རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
ཟླ་འདིའི་ཚེས་༡༤ཉིན་གྱི་ཞོགས་པར་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་དེ་བྱུང་བ་དང་། བོད་ཕྱི་ནང་གཙོས་བའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་གྱི་གནས་ཚུལ་རབ་དང་རིམ་པ་ཐོན། ངས་ཀྱང་སློབ་ཞོར་དུ། ནངས་དགོང་གཉིས་ཀར་དེའི་སྐོར་གྱི་གནས་ཚུལ་ཚང་མར་མིག་དང་རྣ་བ་གཏད་པ་ཡིན། ཉིན་རེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། སྐྱེ་རྒུ་མདོ་དང་ཐད་ཀར་འབྲེལ་བ་ཡོད་པའི་གྲོགས་པོ་འགར་སྐད་ཆ་ཡང་དང་ཡང་དུ་དྲིས་བ་ཡིན། འོན་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན། འདི་ངའི་ལས་ཀ་མ་རེད། གསར་འགོད་པ་ཚོའི་ལས་ཀ་རེད། ལྷག་པར་དུ་བོད་རིགས་གསར་འགོད་པ་ཚོའི་ལས་ཀ་རེད། གང་ལྟར། ས་ཡོམ་སྐོར་གྱི་གནས་ཚུལ་དང་དང་བསམ་ཚུལ་དག་ལ་ཉན་གྱིན་ཉན་གྱིན། ངའི་སེམས་སུ་ཡང་རྨོངས་འཆར་འགའ་སླེབས་འགོ་ཚུགས། རྨོངས་འཆར་འདིའི་སྐོར་ཉིན་འགའི་སྔོན་ལ་རང་གི་གྲོགས་པོ་རེ་གཉིས་ལ་ཡང་གླེང་བ་ཡིན། རྨོངས་འཆར་འདི་འབྲི་དགོས་བསམ་ཏེ་ཐེངས་གཉིས་ལ་གློག་ྐླད་མདུན་དུ་བླངས། སེམས་ཁྲལ་མེད་པའི་རི་བོ་གནམ་རྡིབས་ཀྱི་སེམས་ཁྲལ་རང་རེད་བསམ་བཞིན་འབྲི་མཚམས་བཞག མདང་དགོང་བསྐྱར་དུ་རྨོངས་འཆར་འདི་འབྲི་འདོད་ཀྱི་ཀུན་སློང་དམིགས་བསལ་བ་ཞིག་སྐྱེས། དེར་བརྟེན། དེ་རིང་རྨོངས་འཆར་འདི་བྲིས་བ་ཡིན། འདི་རྨོངས་འཆར་རང་ཡིན།
དང་པོ།
ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་བ་དང་མཉམ་དུ། གསར་འགོད་པ་ཚོས་དེའི་སྐོར་གྱི་གསར་འགྱུར་བཙལ་འགོ་ཚུགས། འོན་ཀྱང་། གསར་འགོད་པ་ཚོའི་གསར་འགྱུར་མི་འདྲ། གནས་ཚུལ་ལ་ཆེ་ཆུང་ཤོར། གྲངས་ཀ་ལ་མང་ཉུང་ཤོར། བསམ་ཚུལ་བཤད་སྟངས་ལ་ཡང་ཆེ་ཆུང་ཤོར་འདུག གཅིག་བྱས་ན་འདི་དག་ལ་ཁག་མི་འདུག་དྲན། རྒྱུ་མཚན། གསར་འགོད་པ་མང་པོ་ཞིག་ས་གནས་ས་ཐོགལ་སླེབས་ཐུབ་མི་འདུག གནས་ཚུལ་ཕལ་ཆེ་བ་གང་ཟག་གཉིས་པ་དང་གསུམ་པ་བརྒྱུད་ནས་བླངས་འདུག དཔེར་ན། ཚེས་༡༤ཉིན་གྱི་ཞོགས་པར། རྒྱ་ནག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། འདས་གྲོངས་སུ་ཕྱིན་པའི་གྲངས་ནི་༣༠༠རེད་ཟེར། རྨས་སྐྱོན་ཕོག་པའི་གྲངས་ནི་༨༠༠༠ལྷག་རེད་ཟེར། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། འདས་གྲོངས་སུ་ཕྱིན་པའི་གྲངས་ནི་༦༠༠ལྷག་རེད་ཟེར། རྨས་སྐྱོན་ཕོག་པའི་གྲངས་ནི་༡༠༠༠༠ལྷག་རེད་ཟེར། སྔ་མ་ཉུང་ཞིང་ཕྱི་མ་མང་།
ཚེས་༡༥ཉིན། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། འདས་གྲོངས་སུ་ཕྱིན་པའི་གྲངས་དེ་༧༠༠ལྷག་རེད་ཟེར། རྨས་སྐྱོན་བྱུང་བའི་གྲངས་དེ་༩༠༠༠བརྒལ་འདུག་ཟེར། ཚེས་༡༦ཉིན།
རྒྱ་ནག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། འདས་གྲོངས་སུ་ཕྱིན་པའི་གྲངས་དེ་༡༣༠༠ལྷག་རེད་ཟེར། བོད་པའི་གསར་འགྱུར་བརྒྱུད་ལམ་འགར། འདས་གྲོངས་སུ་ཕྱིན་པའི་གྲངས་དེ་ཉུང་མཐར་ཡང་༡༠༠༠༠བརྒལ་འདུག་ཟེར། གནས་ཚུལ་སྔ་ཕྱི་འདི་གཉིསལ་ཧེ་བག་ཆེན་པོ་ཤོར་འདུག ཚེས་༡༨ཉིན། རྒྱ་ནག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། འདས་གྲོངས་སུ་ཕྱིན་པའི་གྲངས་དེ་༡༧༠༠ལྷག་རེད་ཟེར། འོན་ཀྱང་། རྒྱ་ནག་གིས་ཕྱིར་འདོན་བྱས་བའི་གྲངས་ཀ་ཧ་ཅང་ཉུང་། གྲངས་ཀ་འཕར་སྟངས་ཀྱང་ཧ་ཅང་དལ། གནད་དོན་འདིའི་ཐད། གསར་འགོད་པར། བོད་རིགས་དགེ་འདུན་པ་ཞིག་གིས། ང་ཚོས་མི་རོ་༡༠༠༠ལྷག་མེར་བསྲེགས་བཏང་བ་ཡིན་མོད། ཁོང་ཚོས་དེའི་ཕྱེད་ཀ་ཡང་ལབ་མ་སོང་གསུངས་འདུག ཚེས་༢༡ཉིན། རྒྱ་ནག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདས་གྲོངས་སུ་ཕྱིན་པའི་མི་གྲངས་དེ་༢༠༠༠ལྷག་རེད་ཟེར། ཚེས་༢༢ཉིན་༢༡༠༠ལྷག་རེད་ཟེར། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་བར་མཚམས་ནས་འགག་ཚར་འདུག འདས་གྲོངས་སུ་ཕྱིན་པའི་གྲངས་དེ་༡༠༠༠ལྷག་རེད་ཟེར་བའི་རྗེས་སུ། བོད་པའི་གསར་འགོད་བརྒྱུད་ལམ་ཁག་ཏུ་གྲངས་ཀར་འཕར་སྣོན་བྱུང་མི་འདུག ངེད་ཀྱི་གྲོགས་པོས་ཐད་ཀར་སྐྱེ་རྒུ་མདོར་ཁ་པར་བཏང་ནས་ཁོང་གི་སྲི་མོར་སྐད་ཆ་དྲིས་བ་ལྟར་ན། འདས་གྲོངས་སུ་ཕྱིན་པའི་གྲངས་དེ་ཕལ་ཆེར་༥༠༠༠ལྷག་ཡིན་ས་རེད་ཟེར། ངེད་ཀྱི་གྲོགས་པོས་ཀྱང་དེ་བདེན་པ་ལྟ་བུར་འཛིན་གྱི་འདུག ད་ཕན། ས་ཡོམ་སྐོར་ལ་ཞིབ་འཇུག་བྱེད་མཁན་ཚོས་གསུངས་ན།
ལུང་བ་གང་དུ་ས་ཡོམ་བྱུང་ན་ཡང་། ས་གནས་ས་ཐོག་གི་མིས་ལབ་པའི་གྲངས་ཀ་དེ་གྲངས་ཀ་དངོས་ལས་ཅུང་ཙམ་བརྒལ་འགྲོ་གི་འདུག་ཟེར། འདི་ལ་ཡང་རྒྱུ་མཚན་མེད་པ་ཞིག་མ་རེད་སྙམ།
འོན་ཀྱང་། ད་ལྟའི་གནས་སྐབས་སུ། བཙན་བྱོལ་བོད་གཞུང་དང་རྒྱ་ནག་སྲིད་གཞུང་གཉིས་ཀྱི་བར་ན་། ཤི་རྨས་བྱུང་བའི་གྲངས་ཐོའི་སྐོར་ལ་རྩོད་རྒྱག་གི་མི་འདུག བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་རྒྱ་ནག་སྲིད་གཞུང་གི་གསར་འགྱུར་ཁག་ལ་ཁུངས་གཏུགས་འདྲ་ཞིག་བྱེད་ཀྱི་འདུག འདིའི་རྒྱུ་མཚན་ངེད་ཀྱིས་མི་ཤེས།
གཉིས་པ།
ས་ཡོམ་གྱི་གོད་ཆག་བྱུང་བའི་ཉིན་མོ་རང་ནས། ཐོག་མར་ས་གནས་ས་ཐོག་ལ་རོགས་སྐྱོར་བྱེད་དུ་ཡོང་མཁན་ནི་ཉེ་འཁོར་གྱི་དགོན་པའི་དགེ་འདུན་པ་རྣམས་རེད། དེ་ཡང་། སེར་ཤུལ་དགོན་པ་དང་རྫ་ཆུ་ཁའི་ལྕང་མ་དགོན་པ། གསེར་རྟ་དགོན་པ་སོགས་ཀྱི་གྲ་བ་རྣམས་རེད། དེའི་རྗེས་སུ་དགོན་པ་གཞན་ཁག་ནས་ཀྱང་གྲ་བ་མང་པོ་སླེབས་འདུག རྒྱ་ནག་གི་རོགས་སྐྱོར་རུ་ཁག་ས་གནས་སུ་སླེབས་ཡོད་རུང་། ཁོང་ཚོང་ནི་འགྲམ་ནས་ལྟད་མོ་བལྟ་མཁན་དང་བོད་པའི་དགེ་འདུན་པ་ཚོ་ནི་དངོས་སུ་མི་སྲོག་སྐྱོབ་མཁན་ཆགས་འདུག བོད་པའི་དགེ་འདུན་པ་ཞིག་གིས། གསར་འགོད་པར་བརྗོད་དོན།” བོད་མིའི་སེམས་ཀྱི་སྐྱིད་སྡུག་ང་ཚོས་ཤེས་ནི་རེད། ཁོང་ཚོའི་རོགས་རམ་མེད་ན་འགྲིག “ཞེས་གསུངས་འདུག ཐོག་མའི་ཉིན་འགའི་རིང་། ཤི་བོ་རྣམས་ཀྱི་རོ་མེ་བསྲེགས་གཏོང་མཁན་ནས་བརྩིས་བའི་དཀའ་ལས་རྒྱག་མཁན་དངོས་གནས་དེ་དགེ་འདུན་པ་ཚོ་རེད་འདུག འོན་ཀྱང་། རྒྱ་ནག་སྲིད་གཞུང་གིས་ཉིན་དང་པོ་རང་ནས་ཆབ་སྲིད་འཁྲབ་འགོ་ཚུགས་ཚར་འདུག ཁོང་ཚོས་རྒྱ་ནག་རང་གི་བཀོད་སྒྲིག་འོག་ཡོད་རྣམས་གསར་འགྱུར་དང་བརྙན་འཕྲིན་ཁག་གི་ནང་ལ་བསྟན། དངོས་སུ་ཕུང་བོ་ས་འོག་ནས་འདོན་མཁན་དང་རྨས་མ་རྣམས་ལ་རོགས་བྱེད་མཁན་གྱི་དགེ་འདུན་པ་དང་མི་མང་དཀྱུས་མ་རྣམས་ཟུར་ལ་བཞག ད་དུང་། རྒྱ་རིགས་དམག་མི་ཚོ་དགེ་འདུན་པའི་དཀྱིལ་ལ་འཚང་ནས་བརྙན་འཕྲིན་ནང་ཁྱབ་བསྒྲགས་གང་སར་བྱེད་ཀྱི་འདུག དེས་ག་ལ་ཚད། རོགས་སྐྱོར་བྱེད་མཁན་རྒྱ་མི་འགས་སྐྱེ་རྒུ་མདོའི་ཁྱི་རྣམས་རྐུན་མ་རྒྱག་འགོ་ཚུགས་འདུག བྱེད་སྟངས་འདིའི་རིགས་ཀྱིས་ཤུལ་ལུས་བོད་མི་རྣམས་ལ་ཁོང་ཁྲོ་བསླངས་ཀྱིན་ཡོད། ཁྱིའི་སྐོར་གྱི་གནད་དོན་འདི་ཕྱི་ནས་བལྟས་ན་ཆེན་པོ་མིན་ཡང་། དོན་དངོས་སུ་འདི་ཡང་གནད་དོན་གལ་ཆེན་ཞིག་ཡིན་པ་འདྲ།
ངེད་ཀྱི་གྲོགས་པོས་གསུངས་ན། སྐྱེ་རྒུ་མདོའི་ཡུལ་མི་ཚོའི་འཚོ་རྟེན་གཙོ་བོ་གཉིས་དབྱར་རྩ་དགུན་འབུ་དང་ཁྱི་འཚོང་གཉིས་ཡིན་ཟེར། ཡུལ་མི་ཚོས་ཁྱི་ཧ་ཅང་རྩ་ཆེན་བྱེད་པ་མ་ཟད་གོང་ཆེན་ཡང་བྱེད་གི་རེད་ཟེར། ཁོང་གི་དེབ་དེའི་ནང་དུ་སྐྱེ་རྒུ་མདོའི་ཁྱིའི་སྐོར་ལ་དམིགས་བསལ་གྱི་ལེ་ཚན་ཞིག་བྲིས་ཡོད་ཟེར། ཚེས་༢༠ཉིན་ནས་བཟུང་། རྒྱ་ནག་གཞུང་གིས་རོགས་སྐྱོར་བྱེད་མཁན་གྱི་དགེ་འདུན་པ་རྣམས་ཕྱིར་སོ་སོའི་ས་གནས་སུ་ལོགས་དགོས་བའི་བཀའ་བཏང་འདུག དགེ་འདུན་པ་རྣམས་ཚེས་༢༠ཉིན་གྱི་ཕྱི་དྲོའི་དུས་ཚོད་༤བའི་སྔོན་ལ་གནོད་འཚེ་ཐེབས་ཡུལ་དང་ཁ་བྲལ་དགོས་བའི་བཙན་བཀའ་བཏང་འདུག དགེ་འདུན་པ་ཁ་ཤས་ཀྱིས་འདི་ལ་མ་རངས་བའི་རྣམ་འགྱུར་ཡང་བསྟན་འདུག ཚེས་༢༠ཉིན། དམག་མི་ཞིག་གིས་གསར་འགོད་པར། “གལ་སྲིད་ས་ཡོམ་རྒྱག་ཡུལ་དུ་རང་བཙན་གྱི་ལས་འགུལ་སྤེལ་མཁན་མཐོང་བ་ཡིན་ན། ཐད་ཀར་གསོད་ཀྱི་ཡིན་”གསུངས་འདུག རྒྱ་ནག་སྲིད་གཞུང་གིས་ཕྱོགས་གཅིག་ནས་དྲིལ་བསྒྲགས་ཀྱི་སྒོ་མོ་ཕྱེས། ཕྱོགས་གཞན་ཞིག་ནས་ས་གནས་ས་ཐོག་ལ་དམ་དྲག་ཆེ་རུ་བཏང་འདུག དྲིལ་བསྒྲགས་ཀྱི་སྒོ་མོ་ཕྱེ་སྟངས་ཐད། རྒྱ་ནག་གི་སྲིད་བློན་དང་སྲིད་འཛིན་གཉིས་ཀ་སྔ་རྗེས་སུ་སྐྱེ་རྒུ་མདོར་སླེབས། ད་དུང་། ཕྱི་ཚེས་༡༩ཉིན། རྒྱ་ནག་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་འཛིན་ཅ་ཆིན་ལིན་གྱིས།
“ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། དགོས་ངེས་ཀྱི་རོགས་རམ་བྱེད་ཀྱི་ཡིན”་ཟེར་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་འདུག ད་དུང་། ཕྱི་ཚེས་༢༡ཉིན། རྒྱ་ནག་རྒྱལ་ཡོངས་སུ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆད་ལ་མྱ་ངན་གྱི་མཛད་སྒོ་ཡང་སྤེལ་འདུག
འོན་ཀྱང་། བཙན་བྱོལ་བོད་གཞུང་གི་ངོས་ནས། “ཕྱི་ཚེས་༡༥ཉིན་ནས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་མཆོད་འབུལ་ཁག་གྲུབ་ཚར་ཡོད”་ཟེར། བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ཞུ་བས་ཧ་ཅང་བྱབ་ཆུང་བའི་སྐད་ཆ་འདི་འདྲ་ཞིག་གསུངས་འདུག “ང་ཚོས་བརྙན་འཕྲིན་ལས་མཐོང་བ་ལྟར་ན་རྒྱ་ནག་གཞུང་གི་ངོས་ནས་རོགས་སྐྱོར་ཡག་པོ་གནང་གི་འདུག་པས། དེ་ལ་རྗེས་སུ་ཡི་རངས་ཞུ་དགོས་བ་རེད་ལ་། ཞུ་གིན་ཡོད་”ཟེར། རྒྱ་ནག་གི་བརྙན་འཕྲིན་གསར་འགྱུར་ཁག་གི་ནང་ན་བརྒྱ་ཆ་༤༠ཡང་དངོས་ཡོད་གནས་ཚུལ་མེད་ཞེས་རྒྱ་རིགས་ཚོས་ལབ།
གསུམ།
ད་ལྟ་བོད་ཕྱི་ནང་གཉིས་ན་སྐད་རྒྱག་ས་གཅིག་ནི་སྐྱོབ་གསོ་དང་ཞལ་འདེབས་ཀྱི་སྐོར་རེད། སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་བ་དང་མཉམ་དུ། བོད་ཕྱི་ནང་གཉིས་སུ་ཞལ་འདེབས་བསྡུ་འགོ་ཚུགས་ཀྱི་ཡོད། བོད་ནང་དུ། དགོན་པ་དང་གྲོང་སྡེ། ཚོགས་པ་སྒེར་བ། ཐ་ན་སློབ་གྲ་ཡན་ཆད་ནས་ཞལ་འདེབས་བསྡུ་འགོ་ཚུགས་འདུག་པ་མ་ཟད། གོད་ཆག་བྱུང་ཡུལ་ལ་དངོས་སུ་རོགས་རམ་བྱེད་དུ་འགྲོ་མཁན་ཡང་མང་དུ་འགྲོ་གི་ཡོད། འོན་ཀྱང་། ཕྱི་ཚེས་༡༧ཉིན་ནས། རྒྱ་ནག་གཞུང་གིས་ཡུལ་ཤུལ་དང་བར་ཐག་སྤྱི་ལེ་༨༠ཡི་མཚམས་སུ་དམག་མིའི་བལྟ་རྟོག་འགག་སྒོ་བཙུགས་སྟེ་འགོག་སྲུང་ནན་མོ་བྱེད་འགོ་ཚུགས་འདུག སྐྱོབ་གསོ་སྤྲོད་དུ་འགྲོ་མཁན་མང་པོ་ལམ་བར་ནས་བཀག་པའི་གནས་ཚུལ་ཐོན་འདུག་པ་མ་ཟད་། ཞལ་འདེབས་ཁག་ཀྱང་སྲིད་གཞུང་གི་ལག་པ་བརྒྱུད་ནས་འགྲོ་དགོས་བའི་བཀའ་བཏང་འདུག བརྒྱུད་ལམ་སྲིད་གཞུང་བྱས་ན། ཞལ་འདེབས་ག་ཚོད་ས་གནས་ས་ཐོག་ལ་སླེབས་ཀྱི་ཡོད་མེད་ནི་རྨི་ལམ་ལྟ་བུ་ཞིག་ཡིན། སྐྱོབ་གསོའི་གནད་དོན་དང་ས་ཡོམ་གྱི་ཚད་རིམ་འཕར་ཆག་གི་གནད་དོན། ཤུལ་ལུས་དྭ་ཕྲུག་ཚོའི་གནད་དོན་གྱི་སྐོར་ནི། རྩོད་རྒྱུ་དང་བལྟ་རྒྱུ་གཉིས་ཀ་་རྗེས་སུ་ལྷག་ནས་ཡོད། རྒྱ་ནག་གཞུང་གིས་འདི་ལྟར། རོགས་སྐྱོར་བྱེད་མཁན་གྱི་དགེ་འདུན་པ་རྣམས་ས་གནས་དང་ཁ་བྲལ་དུ་བཅུག རོགས་རམ་བྱེད་དུ་འགྲོ་མཁན་མང་པོ་ལམ་བར་ནས་བཀག
ཞལ་འདེབས་ཀྱི་བརྒྱུད་ལམ་ལ་སྟངས་འཛིན་བྱས། གཞུང་གི་དྲིལ་བསྒྲགས་ཀྱི་སྒོ་མོ་ཆེ་རུ་ཕྱེས། བྱེད་སྟངས་འདིའི་རིགས་ཀྱིས་བོད་མིའི་སེམས་ལ་ན་ཚ་གསར་བ་ཞིག་བསླངས་ཀྱི་ཡོད།
ཕྱི་ལོ་༢༠༠༨ལོའི་བོད་མིའི་སེམས་ཀྱི་ན་ཚ་རྣམས་མར་མ་འཇགས་པའི་སྔོན་ལ། ན་ཚ་གཞན་པ་མང་པོ་བོད་མིའི་སེམས་ལ་བླུགས་ཀྱི་ཡོད། གནད་དོན་གཞན་ཞིག་ནི། ས་ཡོམ་གྱི་གནས་ཚུལ་འདི་མ་བྱུང་བའི་སྔོན་ལ། བོད་ཁམས་ཀྱི་ས་ཁུལ་ཁ་ཤས་ནས་བོད་རིགས་སློབ་ཕྲུག་ཚོས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད། ངོ་རྒོལ་དེ་ཡང་བོད་མིའི་སེམས་ཀྱི་ན་ཚ་དང་འབྲེལ་བ་ཡོད། དཀའ་ངལ་གྱི་གནས་སུ་ལྷུང་བའི་སྐབས་སུ། བོད་མིའི་སེམས་ལ་ན་ཚ་ཁ་སྣོན་བྱས་ན་ན་ཚ་དེ་དག་ཕྱི་ལ་མི་བརྡོལ་བའི་ངེས་པ་མེད།
བཞི་པ།
ངེད་ཀྱི་རྨོངས་འཆར་འདིའི་འབབ་ས་ལྟེ་བ་དེ་དུམ་མཚམས་མཐའ་མ་འདི་ཡིན། ངེད་ལ་སེམས་ཁྲལ་སླེབས་ས་ཡང་གནད་དོན་མཐའ་མ་འདིའི་ཐོག་ནས་ཡིན། གོང་གི་དུམ་མཚམས་གསུམ་པོ་དེ་ནི་དུམ་མཚམས་མཐའ་མ་འདིའི་སྔོན་འགྲོ་ལྟ་བུ་ཡིན། སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་མ་ཐག་ཏུ། ཕྱིའི་རྒྱལ་ཁབ་དང་ཚོགས་པ་མང་པོས་ཐུགས་གསོའི་འཚམས་འདྲི་བྱས་ཡོད་པ་མ་ཟད། ༧སྤྱི་ནོར་༧གོང་ས་མཆོག་གཙོས་བའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། ཆོས་སྡེ་ཁག་གི་བླ་མ་དང་མཁན་པོ། ཚོགས་པ་ཁག བོད་མི་སྒེར་བ་བཅས་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་བྱས་ཡོད། བོད་ནང་དུ་སློབ་གྲ་ཁག་གི་སློབ་ཕྲུག་ཡན་ཚུན་ནས་མྱ་ངན་བྱས་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་གསོའི་གསུང་འཕྲིན་དེ་ཉིན་གཅིག་གི་རྗེས་ལུས་ཐེབས་ཡོད། རྗེས་ལུས་ཐེབས་དགོས་བའི་རྒྱུ་མཚན་ངེད་ཀྱིས་མི་ཤེས། ས་ཡོམ་གྱི་གནད་དོན་དང་འབྲེལ་ནས། བསམ་བློ་གཏོང་གཞི་གལ་ཆེན་གཅིག་ནི། ཕྱི་ཚེས་༡༧ཉིན་གྱི་༧གོང་ས་མཆོག་གི་གསུང་འཕྲིན་དེ་ཡིན། ༧གོང་ས་མཆོག་གིས། “ཐེངས་འདིར་དམིགས་བསལ་བོད་རིགས་ས་ཁུལ་དང་ལྷག་པར་ཞིང་གཤེགས་༧པཎ་ཆེན་རིན་པོ་ཆེ་དང་ངེད་གཉིས་སྐྱེས་སའི་ཕ་ཡུལ་ཡིན་སྟབས། ས་གནས་ས་ཐོག་གི་རེ་བ་ལྟར་འགྲོ་ཐུབ་ན་བསམ་པའི་རེ་བ་ཡོད་པ་དང་། མི་མང་གི་རེ་འདོད་ལྟར་འགྲོ་ཐུབ་པ་ཡིན་ན།
གཞན་སྒྲུབ་མི་ཐུབ་ཀྱང་མི་མང་པོ་ཞིག་གི་སེམས་སུ་སྤོབས་པ་བསྐྱེད་པ་དང་སེམས་ཀྱི་སྡུག་བསྔལ་ཆུང་དུ་ཡོང་ཐུབ་པ་ཞིག་བྱ་ཐུབ་ཀྱི་རེད་བསལ་ལ། ང་རང་གིས་ཀྱང་རེ་བ་རྒྱག་གིན་ཡོད་”ཅེས་གསུངས་ཡོད། ༧གོང་ས་མཆོག་གི་གསུང་འཕྲིན་འདི་ནི་ཐུགས་སྨོན་ཞིག་ཡིན། འོན་ཀྱང་། ཐུགས་སྨོན་འདི་ཐུགས་སྨོན་གྱི་ངོ་བོ་ནས་མ་བསྡད་པར་འདི་ལ་འགྲེལ་བཤད་ཁ་སྣོན་རྒྱག་མཁན་ཡོང་གི་ཡོད། འགྲེལ་བཤད་ཁ་སྣོན་རྒྱག་མཁན་གཅིག་ནི་། ཟམ་གདོང་རིན་པོ་ཆེ་ཡིན། ཟམ་གདོང་རིན་པོ་ཆེས་ཕྱི་ཚེས་༡༦ཉིན།” ང་ཚོས་སྨོན་ལམ་བཏབ་པ་ཡིན་ན་རྟགས་དང་རྟེན་འབྲེལ་གྱི་ཁྱད་པར་ཏན་ཏན་ཡོད་འདོགས་ཁ་པོ་རེད་རེད་བསམ་གྱི་ཡོད་”ཟེར། རྒྱལ་བ་ཀརྨ་པ་མཆོག་གིས་ཀྱང་། ཕྱི་ཚེས་༢༢ཉིན། “གཅིག་བྱས་ན་རྟེན་འབྲེལ་དང་ལས་སྨོན་འཛོམས་ཏེ་བོད་དུ་ཕེབས་ཐུབ་སྲིད།” ༧གོང་ས་མཆོག་གིས་ས་ཡོམ་གྱི་གོད་ཆག་བྱུང་ཡུལ་ལ་ཕེབས་འདོད་ཡོད་ཟེར་བའི་སྐད་ཆ་དེ། བོད་ནང་དུ་༧གོང་ས་མཆོག་ཕེབས་ཀྱི་རེད་ཟེར་བའི་སྐད་ཆར་འགྱུར་བཞིན་ཡོད། སྔ་མ་ཐུགས་སྨོན་ཡིན། ཕྱི་མ་དངོས་དོན་ཆགས་བཞིན་ཡོད། ད་དུང་། རྒྱལ་སྤྱིའི་སྟེང་གི་ཚོགས་པ་རེ་ཟུང་གིས་འདིའི་ཐད་དུ་ས་ཡིག་བསྡུ་རུབ་ཀྱང་བྱེད་ཀྱི་ཡོད། བཙན་བྱོལ་བོད་མི་མང་པོས་ཀྱང་༧གོང་ས་མཆོག་ཕེབས་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད། ད་དུང་། བཙན་བྱོལ་ནང་དུ་ཕྱི་ཚེས་༡༧ཉིན་གྱི་༧གོང་ས་མཆོག་གི་གསུང་འཕྲིན་འདི་དང་ཕྱི་ཚེས་༡༩ཉིན་གྱི་ཅ་ཆིན་ལིན་གྱི་སྐད་ཆ་གཉིས་ལ་ཕུགས་ན་འབྲེལ་བ་ཡོད་པའི་བསམ་ཚུལ་བཤད་མཁན་ཡང་ཡོང་གི་ཡོད། ངེད་ཀྱི་རྨོངས་འཆར་ལྟར་ན།
༧གོང་ས་མཆོག་གིས་ཕེབས་འདོད་ཀྱི་ཐུགས་རེ་གནང་བ་དེ། བོད་ནང་དུ་༧གོང་ས་མཆོག་ཕེབས་ཀྱི་ཡོད་པའི་གནས་ཚུལ་ལ་འགྱུར་བཞིན་པ་འདི་ནི་སེམས་ཁྲལ་བྱེད་ས་ཞིག་རེད།
གལ་སྲིད་བོད་ནང་དུ་༧གོང་ས་མཆོག་ཕེབས་ཀྱི་ཡོད་རེད་ཟེར་བའི་སྐད་ཆ་འདི་ཤུགས་ཆེན་པོ་ཆགས་ན། གནད་དོན་གཞན་ཞིག་མི་འབྱུང་བའི་ངེས་པ་མི་འདུག་སྙམ།
བོད་ནང་གི་བོད་མིས་རང་གི་རྩ་བའི་བླ་མར་བཅིངས་བའི་སེམས་ཀྱི་དམ་ཚིག་དང་དད་པ་ནི་རྒྱ་ནག་གི་མེ་མདས་ཀྱང་འགོག་མི་ཐུབ་པ་གསལ་བོ་ཡིན། གལ་སྲིད་ས་ཡོམ་གྱི་གནད་དོན་འདི་ཞི་འཇགས་མ་བྱུང་བའི་སྔོན་ལ་གནད་དོན་གཞན་ཞིག་བྱུང་བ་ཡིན་ན། བསྐྱར་དུ་དཀའ་ངལ་འཕྲད་མཁན་དེ་བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་ཆགས་འགྲོ་གི་རེད།
གལ་སྲིད། ས་ཡོམ་གྱི་གནད་དོན་འདི་ངོ་བོ་གཞན་དུ་འགྱུར་བ་ཡིན་ན། བསྐྱར་དུ་མནར་གཅོད་མྱོང་མཁན་བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་ཆགས་འགྲོ་གི་རེད། གལ་སྲིད་༧གོང་ས་མཆོག་ཕེབས་ཐུབ་པའི་དབང་དུ་བཏང་ན། ས་ཡོམ་གྱི་གནད་དོན་འདི་ས་ཡོམ་གྱི་རང་གི་ངོ་བོའི་ཐོག་འདུག་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད། རྒྱ་ནག་སྲིད་གཞུང་གི་ངོས་ནས་ཀྱང་ཐེངས་འདིའི་ས་ཡོམ་གྱི་གནད་དོན་ལ་གཞི་བཅོལ་ནས།་ ༧གོང་ས་མཆོག་ས་ཡོམ་གྱི་གོད་ཆག་བྱུང་ཡུལ་ལ་ཕེབས་མི་འཇུག་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་པ་མ་ཟད་རེ་བ་རྒྱག་ས་མེད་པ་ཞིག་ཀྱང་རེད། ༧གོང་ས་མཆོག་གི་ཞབས་ཀྱིས་བོད་ཀྱི་ས་ཐོག་ལ་བཅགས་ཉིན་ནས། གནད་དོན་ཚང་མའི་ངོ་བོ་འགྱུར་གྱི་ཡོད་པ་ནི་རྒྱ་ནག་སྲིད་གཞུང་གིས་སྔ་མོ་ནས་རྩིས་བརྒྱབ་ཚར་ནས་ཡོད་པ་ཞིག་རེད། ༧གོང་ས་མཆོག་བོད་ལ་ཕེབས་ཉིན་ནས། ས་ཡོམ་གྱི་གནད་དོན་ངོ་བོ་གཅིག་དང་། མི་རིགས་དང་ཆབ་སྲིད་ཀྱི་གནད་དོན་ངོ་བོ་གཞན་ཞིག་བྱས་ནས་སྡོད་ཐུབ་ཀྱི་མ་རེད། སྡོད་སྲིད་པ་ཞིག་ཀྱང་མ་རེད། ༧གོང་ས་མཆོག་གི་ངོས་ནས། རྒྱ་ནག་གཞུང་ལ་བསྟུན་གང་ཐུབ་བྱས་ཀྱང་རུང་། ཉིན་མོར་དེར་བོད་ནང་གི་བོད་མི་ཚོའི་སེམས་ཀྱི་མེ་རི་དེ་འབར་ཐག་ཆོད་འབར་གི་རེད། གལ་སྲིད་༧གོང་ས་མཆོག་ས་ཡོམ་གྱི་གོད་ཆག་བྱུང་ཡུལ་སྐྱེ་རྒུ་མདོ་གཅིག་པོར་ཕེབས་པའི་དབང་དུ་བྱས་ན། བོད་ཁུལ་གྱི་ས་ཁུལ་གཞན་དག་གི་བོད་མི་རྣམས་ཁུ་སིམ་མེར་སྡོད་ཀྱི་རེད་དམ། སྡོད་ཐུག་གི་རེད་དམ། ༧གོང་ས་མཆོག་ལ་བརྩི་སྟངས་གཅིག་དང་རྒྱ་ནག་སྲིད་གཞུང་ལ་ཉན་སྟངས་གཅིག་བྱས་ནས་འདུག་ཐུབ་ཀྱི་རེད་དམ།
དེས་ན། ཕྱི་སྡོད་བོད་མི་ཚོའི་ངོས་ནས་ཀྱང་། བོད་ནང་གི་བོད་མི་ཚོའི་རྣ་བར། “༧གོང་ས་མཆོག་ཕེབས་ཀྱི་རེད་”ཟེར་བ་དང་། “གཅིག་བྱས་ན་༧གོང་ས་མཆོག་ཕེབས་ཐུབ་ཀྱི་རེད་”ཟེར་བའི་སྐད་ཆ་འདི་དག་བསྐྱལ་བ་ནི་ཕུགས་ཕན་གྱི་བྱེད་སྟངས་ཤིག་མ་རེད་དྲན། བཀུར་འོས་འཛིན་སྐྱོང་གི་མི་སྣ་ཚོས་ཀྱང་༧གོང་ས་མཆོག་གི་ཐུགས་སྨོན་འདི་ལ་འགྲེལ་བཤད་དང་རྒྱས་འགྲེལ་མ་བྱས་ན་དགེ་མཚན་ཆེ་བར་མཐོང་། རེ་ཞིག་ངེད་ཀྱི་རྨོངས་འཆར་འདི་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་མཇུག་བསྡུས་བ་ཡིན།
རིག་འབྱུང་དོན་བཀྲ་ལགས་ནི། སྔོན་ཐོན་གྱི་སློབ་གསོ་ཐོབ་དང་འཐོབ་བཞིན་པའི་བུ་རེ་བཞག་ཅན་ཞིག་ཡིན་པར་བརྩི་བཞིན་ཡོད་མོད། ཐེངས་འདིའི་གཟབ་ཉན་གྱི་ཐ་མའི་ལེ་ཚན་དང་དེའི་ནང་ནས་ཀྱང་རང་གི་སེམས་ཁྲལ་བྱེད་ས་གཙོ་བོ་དེ་བཤད་ཡོང་སྐབས། ངས་གདེང་འཇོག་དེ་ནོར་འདུག་ཨང་སྙམ་པ་བྱུང་། རྒྱུ་མཚན་ནི། མི་རིགས་འདིའམ་མི་རབས་འདིས་རང་མི་རིགས་ཀྱི་ལོ་རྒྱུས་ལ་དོན་དངོས་ཀྱི་འགན་འཁྲི་ཞིག་འཁུར་འདོད་ན། ཉེན་ཁ་དང་བརྡབ་གསིག་ལ་གཏན་ནས་སྐྲག་མི་རུང་། ལྷིང་འཇགས་ནི་གཉའ་གནོན་མྱོང་བའི་མི་རིགས་ཤིག་ལ་མཚོན་ན་གཏན་ནས་ཡོད་མི་ཉན་པ་ཞིག་རེད། དུས་རབས་གསར་པའི་གཞོན་ནུ་རེ་ཅན་ཚོའི་གཉོམ་ཆུང་སྡར་མའི་སྐད་བརྡ་འདི་འདྲ་ངོམ་སོ་བྱེད་མི་རུང་ཡ།
རིག་འབྱུང་བུ། རྨོངས་འཆར་གནད་ལ་འཁེལ་བ་ཞིག་བྲིས་འདུག རྗེས་སུ་ཡི་རངས་ཡོད། ངས་ཀྱང་ཁ་སྣོན་འགའ་བྱེད་འདོད།
གཅིག བྱེས་འབྱོར་བོད་མི་ཚོས་དངུལ་དངོས་ཀྱིས་རོགས་སྐྱོར་བྱེད་རྒྱུ་ཟེར། རྒྱ་ནག་གཞུང་གིས་དངུལ་དངོས་དག་ས་གནས་ས་ཐོག་ལ་སླེབས་པར་བཀག་འགོག་བྱེད་ངེས་པས། འདི་ནི་འདྲ་ཆགས་པོ་ཞིག་མ་རེད་སྙམ། དེ་ལས་བདུན་ཚིགས་བཞིའི་རིང་བསྔོ་བ་སྨོན་ལམ་འདྲ་གསུང་ཐུབ་ན་ཕན་ཐོགས་ཆེ་བར་མཐོང་མོད། ཉིན་རེ་འགའི་སྨོན་ལམ་ལས་ཚོགས་མ་སོང། འདི་བློ་ཕམ་གྱི་གནས་ཤིག་རེད།
གཉིས། རྒྱ་ནག་རྒྱལ་ཡོངས་ཀྱིས་མྱ་ངན་ཚོགས་འདུ་བསྐོང་སོང་ལ། དུས་བསྟུན་གྱིས་རྩེད་མོའི་རིགས་གང་མང་ཞིག་གི་དུས་ཚོད་རེའུ་མིག་ཡར་བསྐྱར་བཟོ་རྒྱུ་ཡིན་ཟེར། འོན་ཀྱང། གངས་སྐྱིད་ན་བོད་གཞུང་གི་ལས་བྱེད་པ་ཚོས་ལག་རྩེད་སྤོ་ལོ་འགྲན་བསྡུར་བྱེད་བཞིན་ཡོད། འདི་ཡོད་ཆོག་པའི་རྒྱུ་མཚན་ཡང་འགྲན་བསྡུར་འདི་ས་ཡོམ་གྱི་གོད་ཆག་མ་བྱུང་བའི་སྔོན་ནས་འགོ་བཙུགས་ཚར་བས་ཡིན་པར་བཤད། འདི་ཡང་བློ་ཕམ་གྱི་གནས་ཤིག་རེད།
རྨོངས་འཆར་འདི་བདུན་སྔོན་མའི་གཟའ་ལྷག་པའི་ཉིན་བྲིས་བ་ཡིན། དགོས་དབང་ཆུང་ཆུང་ཞིག་གི་རྐྱེན་བྱས་ཏེ་ཕྱིར་བླངས་བ་ཡིན།
ཁ་སང་དེ་རིང་གི་གསར་འགྱུར་འགའ་བྐླགས་པའི་བརྒྱུད་རིམ་ཁྲོད། རྨོངས་འཆར་འདི་ཕྱིར་དྲ་ཐོག་ལ་བཞག་ཆོག་པ་འདུག་དྲན་སོང་། དེར་བརྟེན། ད་ནངས་བཞག་པ་ཡིན།
༧གོང་ས་མཆོག་བོད་ལ་ཕེབས་ཐུབ་ཀྱི་རེད་ཟེར་བ་དང་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་ཟེར་བ་སོགས་ནི་རྒྱ་གཞུང་གི་དྲིལ་བསྒྲགས་དང་གཅིག་མཚུངས་རེད།
སྤྱི་འཐུས་ཚོགས་གཙོ་མཆོག་ནས་དྲིལ་བསྒྲགས་དེ་འདྲ་ཞིག་བསྐྱར་དུ་བྱས་འདུག སྐད་ཆ་དེ་ཚོའི་རིགས་ནི་བོད་ནང་གི་བོད་མིའི་སེམས་ཁམས་དཀྲུགས་བྱེད་ཞིག་མ་གཏོགས་གཞན་ཅི་གང་ཡང་ཕན་ཐོགས་ཀྱི་མ་རེད་འདོད།
སྐྱེ་རྒུ་མདོའི་ས་ཡོམ་དང་༧གོང་ས་མཆོག་བོད་ལ་ཕེབས་ཐབས་གཉིས་ལམ་ཐིག་གཅིག་གི་སྒང་ན་ཡོད་མ་རེད་ལ་ལམ་ཐིག་གཅིག་གི་སྒང་ལ་འཇོག་ཐུབ་གི་ཡང་མ་རེད། འདི་བོད་རིགས་ཚོས་མཁྱེན་དགོས་ཀྱི་འདུག
ཚོར་བ་ཚོར་བ་རེད། དད་པ་དད་པ་རེད། གནས་སྟངས་གནས་སྟངས་རེད། འདི་ཚོ་དབྱེ་བ་ཡག་པོ་བཀར་ཐུབ་དགོས་རེད་འདོད། ད་འཛིན་གྲར་འགྲོ་གི་ཡིན།
སྤྱི་འཐུས་ཚོགས་གཙོའི་དྲིལ་བསྒྲགས་ཤིག་འདི་ན་འདུག
“བོད་གཞུང་གི་ངོས་ནས་༧གོང་ས་མཆོག་ཐེངས་འདིའི་གོ་སྐབས་བརྒྱུད་བོད་ནང་ཕེབས་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པར་མ་ཟད། བླ་ཆེན་ཁག་ཅིག་དང་སྐྱེ་རྒུ་མདོ་རང་ནས་ཡིན་པའི་བླ་ཆེན་ཁག་ཀྱང་བོད་དུ་ཕེབས་རྒྱུར་འབད་བརྩོན་གནང་གི་ཡོད་ཅེས་གསུང་བྱུང་། “
འབྲོང་བུའི་བསམ་ཚུལ་ལ་ཚིག་འགའ་ཞུ་གི་ཡིན།
གཅིག བྱེས་འབྱོར་བོད་མི་ཚོས་དངུལ་དངོས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཧ་ཅང་གལ་ཆེ། དཔེར་ན། མ་ཅིག་རོགས་ཚོགས་སོགས་ཀྱིས་ཐད་ཀར་ཟི་ལིང་བརྒྱུད་རོགས་སྐྱོར་བྱས་ཡོད་རེད། སྐྱོབ་གསོ་ཁ་ཤས་ས་གནས་ལ་འབྱོར་འདུག་ཟེར།
ཁ་ཤས་ལམ་བར་ནས་བཀག་འདུག་ཟེར།རེ་རེ་བཞིན་གནས་ཚུལ་གསལ་བོ་མི་འདུག དངུལ་དངོས་ཀྱི་རོགས་སྐྱོར་འདི་ཁ་ཚ་དགོས་གཏུགས་རེད།བསྔོ་བ་སྨོན་ལམ་གལ་ཆེ་དང་ཆེ། དེ་ལས་ཀྱང་གལ་ཆེ་བ་དེ་དངུལ་དངོས་ཀྱི་རོགས་སྐྱོར་རེད། བོད་མི་རིགས་འདིས་ད་བར་དུ་ཞལ་འདོན་སྐྱོར་ནས་བསྡད་པ་རེད། ད་དུང་ཡང་སྐྱོར་གི་རེད །མི་རིགས་འདི་མ་རྫོགས་བར་དུ་ཞལ་འདོན་སྐྱོར་ནས་འདུག་གི་རེད། ས་སྟེང་ན་ཞལ་འདོན་སྐྱོར་རྒྱུར་དགའ་མཁན་ཞིག་མི་རིགས་འདི་ལས་གཞན་པ་རྙེད་དཀའ། དེ་གཅིག་ཡིན།
གཉིས། པེ་ཅིང་ནས་མྱ་ངན་ཞུས་ན། རྡ་ལམ་ས་ལར་ལག་རྩེད་སྤོ་ལོ་རྩེད་བཞིན་པ་ནི་ཅུང་ཁྱད་མཚར་རེད། འོན་ཀྱང་། གངས་སྐྱིད་ཀྱི་ལས་བྱེད་ཚོས་ལག་རྩེད་སྤོ་ལོའི་རྩེད་མོ་དེ་མཚམས་འཇོག་གི་མ་རེད། དེ་སེམས་ཀྱི་ཚོར་བ་དང་འབྲེལ་བ་ཡོད་རེད། འདིའི་སྐོར་ལ་མང་པོ་བཤད་གི་མིན། མང་པོ་བཤད་ན་བོད་རིགས་ནང་ཁུལ་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་སྐད་ཆ་དེ་ཡོང་གི་རེད། དཔེར་ན།ཨ་རིའི་མངའ་སྡེ་ཁ་ལེ་ཕོ་ནི་ཡར་(California)གནས་སྡོད་ངེད་ཀྱི་ངོ་ཤེས་ཤིག་གིས་གསུངས་ན། ཁོང་ཚོས་དང་བླངས་དགོས་ཁ་སང་གཟའ་སྤེན་པ་ཉིན་བདུན་ཚིགས་སྨོན་ལམ་ཆེན་མོ་ཞིག་འཚོགས་རྒྱུ་གཏན་འཁེལ་བྱས་འདུག ས་གནས་བོད་རིགས་ཚོགས་པ་ལ་ཞུས་ནས་ཁང་པ་སོགས་ཀྱང་གཡར་ཚར་འདུག གཟའ་ཕུར་བའི་ཉིན་ཁོང་ལ་ཁ་པར་ཡོང་ནས། “བདུན་ཚིགས་སྨོན་ལམ་གཟའ་སྤེན་པའི་ཉིན་འཚོགས་ཐུབ་གི་མ་རེད། གང་ཡིན་ཞེ་ན།གཟའ་སྤེན་པའི་ཉིན་བོད་རྒྱའི་མཛའ་འབྲེ་ཚོགས་པ་ཞིག་ཡོད་པ་དེས་བོད་རྒྱའི་དབར་གྱི་གཏམ་བཤད་འགའ་བཀོད་སྒྲིག་བྱེད་ཀྱི་ཡོད་པས། སྨོན་ལམ་འཚོགས་རྒྱུའི་དུས་ཚོད་དེ་བརྗེས་རོགས་ཟེར་གྱི་འདུག་”ཟེར།
གནས་སྟངས་དེ་འདྲ་མང་པོ་ཡོད་རེད།དེ་ཚོའི་སྐོར་མང་པོ་བཤད་ན་མི་འདོད་གི་ གཙོ་བོ་བོད་མི་སྒེར་བ་རེ་རེའི་སེམས་ཀྱི་གཏིང་ན་ཚོར་བ་དང་འདུ་ཤེས་ཟེར་བ་ཞིག་ཡོད་རེད།