད་རྙོག་འདི་བསེལ་དཀྲོལ་བྱེད་པར་ཡིན་ཅིག་བཅར་འདྲི་བརྒྱུད་དོགས་པ་རྣམ་རྟོགས་བསེལ་དགོས་ངེས་མ་རེད་པས། ད་བྱས་ན་༧རྒྱལ་བ་རིན་པོ་ཆེ་མཇལ་བར་ཡིན་ཅིག་བྱིན་རླབས་ཞུ་དགོས་པ་ཨེ་རེད། དེ་དང་དུས་མཉམ་རྒྱ་རིགས་དང་མགོ་སེར་ཚོའི་གོ་སྐབས་དེ་བོད་མིར་མེད་པའི་རྒྱུ་མཚན་ཅི་རེད། ལམ་དབུ་མ་འདི་༧རྒྱལ་བ་རིན་པོ་ཆེས་གསང་སྔགས་བླ་མེད་ཀྱི་དབང་ལུང་གནང་བཞག་པ་ཞིག་རྩ་བ་ནས་མ་རེད་ཞེས་ངས་སྔ་ས་ས་ནས་མང་མང་ཞུས་མྱོང་། དེས་ན་ལམ་དབུ་མའི་གཞི་ལམ་འབྲས་གསུམ་ལ་དོགས་གཅོད་བྱེད་མི་ཆོག་པའི་རྒྱུ་མཚན་ཅི་རེད། བྱས་ཙང་མགོ་སེར་ཚོས་གསོལ་ཚིག་བཞེས་པའི་དུས་ཚོད་ཡང་བེད་སྤྱད་དེས་དེབ་མང་མང་འབྲི་ཡི་ཡོད་པ་རེད། བོད་པས་བཅར་འདྲི་བྱས་པའི་ཟིན་ཐོ་གཅིག་ཀྱང་བཏོན་རྒྱུ་མེད་པ་དེ་བྱིན་རླབས་ཁོ་ནར་དམིགས་པ་ཞིག་ཡིན་རྒྱུ་རེད་པཱ། དེ་ལྟ་བས་ན་ལོ་ངོ་དུ་མར་གསུང་ཚ་ཚ་ནན་གནང་བ་རེད་ལ་མན་ངག་དཀར་པོ་ཆིག་སྒྲིལ་རྡོག་རྡོག་དེ་ལས་ལྷག་གཅིག་གནང་ཡས་མེད་པ་བདེན་ཡང་། ད་དུང་བོད་དང་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་གནས་སྟངས་དེ་ཡར་རྒྱས་ཕྱིན་མེད་པར་ཛ་དྲག་རང་བཞིན་གྱིས་ཅན་དུ་གྱུར་བཞིན་པ་འདི་རེད། མ་ཟད་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཆོས་སྲིད་ཟུང་འབྲེལ་གྱི་བཀའ་དྲིན་བསྐྱངས་བསྐྱངས་ནས་ཉི་མ་ལ་མཁར་སླེབས་ཀྱང་ད་དུང་བཀའ་དྲིན་བསྐྱངས་རྒྱུ་དེ་བས་མང་བ་ཞིག་ལྷག་ཡོད་པ་རེད།
བོད་ཀྱི་སྤྲུལ་སྐུ་རྗེས་མ་ཨེ། ཞེས་པའི་དབྱིན་ཡིག་གི་མ་ཚིག་དང་བསྡུར་ན་ཕལ་ཆེར་ཏག་ཏག་གཅིག་བསྡད་ཨ་ཡོད་སྙམ། མ་གཞི་དབྱིན་ཇི་མགོ་སེར་དེ་ཚོས་༧གོང་ས་མཆོག་ལ་བཅར་འདྲི་ཞུ་དུས་གུས་བརྩི་དང་ཞེ་ཚིག་མེད་པར་ཐད་ཀར་ཁྱད་མཚར་དེ་འདྲ་ཞུ་ཡི་འདུག། འོན་ཀྱང་དེ་ནི་ནུབ་ཕྱོགས་པ་ཁོ་ཚོའི་འདྲ་མཉམ་གྱི་ལྟ་བའི་འོག་སྐད་ཆ་ཐད་ཀར་བཤད་པའི་ལམ་ལུགས་རེད་མ་གཏོག་གཞན་གང་ཡང་མ་རེད། མ་གཞི་འཇམ་ནོར་གྱིས་ཨེ་སྒྲ་སྦྱར་ནས་ཡང་སྤྲུལ་ལ་མ་རངས་པའི་ཚིག་བེད་སྤྱོད་གཏོང་དགོས་ཡས་མེད་སར་བཏང་ཡོད་ན་ཁོ་རང་གཉིད་མ་ཉལ་གོང་ནས་རྨི་ལམ་བཏང་བ་ཡིན་རྒྱུ་རེད། ལར་ནས་ཡང་སྤྲུལ་༧རྒྱལ་བ་འདི་པ་ཚང་ལྟ་བུའི་མཛད་འཕྲིན་དང་མཚན་སྙན་མཉམ་པ་ཞིག་ཡོང་རྒྱུ་ངེས་པ་གཏན་ནས་མེད་པ་རེད། བྱས་ཙང་མ་འདས་སྤྲུལ་སྐུའི་གླེང་གཞི་དེ་ཡང་འདི་ནས་བྱུང་བ་ཞིག་ཡིན་ཚོད་རེད།
ད་རང་བཙན་རྐྱང་རྐྱང་བཤད་མ་བསྡད་པར་འཐབ་རྩོད་ཀྱི་ལས་འཆར་དངོས་སུ་ཐོན་དང་ཞེས་པའི་ཆ་རྐྱེན་དང་པོ་དེ་རེད།
འོ་ཡ་ངས་ཀྱང་ལས་འཆར་མ་འདོན་གོང་ཁྱེད་ལ་དབུ་མ་རྐྱང་རྐྱང་བཤད་ནས་མ་བསྡད་པར་རྒྱ་བོད་དོན་ཕན་ལྡན་པའི་འབྲེལ་མོལ་བརྒྱུད་ཚད་མཐོའི་རང་སྐྱོང་ངོ་མ་ཞིག་ལོན་ཤོག་དང་ཟེར་རྒྱུ་ཡིན། ཧ་ཧ། སྒོ་ཕར་ག་ཚོད་བརྡུང་ཀྱང་ཨ་ལན་མི་བསྟེར་བ་ཅི་བྱས་པ་རེད། རྒྱ་བོད་འབྲེལ་ལམ་ཇི་ལྟར་འགག་སོང་བ་རེད། ལས་འཆར་འདོན་རྒྱུ་རང་དབུ་གཉིས་ལ་དཀའ་ངལ་ཆེར་མེད་པ་རེད། ལར་ནས་བོད་མི་རིགས་ཀྱི་འཐབ་རྩོད་ནང་ད་བར་རང་སྲོག་བློས་གཏོང་གིས་ཁ་ནས་༼བོད་རང་བཙན་ཡིན་༽ཟེར་མཁན་ཉུང་ཉུང་གཏན་ནས་མ་རེད་དཱ། གཤིན་པོའི་རྣམ་ཤེས་ཀྱིས་དུར་ཁུང་ནས་གཟིགས་ཡོད་རྒྱུ་རེད་ལ་ལས་འབྲས་གཤན་འབྱེད་ལས་ཐར་མི་སྲིད་པ་རེད་དཱ། འདི་ཚོའི་ཚེ་སྲོག་དེ་རྩེད་སྤྱད་ཅིག་་མིན་པ་མཐོ་སྨན་ཚང་མས་ཤེས་དགོས་པ་གལ་ཆེའི་གནད་དོན་ཞིག་རེད་དཱ།
དེས་ན་ད་ལྟའི་རྒྱ་ནག་གི་གནས་བབས་དང་རྒྱལ་སྤྱིའི་གནས་བབས་བོད་ནང་གི་གནས་སྟངས་གང་ལ་གཞིག་ཀྱང་རང་དབུ་གཉིས་ཀའི་འཐབ་རྩོད་ཀྱི་ཐབས་ལམ་ལ་འབྲས་བུ་ངེས་གཏན་མེད་པ་གཅིག་པ་རེད། ཀྲུང་དབྱང་སྲིད་གཞུང་མགོ་རྔ་ལོག་ཉིན་རང་སྐྱོང་ནི་མ་བརྩད་ཀྱང་མ་མཐར་རག་གི་རེད། ད་འོ་ན་རང་བཙན་བརྩད་ན་ཡིན་གཅིག་ཁ་གཏད་དུ་ལངས་ནས་དྲག་སྤྱོད་བྱེད་དགོས་པ་འདྲ་ཞིག་འཛིན་པ་ནི་ཡ་མཚན་མ་རེད་པས། རྒྱ་གར་རྒས་པོ་གྷན་དྷི་ཇིས་འཚེ་མེད་ཞི་བའི་ཐབས་ལམ་བེད་སྤྱད་དེས་རང་བཙན་བརྩད་་པ་མ་གཏོག་དབྱིན་ཇིའི་འོག་རང་སྐྱོང་བརྩད་པ་ཞིག་ཡིན་ཚོད་མ་རེད། ད་ལྟའི་དབྱིན་ཇིའི་འོག་གི་ཨི་སི་ཀོཊི་ལནཌི་རང་བཙན་རྩོད་བཞིན་པ་དེ་འཚེ་མེད་ཀྱི་འཐབ་རྩོད་མ་གཏོག་དབྱིན་ཇི་གཞུང་དང་དྲག་འཐབ་རྩ་བ་ཉིད་བྱེད་ཀྱི་མི་འདུག།
ཨ་ཙི་སྟབས་ཉེས་ནས་ང་ཚོ་རྒྱ་དམར་གྱིས་བཙན་བཟུང་བྱས་འདུག གལ་ཏེ་དབྱིན་ཇི་འོག་ཚུད་ཡོད་ན། བདག་ཉིད་ཆེན་པོ་གྷན་དྷིས་བཟང་བཙོན་ཁྲིམས་གཏུགས་གནང་ཡས་འདུག་གཱ། རྒྱ་དམར་དེ་འདི་འདྲའི་བཙན་རྒྱལ་ནང་གི་བཙན་རྒྱལ་གཏེ་པོ་དེ་རེད། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ག་པར་བཞུགས་ཡོད་དམ། བླ་མ་དང་སྤྲུལ་སྐུ་སོགས་ང་ཚོའི་སྤུན་ཟླ་རྒྱལ་གཅེས་པ་རྣམས་འདི་འདྲའི་ཆག་ཆེ་ཉམ་ངའི་གནས་སུ་བསྐྱལ། ༧རྒྱལ་བ་རིན་པོ་ཆེས་རང་དབང་ལུང་པའི་ནང་ནས་འཐབ་རྩོད་གནང་དུས་རྒྱ་དམར་གྱི་བྱེད་སྟངས་ཐབས་སྐྱོ་པོ་གང་འདྲ་འདུག་གམ། རྒྱ་གར་དང་ལྷག་པར་རྒྱལ་ཁབ་གཞན་དཔེར་བསྡུར་དུ་རན་དཀའ། གང་ལགས་ན། ད་ལྟའི་དམར་པོ་འདི་ཞེ་དྲག་གི་གདུག་རྩུབ་རེད། དབྱིན་ཇི་གནས་བབ་དང་བསྡུར་ས་མེད། རྒྱ་གར་མི་འབོར་ཆེན་པོ་ཤེས་ལྡན་དང་ཆབ་སྲིད་མཁས་པ་མང་པོ། དགྲ་བོ་དང་ས་མཚམས་མིན་པ་ཐག་རིང་གི་འགྲུལ་བཞུད་དང་བཙན་གནོན་དཀའ་བ། ཁག་གཅིག་གིས་ཞི་རྒོལ་དང་ཡང་ཕྱོགས་གཞན་ནས་འཐབ་རྫིང་གཏོང་རེས་ཀྱང་བྱས་ཡོད། དམར་པོ་གཅིག་སྡུད་ལ་འདི་འདྲའི་ཁུངས་ལུང་མེད་པས། ཉེ་ཆར་ལ་དགས་ཁུལ་ནས་རྒྱ་དམག་སིམ་འཛུལ་གྱིས་རྒྱ་གར་དབུས་གཞུང་ལ་སྐུ་ཕྱའི་ཉེན་ཁ་ཡང་ཡོད་སྐོར་BBC ནས་ཐོན་ཡོད། འོན་ཀྱང་ངས་ནམ་ཡང་དྲག་པོའི་ཐོག་གི་སྐད་ཅ་བཤད་ནོར་ཐེབས་མེད་བསམ། ཉན་ཕྱོགས་གང་ཡིན་རང་མོས་རེད།
དབུ་མའི་ལམ་གྱི་དངོས་གཞིའི་གྲུབ་འབྲས་སོན་མེད་རུང་། གང་ལྟར་jet li ནས་ལབ་པ་ནང་བཞིན། རྒྱལ་སྤྱིའི་ནང་བོད་འདི་རྒྱ་ཁོངས་རེད་ཅེས་ལབ་མཁན་ལས་མ་ལབ་མཁན་སུ་འདུག སྔོན་མ་bush རྒན་པས་བོད་འདི་བཙན་འཛུལ་བྱས་པའི་རྒྱལ་ཁབ་ལ་ངོས་འཛིན་རུང་དེ་ནས་སུས་ཀྱང་ངོས་ལེན་བྱས་མེད། རྒྱ་བོད་དཀའ་རྙོག་སེལ་བར་རྒྱ་བོད་སྐད་ཅ་བཤད་དགོས། རྒྱ་མི་རིགས་ནང་ནས་རྒྱབ་སྐྱོར་དགོས། དེའི་ནང་ནས་རྒྱ་རིགས་ཤེས་ཡོན་ཅན་ནས་དགོས། དབུ་མའི་ལམ་ལ་རྒྱབ་སྐྱོར་མང་པོ་ཐོབ་ཡོད། རྒྱལ་ཁབ་མེད་རུང་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། མང་གཙོའི་རང་དབང་རྩོད་ཆོག་གི་རེད། འདི་འདྲའི་སྐད་ཅ་བཤད་ས་ཡོད།
རྒྱ་མི་སྟོབས་ཆེན་རྒྱལ་ཁབ་ནས་མར་ཙམ་མ་བབས་བར། རང་བཙན་ལ་སུས་ཀྱང་རྒྱབ་སྐྱོར་བྱེད་མཁན་ཁག་པོ་རེད། ཚང་མ་སོ་སོའི་ཁེ་ཕན་དེ་དང་པོ་བྱས། དེ་ནས་སྟབས་ར་འགྲིགས་ན་སྐད་ཅ་འདྲ་བཤད་ཀྱི་རེད་མ་གཏོགས་སོ་སོའི་ཁེ་བཟང་གློད་ཀྱི་མ་རེད།
བཅར་འདྲི་སྲིད་དོན་ཐོག་ཞུ་དགོས་ན། སྲིད་སྐྱོང་འཁྲིས་ལ་ཕེབས་དགོས། ཆོས་འབྲེལ་ཞུ་བར་དད་པ་དགོས། དེ་མིན་ཆོས་ལ་དོ་སྣང་མེད་དུས་དཀའ་གནད་བགྲོ་གླེང་ཞུ་དགོས་ཡས་དེ་འདྲ་ནི་ཡོད་ལས་མ་ཆེ། གཞན་སྐུ་བཅར་ཞུ་དགོས་དོན་མ་གཟིགས་པ་རེད་སྙམ། གང་ལྟར་སྲིད་གྲོས་སྐུ་གམ་དུ་གླེང་ཚེ་ཞལ་འཕངས་མཛད་ངེས་རེད། གང་ལགས་ན། དེ་སྲིད་སྐྱོང་དང་འབྲེལ་བའི་བཀའ་མོལ་ཡིན་པས་སོ།།
ཕྱི་རྒྱལ་བ་ཚན་རིག་པ་དང་ཆོས་དད་མེད་མཁན་ཚོ་འགྲུལ་པ་ཞེས་འཇིག་རྟེན་ཡ་རབས་ལུགས་ལའང་ག་ཆེན་པོ་བརྩིས་པ་བཞིན་རེད། རྒྱ་རིགས་དང་མཐུན་འབྲེལ་ངེས་པར་བཟོ་དགོས་ལ་ད་དུང་ཉུང་སྐྱོན་མ་གཏོགས་མང་སྐྱོན་མེད། དེ་མིན་སྐུ་བཅར་ཞུས་ནས་དོ་གལ་ཆེ་བ་ངས་མ་མཐོང་། ཅི་སྟེ་ཡོད་ན་གལ་པོ་ཆེ་ལ་ནན་ཏན་རེད་ཡང་བསྐྱར་ཞུས་ན་ལན་མེད་མ་གནང་བའི་རེ་བ་ཡོད།།
བྱིན་རླབས་ཞེས་པ་ནི། བོད་པ་ཞིག་མཇལ་ཁ་ཐོབ་ན་བྱིན་རླབས་ཐོབ་པའི་མོས་བྱེད་ཀྱི་ཡོད། དེ་མིན་གནད་འགག་ཆེ་བ་འདྲ་ཨེ་ཡོད།
དབུ་མའི་ལམ་ལ་དོགས་གཅོད་ཞུ་སྐབས་མ་ཟད། ཅི་སྟེ་ངེས་མེད་ཕྱིར་བསྡུ་དགོས་ཀྱང་ངེས་པར་བསྡུ་དགོས། མང་མོས་དང་བོད་མི་མང་གོ་དོན་རེད། དབུ་མའི་ལམ་གྱིས་བོད་མི་མང་ལ་གནོད་བསྐྱལ་ན། ངེས་པར་མེད་པ་བཟོ་དགོས། འོན་ཀྱང་དེའི་དོད་ལ་བོད་དོན་སྒྲུབ་པའི་ཐབས་ལམ་འདི་ཡིན་ཞེས་བསྟན་རྒྱུ་མེད་ན། གྱོང་གུད་བོད་མི་མང་ལ་རག་གི་རེད། སྒེར་སོ་སོ་མི་ཚེ་ཕུ་ཐུབ་ངེས་རེད། འོན་ཀྱང་དེའི་རྗེས་འབྲས་ཡག་པོ་མ་བྱུང་བའི་ཁྲེས་འགན་དེ་སུ་ལ་བབ་མིན་ཤེས་དགོས།
བཙན་འབྱོལ་ནང་ཡོད་པ་བཞིན་བོད་ནང་ནས་ཀྱང་རང་བཙན་སྐད་འབོད་མངོན་འདོད་ཡོད་མི་ཆོག་ཅེས་སུས་ཀྱང་ལབ་མེད། ཚང་མས་༧རྒྱལ་བ་རིན་པོ་ཆེར་དད་པ་ཡོད་པ་བཞིན་ཁོང་གིས་དྲིན་ཆུང་གནང་མེད་སྙམ། ཐ་ན་སྨོན་ལམ་ཚུན། མདོར་ན་མགོན་པོ་སྤྱན་རས་གཟིགས་ཞེས་བདེན་ཚིག་སྨོན་གསོལ་གནང་བ་བཞིན་ནོ།།
བྱས་ཙང་ངས་པེ་ཅིང་སྲིད་གཞུང་མགོ་རྔ་མ་ལོག་པར་རང་དབུ་གཉིས་ཀའི་འཐབ་རྩོད་ཀྱི་འབྲས་བུ་ངེས་གཏན་མི་འདུག་བཤད་པ་དེ་དོན་ལ་གནས་འདུག། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱ་གར་ཆེན་པོ་དབང་བསྒྱུར་བྱེད་དུས་སྐུ་དྲག་དང་དབང་འཛིན་ངོ་ལོག་བཅས་པ་གསོན་པོ་ས་སྦས་བཏང་བ་མི་ཤེས་པ་ཨེ་རེད། དབྱིན་ཇིས་མི་རིགས་དཀར་པོ་ལས་གཞན་པའི་མི་རིགས་གཞན་འགྲོ་བ་མིའི་ཁྱབ་ཁོངས་སུ་མི་འཛིན་པའི་འདུ་ཤེས་ཞིག་ཀྱང་ཡོད་པ་རེད། སྐབས་དེ་དུས་ཀྱི་དབྱིན་ཇི་ནི་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཤོས་དང་གདུག་རྩུབ་ཆེ་ཤོས་དེ་རེད། བཙན་འཛུལ་ག་ས་གལ་བྱས་ཡོད་པ་རེད། གལ་ཏེ་བོད་དེ་སྐབས་དེ་དུས་དབྱིན་ཇིས་བཙན་འཛུལ་བྱས་ཡོད་ན་བླ་མ་གྲྭ་པ་མཚོན་པས་སྐུ་དྲག་དབང་འཛིན་མི་སྣ་ཚང་མ་གསོན་པོར་ས་སྦས་གཏོང་རྒྱུ་སྨྲོས་མེད་རེད། དེ་ནི་གུང་ཁྲན་དང་འདྲ་འདྲ་ལས་བཟང་ངན་གྱི་རྣམ་དབྱེ་འབྱེད་གཞི་མི་འདུག། འོན་ཀྱང་བོད་དེ་དབྱིན་ཇིས་བཙན་བཟུངས་བྱས་ཡོད་ན་རྒྱ་གར་དང་མཉམ་དུ་རང་བཙན་སྤྲད་ཡོད་སྲིད་པ་རེད། དེ་ནི་རྐྱེན་ངན་གྲོགས་ཤར་རང་རེད། འོན་ཀྱང་དེ་ནི་ཨ་ཁ་ཁ་ཟེར་རྒྱུ་མ་གཏོག་ཅང་ལྷག་མེད་པ་རེད། དེ་ལྟ་བས་ན་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱ་གར་ཆེན་པོ་དབང་གྱུར་བྱས་ནས་མི་ལོ་ཉིས་བརྒྱ་ལྔ་བཅུར་ཉེ་བའི་རྗེས་ཀྱི་དབྱིན་ཇི་དེ་སྔར་གྱི་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་རང་འཇག་བསྡད་མེད་པར་འགྱུར་བ་རིམ་པ་མང་པོ་ཕྱིན་པ་རེད་ལ། རྒྱ་གར་རྒས་པོ་གྷན་དྷི་མཆོག་ལ་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་རག་པ་མ་ཟད་རིམ་པས་དབྱིན་ཇི་དམག་ཆེན་གཉིས་པ་ཕམས་ཉེས་ཆེན་པོ་བྱུང་ནས་སྟོབས་ཤུགས་ཡོངས་སུ་ཟད་པའི་སྐབས་དང་འཁེལ་ཡོད་པ་རེད། དེས་ན་འཛམ་གླིང་ནང་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་འགྱུར་བ་རང་བཞིན་གྱིས་ཉམས་ཉེས་ཆེན་པོ་བྱུང་བ་ལ་གཞིགས་ན། ཁྱོད་ཀྱིས་བཤད་པའི་གུང་ཁྲན་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་དེ་འགྱུར་མེད་རྟག་བརྟན་ཞིག་ཡིན་རྒྱུ་མ་རེད་པཱ། བྱས་ཙང་ངས་བརྒྱུད་རིམ་འདིར་བསྡོམས་རྩིས་བརྒྱབས་ནས་མཚུངས་བསྡུར་བྱས་པ་མ་གཏོག་ད་ལྟའི་རྒྱ་ནག་གི་གནས་བབས་དང་མཚུངས་བསྡུར་བྱས་ན་ངའི་ཀླད་རྩའི་འཁོར་རྒྱུགས་དེ་ཏག་ཏག་ཅིག་བསྡད་མེད་པ་གཏན་འཁེལ་རེད། དཔེར་ན། དབྱིན་ཇི་བཙན་རྒྱལ་རིང་ལུགས་སྔར་གྱི་སྟོབས་ཤུགས་ཉམས་ཉེས་མེད་པར་གནས་ཡོད་ན་རྒྱ་གར་རང་བཙན་ཞིག་ཁག་པོ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད་པཱ།
ལར་ནས་རྒྱ་གར་གྱིས་རང་བཙན་འཐབ་རྩོད་དེ་མི་ལོ་ཉིས་བརྒྱ་ལྔ་བཅུ་ཙམ་གྱི་འཐབ་རྩོད་བྱས་ཡོད་པ་རེད་ལ་མི་ཐོག་གསུམ་ཙམ་དང་མི་རབས་མང་པོས་འཐབ་རྩོད་ཀྱི་བརྒྱུད་རིམ་ཞིག་ཆགས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་འཐབ་རྩོད་ཀྱི་ལང་ཕྱོགས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་རེད་ལ་དབྱིན་ཇི་སྲིད་གཞུང་འོག་རང་སྐྱོང་གི་གནས་བབས་ཀྱི་མགོ་འབུལ་ལུས་འབུལ་ནམ་ཡང་ཞུས་ཡོད་པ་མ་རེད་ལ་ཡིག་ཆ་ལ་ས་རྟགས་གཅིག་ཀྱང་འཁོད་མེད་པ་རེད། དེ་ལྟ་བས་ན་མི་ལོ་དུ་མའི་རྗེས་ཀྱི་རྒྱ་གར་རང་བཙན་བྱེད་པར་རྩོད་རྙོག་གང་ཡང་མེད་པར་རྒྱ་གར་ཆེན་པོ་དུམ་བུ་གསུམ་དུ་ཆ་བགོས་ཀྱིས་རང་བཙན་སྤྲད་ཡོད་པ་རེད། ད་དུང་རྒྱ་གར་ཆེན་པོ་དུམ་བུ་གསུམ་དུ་ཆ་བགོས་ཀྱིས་ཇུས་ངན་བཤམས་ཡོད་པ་མ་ཟད་ཀཱ་ཤི་མཱིར་རྒྱ་གར་དང་པཱ་ཀི་སཱི་ཐཱན་དབར་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་ཇུས་ངན་ཆེན་པོ་ཞིག་ད་ལྟ་བར་དུ་བཀྲམས་བཞག་ཡོད་པ་རེད། སྟབས་ལེགས་ནས་བོད་སྡེ་པ་གཞུང་གིས་མེ་མདའ་དབྱིན་ཇི་ཁ་དུམ་ཉོས་རིན་དུ་སྤྲད་པའི་མཱོན་ཏཱ་ཝང་དེ་རྒྱ་གར་ལ་སྤྲད་པ་དེས་མཱོན་པ་ཚོ་ད་ལྟའི་གནས་སྐབས་རྒྱ་གར་གྱི་དམངས་གཙོའི་རང་དབང་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དེ་རེད། འོན་ཀྱང་མཱོན་པ་ཚོ་ག་དུས་ཡིན་ཡང་གཉིད་སྐྱིད་པོ་ཞིག་ཁུག་མི་འཇུག་པ་ཐག་གིས་ཆོད།
བྱས་ཙང་བོད་དང་བོད་མི་རིགས་ཀྱི་འཐབ་རྩོད་འདི་ཡང་མི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་ན་བདེན་མཐའ་མ་གསལ་བར་མི་རབས་ནས་མི་རབས་བརྒྱུད་དགོས་པའི་འཐབ་རྩོད་ཅིག་རེད། མི་ཐོག་གཅིག་དང་མི་རབས་འདིས་བོད་ཀྱི་གནད་དོན་ཐག་གཅོད་མི་ཐུབ་ན་མི་རབས་རྗེས་མར་འཐབ་རྩོད་ཐག་གཅོད་བྱེད་པའི་ཐོབ་དབང་ཡོད་པ་རེད་ལ་ཁོང་ཚོར་འཐབ་རྩོད་ཀྱི་ལམ་ཡངས་པོར་འཇོག་དགོས་པ་དེ་མི་ཐོག་འདི་དང་མི་རབས་འདིའི་འགན་འཁྲི་རང་བཞིན་ཅན་ཞིག་ཆགས་ཡོད་པ་རེད།
མདོ་དོན་པེ་ཅིང་སྲིད་གཞུང་མགོ་རྔ་མ་ལོག་བར་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཧ་ཅང་ཧ་ཅང་གི་དཀའ་བ་རེད་ལ། གལ་ཏེ་པེ་ཅིང་སྲིད་གཞུང་མགོ་རྟིང་ལོག་ནས་ཀྲུང་གོ་དམངས་གཙོའི་ཕྱོགས་སུ་བསྐྱོད་ན་ནི་རང་ཐག་རང་གཅོད་བྱེད་དབང་ཞིག་དམངས་གཙོའི་ལམ་ལུགས་ནང་ཡོད་ཙང་སྐབས་དེ་དུས་རང་དབུ་གཉིས་ག་པར་འགྲོ་དགོས་འདེམས་དབང་ཞིག་གཏན་གཏན་ཡོང་སྲིད་པ་རེད། དེ་མིན་ད་ལྟའི་གནས་སྐབས་གཞོང་པ་སྟོང་པའི་གཞོང་འཛིང་བརྒྱབས་མི་བརྒྱབ་ཁོ་རང་ཡོད་པ་མ་རེད་དོ། གྲོགས་པོ་བཟང་པོ།
གསེར་འབྲུག་སྡེ་ལགས། རྫུན་མ་ཤོད་རོགས། ༼དབྱིན་ཇི་དམག་ཆེན་གཉིས་པ་ཕམས་ཉེས་ཆེན་པོ་བྱུང་ནས་སྟོབས་ཤུགས་ཡོངས་སུ་ཟད་པའི་སྐབས་དང༽
དམག་ཆེན་གཉིས་པའི་འགོ་སྟོད་དུ་དབྱིན་དམག་གིས་ཧྥ་རན་སི་སྲུང་སྐྱོབ་བྱ་མ་ཐུབ་ནས་ཕྱིར་འཐེན་བྱས་པ་རེད་མ་གཏོགས་དམག་ཆེན་དང་པོ་དང་གཉིས་པ་གཉིས་ཀར་དབྱིན་ཇི་ཕམ་ཉེས་རྩ་བ་ནས་བྱུང་མེད། འོན་ཀྱང་ལོ་ངོ་མང་པོ་དམག་ཆེན་བསྟུད་མར་བརྒྱབས་པ་སོང་ཙང་སྟོབས་ཤུགས་ཟད་ཡོད་པ་དངོས་ཡོད་གནས་ཚུལ་རེད།
ཕམ་ཉེས་བྱུང་མཁན་དེ་འཇར་མན་རྒྱལ་ཁབ་རེད།
འོ་ཙི། ཚེ་བསམ་ལགས། ད་བྱས་ན་རྐུན་པོ་ལ་ཇག་པ་ཤོར་འདུག་ག། ཧ་ཧ། དབྱིན་ཇི་དམག་ཆེན་དང་པོ་དང་གཉིས་པར་མི་རྒྱུ་གཉིས་ཀའི་སྟོབས་ཤུགས་ཡོངས་སུ་ཟད་པ་དེ་ཕམས་ཉེས་མིན་ན་ཅི་རེད། གཞི་རྩའི་དམག་ཆེན་གཉིས་པ་འཇར་མན་སྲིད་དབང་སྒེར་འཛིན་པ་ཧཱི་ཏི་ལཱས་བསླངས་པ་རེད་ལ་དེའི་རྒྱབ་ཏུ་ཇར་པན་ཡང་ཡོད་ན་མེད་ན་གཅིག་རེད། དང་པོ་ཁ་གཏད་ཡོད་ན་མེད་ན་གཅིག་དབྱིན་ཇི་རེད། རྗེས་མ་ཨ་རིས་ཐེ་ཇུས་བྱས་པ་རེད་ལ་ཨ་རིས་ཐེ་ཇུས་མ་བྱས་ན་དབྱིན་ཇིས་ཕལ་ཆེར་ཁག་པོ་བྱས་པ་རེད། ཡུ་རོབ་ཕལ་ཆེར་གྲགས་འགུལ་ཞེ་དྲག་མེད་པ་རེད། སྐབས་དེ་དུས་ཕལ་ཆེར་ཞི་བདེ་རྒྱ་མཚོ་ཡིན་པ་ཡོད་ཨ་རིའི་མཚོ་དམག་བརྟེན་གཞིའི་སྟེང་དུ་འཇར་པན་དམག་གིས་རྒོལ་བརྡུང་དྲག་པོ་བཏང་ནས་རྗེས་མ་ཨ་རི་འུ་འཐུག་གི་གནས་ལ་བགྱར་ཏེས་འཇར་པན་གྱི་རྒྱལ་ས་སྔོན་མ་དེའི་སྟེང་དུ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་དགོས་བྱུང་བ་རེད། སྐབས་དེ་དུས་ཁོ་ཚོ་སྐད་ངན་ཤོར་ནས་ང་ཚོས་སྟག་རྒོད་ངར་མ་ཞིག་ཉལ་བསྡད་པ་དེ་དཀྲོགས་སོང་ཞེས་ལབ་པ་རེད། འཇར་མན་གྱི་དྲག་པོའི་སྲིད་དབང་སྒེར་འཛིན་ཧཱི་ཏི་ལཱ་ཕམས་ཉེས་བྱུང་ནས་འཇར་མན་མི་དམངས་དང་ལྷག་པར་དུ་འཇིའུ་མི་རིགས་ལ་བཅིངས་གྲོལ་ཐོབ་པ་རེད།
༡༽ རྒྱ་གར་དབྱིན་ཇི་འོག་ལོ་བརྒྱ་ལས་ཉིས་བརྒྱ་ལྷག་ཨེ་ཡིན། གཞི་རྩའི་རྒྱ་གར་ནི་འཕགས་པའི་ཡུལ་རང་རེད། ཆོས་སྲིད་རིག་པ་འབྱུང་བའི་གནས་རེད། བོད་པའི་ངོམས་རྒྱུའི་ཆོས་ཁུངས་རྒྱ་གར་རེད། དབྱིན་ཇིའི་སྐབས་བདག་ཉིད་ཆེན་པོ་གྷན་དྷི་ཕྱི་རྒྱལ་དུ་ཕེབས་དབང་། རང་ཡུལ་དུ་ཕྱིར་ལྡོག་གིས་འཐབ་རྩོད་གནང་དབང་། བཙོན་ནས་ཁྲིམས་གཏུགས་བཤེར་དབང་ཡོད་ན། དམར་པོ་གཅིག་སྡུད་ཀྱི་མེ་མདའི་འོག་གཡོ་འགུལ་བྱ་དབང་སྤུ་ཙམ་མེད་ན་ཁྲིམས་དང་རང་དབང་གི་སྐོར་མ་བཤད་ན་དགའ།
༧རྒྱལ་བ་རིན་པོ་ཆེ་ལྟ་ཅི། གལ་ཏེ་ང་ཚོ་བོད་མི་དཀྱུས་མ་ཞིག་ནས་རང་བཙན་ཕར་རི་སྤང་བརྒལ་རེད། སྐད་ཡིག་རང་དབང་ཙམ་དགོས་འདུན་བཏོན་ནས་ཁྲོམ་སྐོར་ཞི་རྒོལ་ཕར་བཞག རྩོམ་ཡིག་ཟིན་ཐོ་བཀོད་རྒྱུར་རྔམ་སྐྲག་འོག་བསྡད་དགོས་ཐབས་སྐྱོའི་རང་བཞིན་དེ་གང་རེད། དབྱིན་རྒྱའི་གདུག་རྩུབ་ལས་རྒྱའི་གདུག་རྩུབ་ལྡབ་ཀྱིས་ཆེ་བ་དང་ལྷག་པར་བོད་ཐོག་འཛིན་པའི་ཇུས་ངན་དང་གདུག་རྩུབ་ནི་འགྲན་ཟླ་མེད་པ་དེ་ཡིན། རྒྱ་གར་ནང་བཙན་འཛུལ་དེ་ས་ཐག་རིང་མོ་ནས་སླེབས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་ཏུ་གནས་མེད་པ། གནའ་སྔ་མོ་ནས་དབང་ཤུགས་སླེབས་མེད། བོད་དུ་རྒྱའི་དབང་ཤུགས་ཆོས་སྲིད་དཔལ་འབྱོར་སྣ་ཚོགས་འོག་ནས་སླེབས་ཡོད་ལ་ལོ་རབས་ནས་ལོ་རབས་སུ་རྒྱུན་གནས་བྱུང་ཡོད། རྒྱ་ལ་ལྟོས་ནས་དབྱིན་ཇི་དྲག་ག་དང་། བོད་པ་ལ་ལྟོས་ནས་རྒྱ་གར་ཡར་ཐོན་དང་འཇོན་ནུས་གོ་རྟོགས་གང་སྤྱིར་བཟང་བ། ལྷག་པར་རྒྱ་གར་འཐབ་རྩོད་དེ་རྒྱ་གར་རང་ས་ནས་བྱ་རྒྱུ་ཡོད་པས་དབྱིན་ཇི་མཐའ་འབུད་གཏོང་རྒྱུ་དང་འཐབ་རྫིང་བྱེད་རྒྱུ་ཡོད། གཞིས་ལུས་རྣམས་རྡོག་བརྫིས་དང་མེ་མདའི་ཁ་འོག་ཏུ་དབུགས་མ་ཆད་ཙམ། བྱེས་འབྱོར་རྣམས་གཞན་ཡུལ་དུ་གྱར་ནས་གནས་སྟངས་ཐབས་སྐྱོ་འདིས་འོག་ནས་གསོན་པ་ལས་ཤི་བར་འདེམས་དགོས་བྱུང་ཡོད། གྲངས་མང་ཉུང་དང་སྟོབས་ཆེ་ཆུང་། ཤེས་འཇོན་གང་ཐད་ནས་དབྱིན་ཇི་རྒྱ་དམར་ལས་གདུག་རྩུབ་ཆུང་བའི་དགྲ་ཟླར་ལངས་པའི་རྒྱ་གར་དང་ང་ཚོ་བསྡུར་ས་མེད་སྙམ། འོ་ཡོད་ཅེས་ཨུ་ཚུགས་གནང་ན་རང་མོས་རེད། གང་ལྟར་ཐུགས་བསམ་ཡངས་ཙམ་གནང་གལ།
རང་བཙན་གཙང་མ་དགོས་ན། རྒྱལ་སྲུང་དང་དཔལ་འབྱོར་འཛུགས་སྐྲན་འཆར་གཞི་གང་ཡོད། རང་བཙན་གཙང་མ་དགོས་ན་མཐའ་མཚམས་རྒྱ་ཆེ་དེ་སྲུང་རྒྱུའི་རྒྱ་སྲུང་བ་གང་ཡོད། སྟོད་ནས་རྒྱ་དམར་དམག་ཤུགས་དང་སྨད་ནས་བལ་ཡུལ་དང་རྒྱ་གར་སྲུང་རྒྱུའི་འགྲོ་སྟངས་རིམ་པ་ག་རེ་ཡོད། ག་ཚོད་བཤད་རུང་རྒྱལ་སྲུང་དམག་སྲིད་དང་དཔལ་འབྱོར་འཛུགས་སྐྲུན་རིང་ལུགས་ནི་ང་ཚོ་ད་ལྟ་ཡང་ཆེས་རྗེས་ལུས་ཡིན་པ་གསལ་པོ་གསལ་རྐྱང་རེད། དངོས་གནས་ཡིན་དགོངས་པ་ཡག་པོ་བཞེས་དགོས།
མང་ན་དམག་དྲོངས། ཉུང་ན་མཐུ་ཐོངས། ཞེས་པར་དངོས་གནས་གོ་རྒྱུ་ཆེན་པོ་ཡོད། དམག་དྲང་རྒྱུ་ནི་དངོས་ཡོད་བདེན་པ་དང་
འགལ་ཞིང་། ང་ཚོའི་རྨང་གཞིའི་རིང་ལུགས་དང་འགལ། ཡང་ན་འུ་ཐུག་ནས་བཤད་ན་འདི་ང་ཚོས་འཇོན་གྱི་མ་རེད། གུན་བྲན་
ནས་(ཁོང་ཚོར་འཇོན་ཐང་དེ་ཡོད་མ་རེད་) ཅེས་གོ་མྱོང་བདེན་པ་མ་རེད་དམ།
ཕར་བརྒྱ་ཚུར་བརྒྱ་བཤད་བཤད་པ་ཙམ་མིན་པར། ངོས་ཀྱི་བསམ་པར་དང་ཐོག་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་ལ་སྤྱི་མཐུན་རྒྱལ་ཁབ་དེའི་འོག་བསྡད་ཐབས་བྱས་ན་བཟང་སྙམ། དེ་མ་བྱུང་ན་ཡང་སྐད་ཡིག་དང་ཆོས་དད་རང་དབང་གཙང་མ་ཞིག་ཡོང་ཐབས་ལ་འབད་དགོས་སྙམ། ཁ་དམག་ཐོབ་ནས་དམག་ཐོབ་ཐབས་ཡོད་མ་རེད། དམག་དངོས་གཞི་སྒང་འགྲོ་རན་འདུག ཡང་དམག་འདི་གོ་ས་མ་ནོར་བར་ཞུ་གི་ཡོད། ངོས་ཀྱི་བསམ་ཚུལ་ཡིན།
སེར་འབྲུག
ཨིང་ལི་ཤི་གཙང་པོའི་བར་དུ་འཇར་མན་བསླེབས་ཏེ་དབྱིན་ཇིའི་རྒྱལ་ཁབ་ལ་བཙན་འཛུལ་བྱ་རྒྱུའི་ཐབས་ཤེས་བྱས་པ་རེད། འོན་ཀྱང་། དབྱིན་ཇིའི་མཁའ་དམག་གི་ཐབས་ཇུས་ལས་འཇར་མན་ཕམ་ཉེས་ཡོངས་སུ་ཕྱིན་པ་མ་ཟད། ཨིང་ལི་ཤི་གཙང་པོ་བརྒལ་རྒྱུའི་འཆར་གཞི་རེ་ཞིག་ཕྱི་བསྣུར་བྱ་དགོས་པ་ཆགས་པ་རེད། དེ་བཞིན་དུ་དབྱིན་ཇི་གཅིག་པུས་འཇར་མན་ཕམ་ཉེས་གཏོང་ཐུབ་མིན་ཇི་ལྟར་ཡང་། དམག་ས་མང་པོར་དབྱིན་དམག་གིས་འཇར་མན་ཕམ་ཉེས་ཆེན་པོ་བཏང་ཡོད། དཔེར་ན། ཨ་ཧྥི་རི་ཀའི་ནང་དུ་འཇར་མན་དམག་དཔོན་རོམ་ནེལ་རྣམ་པར་རྒྱལ་བཞིན་པའི་སྒང་ལ། གློ་བུར་དུ་དབྱིན་ཇིའི་དམག་དཔོན་མོན་ཊོ་གོ་མི་རིས་ཕམ་ཉེས་ཚབས་ཆེན་བཏང་ཏེ་དམག་རྒྱག་མཁོ་ཆས་ཀྱི་རྡུ་སྣུམ་འབེལ་བའི་ས་ཁུལ་དག་དབྱིན་དམག་གིས་བླངས་པ་རེད། ད་དུང་གནས་ཚུལ་དེ་འདྲ་མང་པོ་ཡོད།
གང་ལྟར་རྡོག་རྡོག་དེ་ནི། དབྱིན་ཇི་དམག་ཆེན་གཉིས་པ་ལས་རྒྱལ་བ་རེད། དབྱིན་ཇི་མནའ་མཐུན་རྒྱལ་ཁབ་ཚོ་རྒྱལ་བ་རེད། ཧྥ་ཤི་སི་རིང་ལུགས་ཕམ་པ་རེད།
སུན་ཙིས་ལབ་པ་བཞིན་དམག་རྒྱག་ཡུན་རིང་བྱས་ན་རྒྱལ་ཁབ་སུ་ལའང་ཕན་ཐོགས་མེད་པ་རེད། ཕན་ཐོགས་མེད་དགོས་པའི་རྒྱུ་མཚན་ནི། འགྲོ་སོང་ཆེན་པོ་རེད།
དམག་འཁྲུག་གི་རྒྱལ་ཁ་ཐོབ་མཁན་དབྱིན་ཇི་རེད། ཡིན་ན་ཡང་། གཡུལ་ས་ནས་རྒྱལ་རུང་སྤྱིའི་ཆ་ནས་དབྱིན་ཇིར་ལངས་ཡ་མེད་པ་ཆགས་ཟེར་ན་ཡང་རེད། གང་ལྟར་རྒྱ་གར་གཙོས་པའི་མི་སེར་སྤེལ་ཡུལ་ཁག་ལ་མུ་མཐུད་ནས་དབང་བསྒྱུར་བྱས་མ་ཐུབ་ནས་ད་གཟོད་རྒྱ་གར་ལ་རང་བཙན་སྤྲད་བཞག་པ་རེད། ད་དེ་གཙོ་བོ་མ་རེད། གཙོ་བོ་དེ་ང་ཚོའི་གནས་བབ་རེད།
དེང་སྐབས་རྒྱ་ནག་གི་སྟོབས་ཤུགས་རྒྱས་པའི་རྩེ་མོར་སོན་བཞིན་ཡོད། ང་ཚོའོ་ངོས་ནས་རང་ཙན་རྩོད་ན་འདྲ། ཆེས་མཐོའི་རང་སྲིད་རང་སྐྱོང་རྩོད་ན་འདྲ། གང་ལྟར་ཐབས་ལམ་ནི་འཚེ་མེད་ཞི་བ་ཡིན་ཟེར་བཞིན་ཡོད་པ་རེད། གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སུ་ཡིན་རུང་འཚེ་མེད་ཞི་བ་ཡིན་ཟེར་གི་ཡོད་པ་རེད། སྐད་ཆ་འདི་དག་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་སུས་ཀྱང་བཀའ་གནང་བཞག་པ་དེ་འདྲ་མ་རེད། རང་ངོས་ནས་འཚེ་མེད་ཞི་བ་བདམས་པ་རེད། ང་ཚོས་”ང་ཚོ་རང་གིས་རང་ཉིད་གསོད་པ་དང་བསྲེགས་པ་གང་ཞིག་བྱེད་དགོས་རུང་། རྒྱ་མི་རིགས་དང་གུང་ཁྲན་ཏང་མི་གསོད་” ཟེར་གི་ཡོད་པ་རེད། རྒྱ་དམར་སྲིད་གཞུང་དང་རྒྱ་མི་རིགས་སུ་ཡིན་རུང་བོད་ནང་ལ་ཡོང་ནས་ལྷོད་ལྷོད་ཀྱིས་སྡོད་ཐུབ་ཀི་ཡོད་རེད། ད་ང་ཚོར་རྒྱ་གར་ལ་རང་བཙན་ཐོབ་ཐོབ་ཅི་ཡོང་ས་ཨེ་རེད། གནད་དོན་འདི་ཚང་མའི་ཐུགས་ལ་འཛིན་དགོས་རེད་འདོད།
འཚེ་མེད་ཞི་བའི་ཐབས་ལམ་འདི་སྒོར་མོ་ལྔ་ཡིན་པའི་དབང་དུ་བཏང་ན། དབུ་མའི་ལམ་ལ་ཞུགས་མཁན་ཚོས་སྒོར་མོ་ལྔ་འདིས་བོད་ལ་རང་སྲིད་རང་སྐྱོང་ལེན་མ་ཐུབ་པའམ། ད་བར་དུ་གྲུབ་འབྲས་གང་ཡང་མ་ཐོན་པ་འདི་དོན་དངོས་རེད། རང་བཙན་རྩོད་མཁན་ཚོར་ཡང་སྒོར་མོ་ལྔ་ལས་མང་བའི་མ་རྩ་་གང་ཡང་སྟོན་རྒྱུ་ཡོད་མ་རེད། ཡིན་ན་ཡང་ཁོང་ཚོས་རང་བཙན་རྩོད་དགོས་ཟེར་གི་ཡོད་རེད། བྱིས་པ་ཡིན་རུང་སྒོར་མོ་ལྔས་བྱ་སྒོང་ཉོ་མི་ཐུབ་པ་ཤེས་བཞིན་དུ་བྱ་མོ་ཉོ་དགོས་ཟེར་གི་མ་རེད་བྰ།
ངས་དབྱིན་ཇི་དམག་ཆེན་གཉིས་པ་ཕམ་ཉེས་དང་སྐབས་འཁེལ་ཞེས་བཤད་པ་དེ་གོ་ལྡོག་ཕྱིན་པ་འདྲ། ངས་བཤད་བྱ་དེ་དབྱིན་ཇི་དམག་ཆེན་གཉིས་པས་འོ་བརྒྱལ་བའམ་མི་རྒྱུའི་འགྲོ་གྲོན་ཕོན་ཆེན་བཏང་བས་ཉམས་ཉེས་བྱུང་བའི་སྐབས་དང་འཁེལ་ཟེར་བའི་ཁུལ་ཡིན། གང་ལྟར་དབྱིན་ཇི་དམག་ཆེན་གཉིས་པ་རྒྱལ་ནས་ཉམས་པ་དེས་རྒྱ་གར་རྒས་པོས་་ལོ་མང་བཙོན་དུ་བཞུགས་ནས་འཐབ་རྩོད་བྱས་པ་དང་གཞུང་ལམ་དུ་ཐོན་ནས་འཐབ་རྩོད་བྱས་པའི་འབྲས་བུའི་ལྟེས་དབང་འཕྲད་པ་འདྲ་ཞིག་རེད། བྱས་ཙང་ཀྲུང་གོ་སྔ་ཕྱིས་མ་གཏོག་མགོ་རྟིང་ལོག་རྒྱུ་ཡིན་པ་དེ་སྔ་ཕྱིས་མ་གཏོག་འགྱུར་བ་རང་བཞིན་ལས་གཡོལ་ཐབས་མེད་པ་རེད། གལ་ཏེ་ཀྲུང་གོ་མགོ་རྔ་མ་ལོག་བར་རང་དབུ་གཉིས་ཀའི་འཐབ་རྩོད་ཀྱི་འབྲས་བུ་ངེས་གཏན་མེད་པ་ཞེས་བཤད་ཡོད།
ད་ཡང་རང་བཙན་གཙང་མ་དགོས་ན། རྒྱལ་སྲུང་དང་དཔལ་འབྱོར་འཛུགས་བསྐྲུན་གྱི་འཆར་གཞི་ག་རེ་ཡོད་ཞེེས་པའི་དྲི་བ་གཉིས་པ་དེ་ལན་མ་བཏབ་གོང་འོ་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་རྒྱལ་སྲུང་བཅིངས་གྲོལ་དམག་གིས་བོད་ལ་ཞི་བདེ་བསྟི་གནས་ཡང་དག་པ་ཞིག་བསྐྲུན་ཐུབ་བམ། ནུབ་བརྒྱུད་ཐོན་སྐྱེད་ཆེན་མོའི་དཔལ་འབྱོར་འཛུགས་བསྐྲུན་དེས་བོད་དང་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཁེ་ཕན་ཡང་དག་པ་ཞིག་རག་ཐུབ་བམ། དཔལ་འབྱོར་འཛུགས་བསྐྲུན་ལས་ལྷག་པའི་བོད་ཀྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་ཚད་རྒལ་གྱིས་གཏོར་བཤིག་དང་དབོར་འདྲེན་མི་བྱེད་རྒྱུར་ཁག་ཐེག་བྱེད་ཐུབ་བམ། ད་དུང་ད་དུང་མང་པོ་མང་པོ་ཞིག་ཡོད་པ་རེད།
དེ་ལྟ་བས་ན་བོད་མི་རིགས་འདི་ལོ་ངོ་སྟོང་ཕྲག་རིང་རང་རྒྱལ་རང་སྲུང་དང་རང་ཁ་རང་གསོ་བྱས་མྱོང་བའི་མི་རིགས་གཅིག་ཡིན་ཙང་དེ་འདྲའི་ཐབས་སྐྱོ་མདོག་གིས་སྐད་ཆ་དེ་མ་བཤད་ན་ཡག་གི་རེད། ད་ལྟའི་འཆར་མང་མང་ཉུང་ཉུང་དང་དབང་ཆེ་དབང་ཆུང་། སྟོབས་ཆེ་སྟོབས་ཆུང་། ཁ་དང་ཞལ་གྱི་བར་ཁྱད་ཆེན་པོ་ཤོར་བ་མ་གཏོགས་གོ་སྐབས་ཡག་པོ་ཞིག་རག་ན་དེ་འདྲའི་ཐབས་སྡུག་གི་མི་རིགས་ཞིག་རྩ་བ་ཉིད་ནས་མ་རེད། མ་གཞི་དེང་དུས་ཤེས་ཡོན་དང་མཚན་རིག་འཕྲུལ་ཆས་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་ཐད་ཁྱོད་ཀྱིས་བཤད་པ་ལྟར་རྗེས་ལུས་ཡིན་བདེན་པ་རེད་ལ་གཞན་ལ་མ་བརྟེན་རང་ཡིན་བདེན་པ་རེད། དེ་ནི་ཅི་ཁག་བོད་མི་རིགས་འདི་རྨོངས་དད་ཀྱིས་མགོ་བོ་དོང་དུ་གཏད་དེས་འཛམ་གླིང་གི་མཚན་རིག་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོར་བལྟ་མི་འདོད་པར་བསྡད་ཙང་བྱས་པ་རེད་ལ། ཡོད་ཚད་ལྷ་ཆོས་རིང་ལུགས་ཁོ་ནར་བཏང་ནས་བསྡད་པ་དེས་བྱས་པ་རེད། བྱས་ཙང་འདི་ཚོའི་ཐད་གཞན་གྱི་བརྙས་བཅོས་མ་གཟེད་རང་གཟེད་ཆགས་ཡོད་པ་རེད། འོན་ཀྱང་དེ་སྐྱོན་ཆེ་གང་ཡང་མ་རེད། བོད་མི་རིགས་འདི་བཙན་པོའི་གདུང་བརྒྱུད་དང་ཁྲག་རྒྱུན་ཆད་མེད་ན། བོད་ཡུལ་འདི་ཐོན་ཁུངས་ཕུན་སུམ་ཚོགས་ལ་གཞན་ཕར་གཞོག་བོད་ཀྱི་གཙང་པོ་ཁག་གཅིག་པུས་རྡུལ་ཕྲན་གློག་ལ་བརྟེན་མི་དགོས་པར་གློག་གི་ནུས་ཤུགས་ཁོ་ནས་ལས་ཀ་མང་པོ་བྱེད་རྒྱུ་ཡོད་པ་རེད། ད་ཆ་འཛམ་གླིང་འདི་གློག་དང་སྐར་ཆ་གཅིག་གི་དུས་ཡུན་ཙམ་ཡང་ཁ་མ་བྲལ་བར་ལས་ཀ་འབོར་ཆེན་བྱེད་ཀྱི་ཡོད་པ་རེད། དཔེར་ན་འབྲུག་རྒྱལ་ཁབ་ཆུང་ཆུང་དེར་འཇར་པན་གྱིས་རིའི་ཁོག་ནང་གློག་ཁང་གཅིག་གིས་རྒྱ་གར་ཝེ་སི་བྷན་གྷཱལ་མངའ་སྡེ་ཕལ་ཆེ་བ་མ་ཟད་ཀཱ་ལི་ཀཱ་ཏཱ་བར་གཏོང་ཐུབ་ཀྱི་ཡོད་པ་རེད། གློག་ཁང་དེ་འབྲུག་གཞུང་གིས་བཟོས་པ་ཞིག་མ་རེད་འཇར་པན་གྱིས་བཟོས་པ་རེད། བྱས་ཙང་ང་ཚོ་ལྟ་བུར་ཆ་མཚོན་ན་གོ་སྐབས་ཞིག་ཡོད་ན་དྲང་བདེན་དང་དམངས་གཙོའི་རྒྱལ་ཁབ་འདི་འདྲ་བས་མ་བོས་མགྲོན་དུ་ཕེབས་རྒྱུར་ཨང་གསར་ཡོད་ངེས་རེད། དཔེར་ན་འབྲུག་ལྟ་བུར་མཚོན་ན་མཐའ་སྲུང་ཚང་མ་རྒྱ་གར་རེད་སེམས་ཕྲལ་དགོས་པ་མ་རེད།
མ་གཞི་འདྲེ་རིག་གིས་བཤད་པ་ལྟར་རང་སྲེག་རང་གསོད་བྱེད་དགོས་རུང་(རྒྱ་མི་རིགས་དང་གུང་ཁྲན་ཏང་གསོད་ཀྱི་མིན་)ཟེར་གྱི་ཡོད་པ་དེས་སྐབས་རེ་བྱབ་ཆུང་འདྲ་ཆགས་ཀྱིན་མེད་དམ་སྙམ། སོ་སོ་སྡུག་གྱོང་འདྲ་ཞིག་མ་གཏོག་དོན་འབྲས་ཅི་ཡང་མེད་པར་འཇའ་ཡལ་ལྟ་བུ་ཡལ་འགྲོ་ཡི་འདུག། དཔེར་ན་ཤིང་ཅང་ནང་ཡུ་གུར་མི་རིགས་ཀྱིས་འཚམས་འཚམས་དྲག་པོའི་ཡ་ལན་ཚ་ཐག་གཅོད་སློག་གི་ཡོད་པ་དེས་ཤིང་ཅང་ནང་ཡུ་གུར་མི་རིགས་འདུ་འཛོམས་ཆེ་ས་དང་གནས་སྡོད་མང་ས་ལ་རྒྱ་རིགས་རྩ་བ་ཉིད་ནས་སྡོད་ཀྱི་མི་འདུག་ལ། གཞུང་གི་ལས་ཁུངས་ཡང་གང་བྱུང་མང་བྱུང་མི་བརྒྱག་པར་བཙན་སར་མ་གཏོག་མི་འདུག། ཡུ་གུར་མི་རིགས་འདུ་འཛོམས་ཆེ་ས་མང་ཆེ་བར་ཁོ་རང་ཚོའི་ཆས་གོས་གྱོན་པ་དང་ཁོ་རང་ཚོའི་སྐད་རིགས་བེད་སྤྱོད་ཆེ་བ་བྱེད་ཀྱི་འདུག། བོད་ནང་དེ་འདྲ་མ་རེད་པཱ། གཞུང་ལས་ནི་ཨ་ཅང་ཅང་རྒྱ་རིགས་དཀྱུས་མ་གནས་སྡོད་བྱེད་མཁན་དེ་ཚོ་ཡང་རྐང་བསྐྱང་ལག་བསྐྱང་རེད་པཱ། འདི་བོད་པས་སྐྱག་ལང་བཏང་བ་ཞིག་འདྲ་འདུག་ལ་རང་ཉིད་ཀྱིས་རང་ཉིད་བསྲུང་སྐྱོབ་མི་ཐུབ་པར་ཚད་མེད་ཞི་བ་ཡིན་མདོག་དང་སྙིང་རྗེ་ཡོད་མདོག་བྱས་ཙང་མིན་དྲོ། འདིའི་མིང་ལ་ཆོས་རྒྱལ་རང་མགོ་མི་ཐོན་སྲིད་པའི་བྱ་ར་ཟེར། རང་མགོ་མི་ཐོན་གཤིན་པོའི་ཡར་འདྲེན་ཟེར།
རང་བཙན་གཙང་མ་རྩོད་ཀི་ཡིན་ཟེར་དུས་ངོ་མ་སེམས་ནང་ལ་ངར་ཞིག་རྒྱས་ཡོང་གི་འདུག ཡིན་ན་ཡང་། རྒྱ་ནག་འཐོར་ཞིག་ཏུ་སོང་ནས་བོད་ལ་རང་བཙན་ཐོབ་རྒྱུར་སྒུག་བསྡད་པ་དེ་མཐོང་ན་སེམས་ནང་ལ་སྐྱོ་བ་ཞིག་སྐྱེ་ཡོང་གི་འདུག
བརྒྱ་བཤད་སོང་ལ་བབ་ཀྱང་། གཡོས་ལ་འབབ་རྒྱུ་རྩམ་པ་རེད། དབུ་མ་དང་རང་བཙན་གང་ཞིག་རྩོད་རུང་། དོན་ལ་བོད་ནང་ཞི་བདེ་དང་། བོད་མིར་ད་ཡོད་ཀྱི་གནས་བབ་ལས་ཡག་པའི་གནས་སྟངས་ཤིག་གང་མགྱོགས་ཐོབ་དགོས་ན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་རྒྱུ་འདི་གལ་ཆེ་གི
ཁ་ཤས་ཀྱིས་རང་བཙན་རྩོད་མཁན་ཚོ་དགྲ་བོར་བརྩི་གིན་འདུག་ཟེར། དེ་དོན་དངོས་དང་མཐུན་པ་ཞིག་མ་རེད། ང་རང་སྒེར་ངོས་ནས་ཡིན་ན་ཡང་། གཞོན་ནུ་ཚོགས་པར་དགའ་ཞེན་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པར་ཡི་རངས་ཞུ་གི་ཡོད། ཡིན་ན་ཡང་། ཆར་བ་འབབ་རྒྱུ་མེད་པའི་འབྲུག་སྒྲ་དང་། བརླན་ལས་ཐལ་རྡུལ་མང་པའི་རླུང་བུ། ཕན་ལས་གནོད་འཚབ་ཆེ་བའི་གཏམ་བཤད། བདེན་ལས་རྫུན་གཏམ་མང་པའི་རྩོད་སྒྲུབ་རིགས་ལ་ངོ་མ་བསུན་སོང་།
ད་དབུ་མ་རྩོད་མཁན་ཡིན་ནའང་འདྲ། རང་བཙན་གཙང་མ་རྩོད་མཁན་གྱི་མི་སྒེར་དང་། གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དོལ་རྒྱལ་ཚོགས་པ་སུ་ཞིག་ཡིན་རུང་། བོད་མི་རིགས་སྤྱིའི་བདེ་སྡུག་ཐད་ལ་ཁ་ཞེ་གཉིས་མེད་ཀྱི་བསམ་བློ་གཏོང་རྒྱུ་དང་། ཐུན་མོང་གི་ལས་དོན་ལ་ཐུག་དུས་གྱོད་ཀྱི་རྨ་ཁ་རིགས་ཀྱི་ལ་རྒྱས་གསོས་ནས་མཉམ་རུབ་གནང་རོགས། དེ་མིན་ད་ང་ཚོ་ཁ་འཐོར་དགུ་འཐོར་དུ་སོང་ནས། གུང་ཁྲན་ཏང་མ་འཇིག་པའི་སྔོན་ལ་ང་ཚོ་རྩ་ཡལ་དུ་འགྲོ་རྒྱུ་རེད།
སྐད་ཆ་འདི་ང་ཤི་སོང་ན་ཁ་ཆེམས་དང་། གསོན་བསྡད་ན་སེམས་གཏམ་ཡིན།
གླུ་གོ་ན་རྣ་བའི་བདུད་བརྩི་བྱོས། ད་མ་གོ་གླུ་ལ་ཡང་ལེན་མེད།
གཏམ་དྲང་མོར་བཤད་ཡོད་ཁ་བ་ཅན།
ཕ་ཁྲི་སྲོང་ཐང་དཀར་རྒོད་པོ་ལ། བུ་ཁ་ཏ་སྐྱག་གཟན་སྐྱེས་ལུགས་འདི།
བུ་ང་ཚོའི་མགོ་ལ་བབ་ནས་འདུག ཕོ་ལ་རྒྱ་ཡོད་ན་གཉིད་ལས་སོད།
ང་བསམ་ཞིང་བསམ་ལ་བློ་བ་དགའ། དགའ་བ་བརྒྱ་ལྡན་ཞིང་དུ་སླེབས་འདྲ་རེད།
མགོན་གངས་ཅན་མགོན་པོ་སྤྱན་རས་གཟིགས། སྐུ་རློན་པ་མཇལ་རྒྱུའི་བསོད་བསྐལ་ཆེ།
གསུངས་དྲོན་མོ་ཐོས་པའི་དུས་བཟང་གདའ། ཐུགས་བདེན་པའི་ཉི་དྲོད་སྤྱོད་དབང་མཆིས།
དྲྭ་གྲོགས་རྣམ་པ་ཚོ།
མཚམས་རེ་ཆབ་སྲིད་ཞེས་པ་དེ་དབྱར་ཁའི་གནམ་འདྲ་པོ་ཡོད། ག་དུས་འགྱུར་ལྡོག་འགྲོ་དང་མི་འགྲོ་བཤད་མི་ཐུབ། གཅིག་བྱས་ན་རྒྱ་ནག་གློ་བུར་དུ་འཐོར་ཞིག་ཏུ་འགྲོ་ཡང་སྲིད། འོན་ཀྱང་དེ་འདྲ་ཡོང་རྒྱུ་ཏོག་ཙམ་ཁག་པོ་རེད་སྙམ།
གལ་ཏེ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བའི་དབང་དུ་བཏང་ཡང་། བོད་ལ་རང་བཙན་འཐོབ་པའི་ཁྱབ་པ་མེད། གང་ལགས་ཟེར་ན། འཐོར་ཞིག་སོང་བའི་རྒྱ་ནག་གི་དབང་ཤུགས་བྱེ་བྲག་པ་ཞིག་གི་འོག་ཏུ་ཚུད་ཀྱང་སྲིད། ཡང་དབང་ཤུགས་ཉམས་རྒུད་དུ་ཕྱིན་ཟིན་པའི་དབང་དུ་བཏང་ཡང་། ཉིང་རྡུལ་མཚོན་ཆ་ཡོད་མཁན་ཞིག་ཡིན་པས་རྒྱལ་སྤྱིའི་ཐོག་ཁོང་ཚོར་གང་བཤད་མེད་པ་རེད། གང་ལྟར་རྙོག་དྲྭ་ཆེན་པོ་ཡོད་པ་གཏན་འཁེལ་རེད།
ང་བསམ་ཞིང་བསམ་ན་སེམས་པ་སྐྱོ། ཤི་དམྱལ་བའི་ཡུལ་ལ་ལྷུང་འདྲ་རེད། བོད་ཆོལ་གསུམ་ཁ་ཐོར་དགུ་འཐོར་རེད། དགྲ་ཇག་པ་ཁྱི་སྤྱང་འདུར་འདུར་རེད། ནང་ཕུ་ནུའི་ཁ་ལག་སོ་སོ་རེད། ཕྱི་དགྲ་ལ་ཐུག་དུས་འཚེ་མེད་རེད། ནང་ཁ་རྩོད་མི་ཚད་ལག་རྩོད་རེད། ལས་འདི་འདྲ་མཐོང་ན་སེམས་པ་སྐྱོ། གཏམ་འདི་འདྲ་ཐོས་ན་མིག་ཆུ་འཁོར།
གང་ཅན་པ་ཡོངས་ལ་ཞུ་རྒྱུར། གལ་སྲིད་གཞོན་ནུ་ཚོགས་པ་དེ་མེད་པ་བཟོས་ན་དམུ་མའི་ལམ་ལ་ནུས་པ་་ཐོན་ཆེན་ཡོང་ངམ། གཞོན་ནུ་ཚོགས་པའི་མིང་ཐོག་ནས་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏང་མཁན་ལྟས་ངན་དེ་ཚོ་ག་དུས་ཡིན་ཡང་དགག་པ་རྒྱབ་དགོས་ཀྱང་གཞོན་ནུ་ཚོགས་པ་་མེད་པ་བཟོ་བ་འམ་ཡང་ན་གཞོན་ནུ་ཚོགས་པའི་རང་བཙན་གྱི་ལྟ་བ་དོར་དགོས་པ་རྒྱལ་བ་ཡིན་བཞིན་ནོར་བུ་དགོང་པ་ཡིན་ན་རྒྱ་ཆ་༡༠༠ལས་མང་བ་རྒྱ་ཆ་༡༠༠༠༠བྱེད་དགོས་ཀྱང་རྒྱལ་བའི་དགོང་པ་ཡིན་མིན་ལ་ཏན་ཏན་གཟབ་དགོས་། ད་ལྟ་གཞོན་ནུ་ཚོགས་པ་འཐོར་ལ་ཉེ་བའི་སྐབས་འདིར་ང་ཚོ་བོད་མི་ཡོད་དོ་ཅོག་ནས་ཚོགས་པ་ནུས་པ་ཆེན་པོ་རྒྱ་རོའི་ཡང་མིག་ནང་གི་ཚེར་མ་ལྟ་བུའི་ཚོགས་པ་འདི་སྐྱབས་དགོས། འོན་ཀྱང་གོང་ས་མཆོག་ནས་གཞོན་ནུའི་རང་བཙན་གྱི་ལྟ་བ་དོར་ན་ཡག་ཚུལ་བཀའ་ཕེབས་ན་ང་ཚོ་ཐེ་ཚོམ་མེད་པར་དོར་དགོས། དེ་མིན་གཞོན་ནུའི་སྡེང་ཆ་བེད་སྤྱོད་གཏང་ནས་གོང་ས་མཆོག་དང་བོད་གཞུང་ལ་ཟུར་ཟ་བྱེད་པ་དེས་བོད་མི་ཇབ་ཆུང་བ་འགའ་ཤས་ནས་རང་ཉིད་ཀྱི་དབང་ཆ་རག་ཐབས་སམ་གོང་ས་མཆོག་ལ་དད་པ་ཡིན་ཁུལ་གྱིས་གཞོན་ནུ་སྤྱི་ལ་མིང་ཆད་དང་དམའ་འབེབས་བྱེད་ན་མི་འགྲིག། གཙོ་བོ་གཞོན་ནུ་ཚོགས་པ་རང་རྒྱལ་རིན་པོ་ཆེ་མཇལ་ཁ་ཞུས་ནས་དགོང་སྐུར་ཞུས་ན་ཡག་ཤོས་དང་ང་ཚོ་ཚང་མ་བློ་བདེ་ཤོས་རེད། དེ་མིན་གཞོན་ནུ་ཚོགས་པ་དམའ་འབེབས་མ་བྱེད་རོག། རྒྱུ་མཚན་མེད་པར་དོན་མེད་ཁྱི་རྒན་ཀུ་ཅོ་མ་འདོན་རོག། ལྷག་པར་ ལྷག་པར་ ལྷག་པར་ རྒྱ་རོ་དམར་པོ་འདྲེ་རྒན་ནས་གོ་སྐབས་བཟུང་྄སྲིད་པས་ཚང་མས་ཡིད་གཟབ་གལ་ཆེ། དཔེར་ན་རྒྱ་རོ་ནས་དོལ་རྒྱལ་གྱི་རྙོག་གྲ་ལ་གོ་སྐབས་བཟུང་ནས་ག་རེ་བྱེད་པ་ཤེས་གསལ་རེད། དེར་རྟེན་གཞོན་ནུའི་ངོས་ནས་གང་མགྱོག་ རང་ཅག་ཁབ་བ་ཅན་པའི་བླ་སྲོག་། ནང་གི་ནོར་བུ། ཕྱི་ཡི་ལྕག་རི། བོད་མི་ས་ཡ་དྲུག་གི་ནུས་པ་ཅིག་བསྡུས། དམན་ལ་ཅིག་ཏུ་བརྩེ་བ་ཅན། ཚན་ཆོས་ཟུང་འབྲེལ་མཛད་པོ། རྒྱལ་བ་ཡིན་བཞིན་ནོར་བུ་མཇལ་ཁ་ཞུས་ནས་དགོངས་སྐུར་ཞུ་དགོས་།
ཀི་ཧི་ཧི།
གླུ་ཨ་ལ་ཐ་ལ་ཐ་ལ་རེད།། ཐ་ལན་མོ་གླུ་ཡི་ལེན་ལུགས་རེད།།
གླུ་ཐེངས་གསུམ་ང་ཡི་མགུལ་གླུ་རེད།། མགོན་ཕྱོགས་བཅུའི་རྒྱལ་བ་དཔང་པོར་བཞུགས།།
གླུ་དེ་རིང་མི་ལེན་ནམ་ཞིག་ལེན།། གླུ་ལེན་ན་ལེན་སྟངས་སྣ་དགུ་ཡོད།།
ང་སེམས་པ་དགའ་པའི་སྐྱིད་གླུ་ལེན།། བོད་མགོ་ནག་རྩམ་ཟན་མི་རིགས་འདི།།
ཤི་དམྱལ་བའི་ཡུལ་དུ་མ་སླེབས་ཙམ།། གུང་༧རྒྱལ་བའི་ཐུགས་རྗེའི་ཉི་ཟེར་འོག།།
བོད་མདོ་དབུས་ཁམས་གསུམ་ལག་གདང་སྦྲེལ།། གུང་བཙན་པོའི་ཁྲག་རྩ་འཕར་ལྡིང་གིས།།
རྒྱ་གུང་ཁྲན་གནས་གཟོད་མི་བདེ་བར།། རྒྱུ་དངོས་པོས་མགོ་བསྐོར་གཏོང་རྩིས་བྱེད།།
བོད་བཙན་པོའི་གདུང་བརྒྱུད་འཁྲུལ་མེད་ཀྱིས།། རྒྱུ་དངོས་པོར་ཞེན་ཆགས་མེད་ལེ་རེད།།
མཚོན་དྲག་པོས་དཔྲལ་བར་བསྣུན་གྱུར་ཀྱང་།། མགོ་རྒྱ་ལ་བསྒུར་བའི་ལམ་ལུགས་མེད།།
བོད་མགོ་ནག་རང་དབང་མ་ཐོབ་བར།། ངེད་བཙན་པོའི་ཁྲག་རྒྱུན་ཆད་མི་སྲིད།།
ཡང་།
ང་སེམས་པ་སྐྱོ་བའི་སྐྱོ་གླུ་ལེན།། བོད་མགོ་ནག་བདེན་མཐའ་མ་བསེལ་གོང་།།
ནང་ཕུ་ནུའི་མདུང་རྩེ་ནང་དུ་གཏད།། ཕྱི་དགྲ་ལ་ཐུག་དུས་ཞུམ་ཞུམ་བྱེད།།
བོད་མི་རིགས་ལྷན་སྐྱེས་ཐོབ་ཐང་དེ།། ཆར་འབབ་རྒྱུ་མེད་པའི་འབྲུག་སྒྲ་དང་།།
བརླན་གཤེར་རྒྱུ་མེད་པའི་ཐལ་རླུང་ཞིག།། ཕན་ཐོག་རྒྱུ་མེད་པའི་གནོད་གཏམ་གྲགས།།
ལམ་དབུ་མའི་འབྲས་བུ་རང་སྐྱོང་དེ།། ཆར་འབབ་རྒྱུ་ཡོད་པའི་འབྲུག་སྒྲ་དང་།།
ཐལ་རླུང་འཚུབ་མེད་པའི་བརླན་ཞིང་ཞིག།། ཕན་དངོས་སུ་ཐོག་པའི་བདེ་སྐྱིད་ཞིག།།
དུས་ག་དུས་འབྱུང་ངམ་འདྲེ་རྒན་ལགས།
ཧ་ཧ་ཧ་ཧ ངས་རང་བཙན་འཐབ་རྩོད་བྱེད་མཁན་ཚང་མ་དེ་འདྲ་ཞིག་རེད་ཟེར་གི་མེད་ཡ། གང་ལྟར། གླུ་སྙན་མོ་སྐྲག་མོ་ལེན་ཐས
ཤར་པ་ལགས། གཞོན་ལྷན་ངེས་པར་གནས་དགོས་པ་རེད། ཡིན་ན་ཡང་། གཞོན་ལྷན་གྱིས་ཏན་ཏན་རང་གི་ཚོགས་མི་དང་འབྲེལ་ཁ་ཤས་ཤིག་གཙང་སེལ་བྱེད་ན་ཚོགས་པའི་སྙན་གྲགས་ལ་ཕན་གྱི་རེད་འདོད།
ད་ཕལ་ཆེར་གོ་ནོར་ཐེབས་ཀྱི་ཡོད་པ་འདྲ། ལམ་དབུ་མ་པ་སུས་ཀྱང་གཞོན་ནུ་ཚོགས་པ་སྒོ་བརྒྱབ་རྒྱུའི་འཆར་གཞི་མེད་ལ། སྒོ་བརྒྱབས་པ་མཐོང་འདོད་ཀྱང་མེད། ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་འོག་ནས་སྐད་ཆ་འདྲ་མིན་ཤོད་དགོས་ཐུག་གི་ཡོད། དེར་བརྟེན་སྲིད་དོན་པ་ལ་རྫུན་གྱི་གཡའ་ཡོད་པའི་སྐད་ཆ་དེ་ནས་བྱུང་།
ཕ་སྤུན་དགྲ་ལ་འགྱུར་ཀྱང་། རུས་པ་གསེར། ཞེས་པའི་བོད་ལ་གཏམ་དཔེ་ཡོད། ཁོག་རྩིས་ཐེབས་ཀྱི་མེད་ན་སྲིད་དོན་གྱི་ལས་ཀ་མི་འཇོན་ཐག་ཆོད་རེད།
ཚེ་རིང་བསམ་གྲུབ་ལགས་ཀྱིས་གསུངས་པ་བདེན་པ་རེད། དེང་སང་གོ་ནོར་ཐེབས་སུ་འཇུག་མཁན་མང་དྲགས་ནས། མིའི་སྐད་ཆ་རྐང་བཙུགས་ནས་དཀྱོགས་དཀྱོགས་བཟོས་ནས་འགྲེལ་བཤད་འདྲ་མིན་བྱེད་མཁན་ཡོང་གི་ཡོད། གཞོན་ནུ་སྒོ་རྒྱག་དགོས་ཟེར་མཁན་སུ་ཡང་མེད་བཞིན་དུ། ད་སྐད་ཆ་དེ་འདྲ་བཟོ་མཁན་ཡོང་གི་ཡོད་རེད།
གཞོན་ནུའི་འཚོགས་འདུ་སྡ་ས་ཉིན་ཆར་བྱུང་བའི་སྐད་ཆ་དང་རྙན་ཕྲན་ལ་གཟིགས་དང། མི་ངན་མང་པོ་ཞིག་ནས་གཞོན་ནུའི་སྡེང་ཆ་བེད་སྤྱོད་གཏང་ནས་དང་འཇམ་ནོར་སོགས་སྐད་ཆ་ལ་རྟེན་ནས་གཞོན་ནུ་སྤྱི་ལ་དམའ་འབེབས་བྱེད་བཞིན་པ་ཤེས་གསལ་རེ། དཔེར་ན་ཤར་ཁུག་སོགས་བཞིན་ནོ
ཤར་པ་ལགས། དེའི་སྐོར་ཀྱི་དྲ་ཐག་དེ་འདྲ་ཡོད་ན་འདི་ནས་བསྐུར་དང་། ང་ཚོས་མཉམ་རོལ་བྱེད།
སྔོན་ཆད་ངས་འདྲེ་རིག་ལྡན་འདི་ལ་འདྲེ་རིག་རྟུལ་ཟེར་བོས་མྱོང་ཡོད། དེང་སང་འདྲེ་རིག་རྟུལ་མ་རེད་ཤག འདྲེ་རིག་ལྡན་གི་རིག་པ་ཡར་རྒྱས་ཞེ་དྲག་ཕྱིན་ཤག གོང་ན་མཆན་གང་འཚམ་བྲིས་ཡོད་པ་ཚང་མ་ཡང་རིག་པ་དང་ལྡན་པ་ཤ་སྟག་རེད། འདི་ལྟར་ཡར་རྒྱས་སོང་ན་དགའ་ནི་ཟིག་རེད།