ཨེ་མ་ཧོ།
ཀ་ཡེ་དལ་ཅིག་གསོན་དང་ཆོས་མཆེད་ཀྱི་ཚོགས་རྣམས།། ཁ་ནས་བྱུང་རྒྱལ་བའི་སྨྲ་བའི་སྨྱོན་པ་ཡི་གཏམ་བཤད།། ག་ལེར་རིགས་པས་དཔྱོད་དང་གོ་རྒྱུ་ཞིག་མེད་དམ།། ང་ཡིས་གང་ཤར་བཅོས་མིན་སྙིང་གཏམ་དུ་འབུལ་ལོ།། ཅ་ཅོའི་འདུ་འཛིའི་མོད་པའི་དྲ་གྲོང་གི་ཁྲོད་དུ།། ཆ་འཇོག་བདེན་པའི་གཏམ་ཞིག་ཉི་སྐར་ལས་དཀོན་པས།། ཇ་འཐུང་ངོ་དགའི་འུར་སྒྲོག་རྒྱུག་ཁྱི་ཙམ་མིན་པར།། ཉ་གང་ཟླ་བའི་རང་གཤིས་མངོན་པ་ཞིག་རེམ་རེམས།། ཏ་ཐྰ་ག་ཏའི་བསྟན་པ་ནུབ་རི་ལ་ཉེ་ཞིང་།། ཐ་དག་གཟིགས་པའི་ཀུན་མཁྱེན་མི་མངོན་དུ་ཕེབས་པས།། ད་ལྟའི་དུས་རབས་གསར་བའི་དཔའ་འབྱོར་གྱི་རིགས་ལ།། ན་ཆུང་བྱིས་པ་ཀླད་མེད་མགོ་འཁོར་དེ་མཐོང་ངམ།། པ་ར་མི་ཏའི་མཛད་བཟང་ནེ་ཙོ་ཡི་ཁ་འདོན།། ཕ་མའི་རྒྱུད་སྡེའི་གསང་བ་དངུལ་ལོ་བརྗེ་ཞིང་།། བ་གླང་ཕྱུགས་ལས་ངན་པའི་ལས་ངན་རིགས་སྤེལ་བས།། མ་ལུས་འགྲོ་བའི་བསོད་ནམས་མར་ངོ་རུ་ཚེས་འདུག། ཙ་ར་མི་གཅོད་རྫུན་ཆེན་ངོ་སོ་རེ་འདོན་ནས།། ཚ་གྲང་གནར་གཅོད་མྱོང་བའི་དྲོད་ཆུང་ལ་གཟིགས་དང་།། ཛ་ཡའི་བསྟན་པའི་སྙིང་པོ་འཇིག་རྟེན་ལ་བསྒྱུར་བའི། ཝ་མོ་སྟག་ཏུ་བརྫུས་པའི་གཡོ་འཕྲུལ་དག་མཐོང་ངམ།། ཞྭ་མོའི་ཆེད་དུ་ནང་བསྟན་ཁྲག་དམར་བཞིན་དཀྲུགས་ནས།། ཟ་ཧོར་དགེ་སློང་བརྒྱུད་པ་ནང་རུལ་དུ་གཏོང་ནས།། འ་ཅག་བོད་བརྒྱུད་སྤྲུལ་སྐུའི་ཆེ་མཐོང་ཀུན་བརླགས་པའི།། ཡ་ཀི་མིང་ཆེན་འཛིན་པའི་བྱ་སྤྱོད་ལ་སུན་སོང་།། ར་རོ་བཟི་འདྲའི་ཆོས་མེད་སྨྲ་བ་ལ་བསྟོད་ཅིང་།། ལ་རྒྱའི་བརྩེ་དུང་འདོ་ཤོར་རིས་མེད་ལ་བཅོལ་བ།། ཤ་ཞེན་ངོ་ལྐོག་གཉེར་བའི་ཚུལ་འཆོས་ལ་བསམ་ཚེ།། ས་ཐོབ་སེམས་དཔའི་མིང་བྱང་ཚོང་རྫས་སུ་བཟོས་འདུག། ཧ་ཅང་ཐལ་བའི་མ་རབ་གྲལ་མགོ་རུ་འགྱིང་ནས།། ཨ་ལགས་བདེན་པའི་མགོ་བོ་རྡོག་རོལ་དུ་བཏང་སྟེ།། ཨི་ལྡན་དབྱངས་གསལ་རིག་པ་སྣང་མེད་དུ་གཡུགས་པའི།། ཨུ་ཚུགས་སྒྲག་སྐད་སྨྲ་བའི་ཆོལ་བཤད་དག་ཐོས་སམ།། ཨེ་མ་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་གྱི་ཕོ་མོ།། ཨོ་རྒྱན་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་ཐུགས་རྗེས།། འདི་བདེ་ཕྱི་མ་སྐྱིད་པའི་སྐལ་བཟང་གི་ལས་དབང་།། བསྟན་འགྲོར་ཕན་བདེར་བརྩོན་པའི་བཤད་སྒྲུབ་དགའ་འོ།། ཨ་ཏིའི་ཟབ་དོན་མྱོང་བའི་བྱ་བྲལ་གྱི་ཆོས་གྲལ།། ཧ་ཅང་སྐྱིད་པའི་མི་ཚེའི་སྙིང་པོ་བསམ་ཚེ།། ས་ལམ་ཡོན་ཏན་ཐོབ་པའི་རྒྱལ་སྲས་ཀྱི་འཚོའོ།།
ཤྲྰིཿཨེ་མ་ཧོས་གང་ཤར་བཅོས་བསྒྱུར་མེད་པར་གངས་ལྡན་རི་བོའི་མགུལ་ནས་སྤེལ་བར་དགེའོ།།