བསྟན་འཇམ །
མཚོ་མོ་བླ་མཚོ་ཕྱུག་མོ་དྭངས་ཤེལ་ལྷ་ཡི་མེ་ལོང་།
ཆུ་རླབ་གཉེར་མའི་ལྡེམ་མཉེན་ཤག་ཤག་ཆུ་མཐར་སླེབས་སོང་ ། །
དྲན་གདུང་སྙིང་གི་དབུས་ནས་ཆུ་ཕུད་ལན་གསུམ་མཆོད་དུས ། །
ང་ཡི་དུངས་པ་ཟབ་མོའི་ཕྲེང་ཐག་ཤིགས་སེ་འཐོར་སོང་། །
ཞོགས་པའི་ཉི་ཟུར་འཐེན་དུས་རྩ་མགོའི་ཟིལ་བ་འཇམ་སོང་། །
མ་ཎི་ཁང་པའི་དྲིལ་བརྡ་ཁུ་བྱུག་ལས་ཀྱང་སྙན་པས ། །
ཡིད་འགུགས་ལྷ་ཡི་རོལ་དབྱངས་སྙིང་ཁར་དཀྱིལ་ཀྲུང་བཞུགས་ཏེ ། །
བརྩེ་གཞས་རྒྱུད་དྲུག་བི་ཝང་ཚངས་སྲས་ལྷ་མོས་དཀྲོལ་རོགས ། །
རྫིང་ཆུའི་ཁ་ལ་གཡང་བའི་གེ་སར་བཅུད་ལྡན་གཅེས་ལོ ། །
འདབ་མ་སྟོང་གི་བསྐོར་བའི་མིག་ཟུང་བང་བའི་དཀྱིལ་འཁོར། །
མིག་ལྕིབས་རྫི་མའི་ཟེགས་མ་ལྷེམ་ལྷེམ་ཟུར་མདའ་ཞིག་གིས ། །
བརྩེ་ཞགས་རྡོ་རྗེ་མདུད་པ་རང་གྲོལ་ལྷ་ལམ་བསྙེགས་སོང་། །
སྐྱིད་གླིང་གླིང་ཀ་གྲུ་བཞི་མེ་ཏོག་འཛུམ་གྱིས་རྒྱན་ནས ། །
གསོལ་ཆང་དབོ་བ་དཀར་པོ་རྒྱུ་སྐར་ཚོགས་ཀྱི་དབུས་ན ། །
གོས་སྲབ་དར་གྱིས་སྤྲས་ཏེ་འཛུམ་དམུལ་ཞལ་ཁ་ཕྱེས་ནས ། །
དུང་སོ་གསུམ་ཅུའི་གྲངས་ཚད་བརྩེ་བའི་མུ་ཏིག་གཏོར་སོང་ ། །
དུས་ཚོད་མཐའ་རུ་སླེབས་སོང་ཉི་མས་གྱེས་བརྡ་བྱས་སོང་། །
སྲོད་དུས་རི་འདབ་འདི་རུ་དུངས་པའི་ས་བོན་བཏབ་སྟེ ། །
སྨོན་འདུན་ཞིང་གི་མཐུ་ལས་དཔྱིད་ཀ་ལོ་ལེགས་ཡོང་ཅི ། །
ཀྱེ་ཀྱེ་ལྷ་ཡི་ཚོགས་ཀྱི་ཐུགས་རྗེས་གཟིགས་པ་མ་ཆུང་། །
རེས་གཟའ་ཉི་མའི་དུས་ཚོད་བེད་སྦྱད་ནས་གླིང་ཀ་ཆུང་ཆུང་དེར་གྲོགས་པོ་སྐོར་ཞིག་དང་ལྷན་སྤྲོ་འཁྱམས་ལ་སོང་ཡིན ། གླིང་ཀའི་རྒྱ་ཁྱོན་ཆེན་པོ་མེད་ནའང་མི་སྣ་འདྲ་མིན་འཛོམས་འདུ་རྒྱག་ས་ཞིག་རེད ། དེ་རིང་གཟའ་ཉི་མའི་ཉིན་ནམ་རྒྱུན་དང་མི་འདྲ་བར་སྤྲོ་འཁྱམས་ཡོང་མཁན་བོད་པ་མ་གཏོགས་མི་རིགས་གཞན་གཅིག་ཀྱང་མི་འདུག ། བོད་པ་ཕལ་ཆེར་གསུམ་ཅུ་ནས་བཞི་བཅུ་ཙམ་ཞིག་སླེབས་འདུག བོད་པ་དེ་ཚོ་ནང་ཕན་ཚན་ནམ་རྒྱུན་འདྲིས་གཤིབ་བྱས་ཏེ་སྐད་ཆ་ཤོད་རེས་དེ་ཙམ་མེད་ནའང་དེ་རིང་གཅིག་གི་གཅིག་ལ་ཀུ་རེ་རྩེད་མཉམ་དུ་ཁ་ལག་ཟས་ཆུ་བརྐྱལ་ཉིན་གང་བོར་ཁྱིམ་ཚང་གཅིག་གི་མི་ནང་བཞིན་འཛམ་བརྩེ་ཟབ་མོ་ངང་དུས་ཚོད་དེ་བསྐྱལ་སོང་ །
དེ་རིང་གི་སྤྲོ་གསེང་བར་ནས་བོད་ཚོགས་དེའི་ནང་ནས་ང་ལ་ཀུ་རེ་དམིགས་བསལ་བ་ཞིག་སློང་མཁན་ཞིག་བྱུང་བའི་དྲན་ཤིང་གི་སྲོལ་དུ་བྲིས་པ་ཡིན་༢༠༡༡ ་༤ ་༣ཉིན །