རེབ་ཐོག་མདའ།
དགུན་གྱི་ནམ་ཟླ་འདིས་སེམས་པ་རུམ་པའི།།
རི་ལུང་ཐང་གསུམ་གྱི་ངོ་གདོང་མཐོང་ན།།
ཉི་མའི་དྲོད་ཁོད་དེ་ལུས་ལ་ཕོག་ཀྱང་།།
སེམས་པའི་གཏིང་རུམ་དེ་འཁྱག་པས་བསྡམས་ཀི།
འོ་ཇ་མངར་མོ་ཞིག་ཁ་ལ་བཏུང་བཞིན།།
བསམ་གཞིག་རྣལ་མ་ཞིག་ཕྱི་ལ་བཏོན་དེ།།
གཟའ་ཆེན་ཉི་མ་འདིའི་བྲང་གཞུང་ཞིག་ནས།།
བདག་དང་ཤོག་སྨྱུག་གཉིས་ཐེངས་གཅིག་འཁྱུག་འདོད།།
རང་གི་བསམ་ནི་ཞིག་འབྲི་ན་འདོད་ཀྱང་།།
སྤྱི་སྒེར་གང་རུང་ལ་ཕོག་པར་དོགས་ཀི།
མི་ཁའི་རླུང་བུ་དེ་ལྐོག་ནས་གཡུག་སྟེ།།
མི་ཡིས་ཚོགས་སྤྱི་ནས་ཕུལ་ན་སྐྲག་གི།
ཐོག་ཁང་མཐོན་པོ་ནས་རྒྱང་ལ་ཤོར་བའི།།
ཁེར་རྐྱང་སེམས་གཞས་ཤིག་ཤུབ་ཤུབ་གཏོང་བཞིན།།
མྱི་ཚོགས་ཟིང་ཟིང་གི་གྲོང་བརྡལ་འདི་ནས།།
དབྱངས་ཅན་ལྷ་མོ་དེའི་མཛེས་པ་མཐོང་ན།།
ས་མཐའ་མི་བུ་དག་མིག་གི་འཚོ་བཞིན།།
བུ་མོ་སྣང་འགྲོ་ཞིག་རྒྱང་ལ་བསྐྱེལ་ཡིན།།
སྐྲ་རིང་བུ་མོ་དག་ཟུར་ལ་བཞག་སྟེ།།
ཁ་སང་ཨ་ནེ་དེ་ཨེ་རིག་བལྟས་ཡིན།།
ཡར་ཁའི་བཞི་མདོ་ནས་མིག་གིས་འཚོས་ཀྱང་།།
མར་ཁའི་གྲུ་ཟུར་གྱི་ཨ་ཅག་དེ་ལས།།
ཁ་སང་ཟ་ཁང་ནས་ཆགས་མིག་སྟོན་པའི།།
དཀར་འཇམ་ཨ་ནེ་དེའི་འཛུམ་ཆུང་མ་མཐོང་།།
སྣང་བ་རབ་རིབ་དེ་ཚུར་ལ་སླེབས་ཏེ།།
གཞོན་དུས་འཚོ་བ་དེ་ཕར་ལ་འཁུར་ཀྱང་།།
གཉེར་རིས་མཐུག་པོ་ཞིག་གདོང་ལ་བྲིས་པའི།།
རྒད་པོའི་ལྟད་མོ་ལ་བར་ཆད་མ་གཏོང་།།
མི་ཚོགས་བྲེལ་འཚུབ་ཀྱི་འདུར་རྒྱུག་ཁྲོད་ན།།
མཁས་པའི་ཉམས་ཅན་གྱི་གཟུགས་ཤིག་འདུག་པ།།
གློག་ཀླད་རྒྱབ་ཁུག་དེ་ལྕི་བ་ཡིན་ནམ།།
རྒྱགས་པའི་ལུས་ཕོངས་ལ་རྔུལ་ནག་ཤུམ་ཤུམ།།
རྒྱུ་འབྱོར་ཅན་པོ་དེ་མཐའ་ནས་སྐོར་བའི།།
ཟ་ཁང་རྫིག་པོ་དེའི་སྒོ་ན་འཚོགས་པའི།།
ཁ་ཅན་ངོ་ཅན་གྱི་ངོ་སོ་ཅན་ཚོས།།
འཕྱ་སྨོད་མིག་ཟུང་དེས་བདག་ལ་མ་བལྟ།།
ཕྱུག་པོའི་བུ་ཆུང་གི་རླངས་འཁོར་རྫིག་པོ།།
ལམ་འགྲམ་སྤྲང་པོ་དེར་སྣང་བ་མེད་ཀྱང་།།
ཉམས་ཆུང་སྤྲང་པོ་དེའི་དྲང་བདེན་རྩོད་པའི།།
དུས་རབས་ཉི་ཤུ་ཡི་ཁྲིམས་དེ་གང་ན།།
ལོ་ཟླའི་ཧྲག་བར་ནས་ཐུག་རྒྱུ་མེད་ཀྱང་།།
སེམས་པའི་གཏིང་རུམ་ན་སྔོན་ནས་འཁྲུངས་པའི།།
ལས་ཀྱི་ལྷ་མོ་ཞིག་མཐོང་རྒྱུ་བྱུང་ན།།
སེམས་ཀྱི་དམིགས་པ་ཡང་ཁྱོད་ལ་གཏད་ཆོག།
ཕ་ཡུལ་གཅིག་པ་ཞེས་དུངས་དུངས་བྱེད་པའི།།
འགྲམ་གྱི་བུ་མོ་དེའི་ཚུགས་ཀ་མཐོང་དུས།།
རྩ་བའི་བླ་མ་ཡི་བཀའ་གསུང་ཟབ་མོ།།
མ་བསམ་ལྷན་སྐྱེས་ཀྱི་རྒྱུད་ལ་ཤར་སོང་།།
ཨ་མདོ་དབྱིན་མོ་ལ་འགྲོག་གི་ཡོད་པ།།
དབྱིན་མོ་སྡུག་རབ་དེ་གྲྭ་བའི་གླེང་དུས།།
ཡག་སྡུག་སེམས་པ་ཡི་ནང་རོལ་ཡོད་ཚད།།
ཨ་ཁུའི་མིག་ཟུང་གི་གཟིགས་ཀི་ཡོད་ན།།
བོད་སྐད་གཙང་མ་དེ་གོ་རྒྱུ་མེད་དུས་།
གཞན་སྐད་བསྲེས་མ་དེ་ཉན་འདོད་མི་འདུག།
བོད་ལ་གྲལ་དག་ཅིག་གོན་རྒྱུ་མེད་ཀྱང་།།
བོད་མི་རྣལ་མ་ཞིག་བྱེད་དགོས་བསམ་ཡོད།།
ཨ་མའི་ལག་ཟུང་ལ་དམ་དུ་སྦྲེལ་བཞིན།།
ལམ་ཆེན་བཞི་མདོ་ན་ཧད་དེ་ལུས་པའི།།
བུ་དང་བུ་མོ་དེའི་ངང་ཚུལ་མཐོང་དུས།།
སྨད་ཀྱི་ཨ་མ་ཁོང་ཡིད་ལ་འཁོར་ཐལ།།
བ་མོ་ནག་པོ་དེའི་རྗེས་ན་འདུར་བའི།།
རྒྱ་གར་ལོ་ལོན་དེ་མིག་ལ་ལྷུང་དུས།།
མི་རྟག་ཟང་ཟིང་གི་ས་མཐའི་གྲུ་ནས།།
དགུ་ཀླུང་འགྲམ་རྒྱུད་ཀྱི་ཕ་མ་དྲན་སོང་།།
ཐོག་ཁང་ཟ་ཁང་གི་སྒོ་འགྲམ་དེ་ནས།
ཆ་ཡོད་བུ་མོ་གཅིག་མིག་ལ་ཐོག་ཐལ།།
ཅུང་ཙམ་གཏམ་གླེང་གི་སྔ་གཞུག་དེ་ནས།།
ཁོ་མོའི་གསང་བ་་གཅིག་བདག་གིས་རྟོགས་སོང་།།
དབང་ཅན་ཕ་མ་ཡིས་ཚོང་དེ་བསྒྲིག་པས།།
མ་མཐོང་ཁྱོ་ག་དེ་ལྐོག་ནས་ཉོས་པ།།
སྔོན་གྱི་ལས་དབང་གི་ཁ་ཡིག་ཅིག་གིས།།
རང་དབང་བརྕེ་བ་ལ་སྒོ་ལྕགས་ཅན་པོ།།
རྒྱུ་དང་འབྱོར་བ་ཡིས་བསླུས་ནས་ཡོད་པའི།།
ཡུ་རོབ་ཨ་རི་ཡི་མནའ་མ་དེ་ཚོ།།
བརྩེ་དུང་མྱུ་གུ་ཞིག་འཁྲུངས་རྒྱུ་བྱུང་ནས།།
ཚེ་གཅིག་རྨི་ལམ་དེ་འགྲུབ་རྒྱུ་ཡོད་ན།།
ཉིན་གཅིག་དུས་ཡུན་དེ་འདི་ལྟར་རྫོགས་ཐལ།།
མིག་གི་ལྟད་མོ་ཡང་དལ་གྱིས་འཇགས་ཐལ།།
མ་བོས་མགྲོན་པོ་ཡི་འཚང་ཁ་་རྒོད་པས།།
བདག་ཀྱང་རང་ཤག་ཏུ་ལོག་ན་བསམ་བྱུང་།།
ཕྱི་ལོ༢༠༡༢ ལོའི༡༠ ཚེས ༡༤ཉིན་ཇ་ཁང་ཞིག་གི་ཐོག་ཁང་ནས་བྲིས།
རེབ་མདའ་ལག་པ་སྨྱུ་གུ་ལ་འབྱར་ནས།
སྨྱུ་གུའི་སྨྱུག་ཁ་ཤོག་བུ་ལ་བསྒྱུར་དུས།།
ཉིན་རེར་འཚོ་བ་མ་འདྲ་བའི་བྲོ་མྱོང་།།
འབྲི་ཤེས་ངག་སྒོ་ཡང་བ་འདི་སྐྱིད་དལ།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁྱོད་དང་ང་གཉིས་ཡོད་སའི་གནས་གཅིག་རུང་།།
མྱིག་གི་རིག་སྟངས་རྣ་བའི་གོ་མི་གཅིག།
ང་ཡི་རྡ་ས་ཨ་མདོའི་གྲོང་གསེབ་ནས།
མྱི་ཚེ་འདི་འདྲ་ཞིག་ནི་ང་ཡིས་བསྐྱལ།།
ཕྱུག་གོ་རིག་ནས་ཡིད་སྨྱོན་འཆོར་བ་མེད།
མེད་པོ་རིག་ན་སེམས་སྡུག་བྱས་པ་སྐོན།
བར་མ་བར་གི་འཚོ་བ་འདྲ་ཆོག་འདི།
བློ་སེམས་ཕམ་པའི་སྡུག་སྨྱུག་འགུལ་སྤྱད་མིན།
སྐྱིད་པོ་ཟེར་ན་རྒྱ་གར་རྡ་ས་རེད།
རང་ལུས་རང་ལ་དཔང་བའི་གནས་ས་རེད།
སྐྱིད་པོ་བྱེད་ཚུལ་རང་གིས་མ་ཤེས་ན།
སྡུག་གི་ཁུར་བོ་འཁུར་གྲོགས་ཉུང་ཉུང་རེད།
ལོ་མ་ལྗིང་ཁུའི་དུ་བའི་དབྱིངས་ཁ་ན།
སྡུག་གི་སྣང་བ་མེད་པའི་སྐྱེ་ཕོ་མོ།
དུད་ཁ་གཅིག་ན་མཐུན་པའི་བརྩེ་བ་ཡོད།
ང་ཡིན་ང་རྒྱལ་མེད་པས་སྣང་བ་སྐྱིད།
ཨ་ར་བཙན་འཐུང་བྱེད་སའི་ཆང་ཁང་ན།
འུར་མགོ་གནམ་ལ་བཀྱགས་པའི་སྐྱེ་ཕོ་མོ།།
ཆང་ཁ་གཅིག་ན་འཁྲིག་པའི་ཞེ་སྡང་ཡོད།
ང་ཡིན་ཁྱོད་ཡིན་བཙན་པས་འཁོར་ཡུག་རྩུབ།།
དབྱིན་མོ་གཡབ་རྐྱལ་ཞིག་ལ་བརྩེ་པ་ཤོར།།
རྒྱ་གར་སྤྲང་ཕྲུག་ཞིག་ལ་ཕྲག་དོག་ལངས།།
རྒྱ་བོད་མཛའ་མཐུན་དབྱིན་མོའི་བརྩེ་བ་གཉིས།།
གང་ལེན་གང་འཇོག་བར་ནས་མྱི་ཚེ་ཟད།
ཟླ་མཇུག་རེ་ལ་གནས་ཚུལ་ཚབས་ཆེན་རེ།།
སྤྱི་བདེ་སྤྱང་ལྟོགས་བདག་གི་སྒོ་དྲུང་ན།
དབྱིན་མོ་སྒོར་མོ་གང་རུང་མ་སྤྲད་ན།
ཅི་བྱེད་འདི་བྱེད་མེད་པར་དུས་འདི་འཁོར།།
ཨ་ནེ་ཞིག་ལ་མྱིག་གིས་བལྟས་མྱོང་མེད།
གྲྭ་བླ་སུ་ལ་ཁ་ངན་བཤད་མྱོང་མེད།
སྡེ་དཔོན་ཚོང་དཔོན་ཕན་མེད་དགོས་མེད་ཚོ།།
ཁ་ཙམ་གཏོང་བཞིན་གཏོང་བཞིན་དུས་ཚོད་ཟད།
རྒྱ་འིས་ཟེར་ན་རང་བཙན་མི་སྤྲད་ཟེར།།
བོད་ཀིས་ཟེར་ན་རང་བཙན་དགོས་ཡོད་ཟེར།།
སྤྲོད་ལེན་གང་ཡང་མེད་པར་ཀུ་ཅོའི་ཁྲོད།
ལོ་ངོ་འདི་དག་མགྱོགས་མྱུར་ངང་དུ་ཕྱིན།
ཆང་ཁ་གཅིག་ན་འཁྲུག་པའི་ཞེ་སྡང་ཡོད། ལ་བཅོས་རོགས་ཞུ།