རེས་གཟའ་པ་སངས་ཀྱི་ཉི་ནུབ་ཏུ། ངས་གྲོགས་པོ་འགའ་བོས་ནས་ནང་དུ་འཛོམས། ང་ཚོས་བོད་ཟས་གཡོས་ཤིང་ཆང་ལ་རོལ། བོད་ཀྱི་ཀུ་རེའི་སྒོ་མོ་ཕྱེས། ཧ་ཅང་སྐྱིད། སྐྱིད་པའི་དོན་རྩ་ངོ་མ་ནི། བདུན་ཕྲག་འདིའི་ལས་ཀ་ཡོངས་སུ་གྲུབ་པས་ཡིན་ལ། ཉི་མ་གཉིས་ཀྱི་རིང་བདུན་ཕྲག་མཇུག་གི་གུང་གསེང་ཡིན་སྟབས་བློ་བག་བདེ་པོར་ཡོད། དེ་ལྟར་ཧ་ལམ་ཆུ་ཚོད་བཅུ་པ་ཟིན་ལ་ཉེ། ངས་ཆུང་མ་ལ། སང་ཉིན་ཁྱེད་རང་ལས་ཀ་ལ་ག་དུས་འགྲོ་གི་ཡིན་ཞེས་དྲིས། མོས་ང་ལ་ལས་ཀ་མེད་ཟེར། ངས་གང་ཡིན་ནམ་དྲིས། མོས་ཁྱེད་ལ་ཟབ་སྦྱོང་ཡོད་སྟབས་ངས་ལས་ཀ་ནས་དགོངས་པ་ཞུས་པ་མི་དྲན་ནམ་ཟེར། དཀོན་མཆོག་གསུམ། ངས་བརྗེད་འདུག གཏན་ནས་བརྗེད་འདུག གྲོགས་པོ་ཚོ་ལ་ང་ལ་ཟབ་སྦྱོང་འདུག་ཅེས་ཞུས་ནས་རང་སར་བསྐྱལ། ང་ཡང་སྔ་པོར་ཉལ། ཉིན་བཅུ་བཞི་ལ་བསྟུད་ནས་ལས་ཀ་བྱེད་དགོས་ན་འདིས་ང་གསོད་ས་རེད་དྲན། སེམས་ཁོང་དུ་ཆུད། ཡིད་མུག དཀོན་མཆོག་གསུམ།
ཟབ་སྦྱོང་འདི་ནི་ཨ་རིའི་ཕྱི་རྒྱལ་གྱི་སྐད་ཡིག་སློབ་ཐབས་སྡེ་ཚན་གྱིས་གོ་སྒྲིག་བྱས་པ་ཞིག་རེད། འདི་ནི་ང་སྡེ་ཚན་འདིའི་ཟབ་སྦྱོང་ལ་ཞུགས་པ་ཐེངས་མ་གསུམ་པའམ་བཞི་པ་དེ་འདྲ་ཞིག་ཡིན། ཡིན་ན་ཡང་ད་ལན་བློ་སྐྱེད་འགའ་བྱུང་། དེ་ཚོ་འདིར་འགོད་འདོད་བྱུང་། དགེ་རྒན་འདིས་ཟབ་སྦྱོང་སྤྲོད་སྐབས་ཞོར་འཕྲོས་ཀྱི་སྐད་ཆ་གང་མང་ཡོང་གི་འདུག དེའི་ཁྲོད་ཀྱི་གཅིག་ནི། ཁོས་ལོ་ངོ་གཉིས་བརྒྱ་དང་སུམ་བརྒྱའི་གོང་ལ་ རིགས་གཅིག་མཁྱེན་པ་ཙམ་མིན་པར། ཀུན་མཁྱེན་པའི་ཀུན་མཁྱེན་ཡོད་པ་རེད། ཡིན་ན་ཡང་། དེང་སང་དེ་འདྲ་ཡོད་མ་རེད། ཅེས་བཤད་བྱུང་། དེ་ཡང་དབྱིན་ཇིའི་ཚིག་ ༼Universal Genius༽ འདི་བྱེད་སྤྱོད་བྱས་བྱུང་། སྐབས་དེར་ངའི་སེམས་ལ། ང་ཚོའི་བོད་ལ་ད་དུང་ཡང་ཀུན་མཁྱེན་མང་པོ་ཡོད། ཁྱེད་ཀྱིས་ཧ་མ་གོ་བ་རེད་ཅེས་དྲན། དཀོན་མཆོག་གསུམ།
དེ་ནས་ཟབ་སྦྱོང་དངོས་གཞི་དེ་སྐད་ཡིག་འབྲི་རྒྱུ་དང་བཤད་རྒྱུ་གཉིས་ལ་ཚད་འཇལ་ཚུལ་གྱི་རིམ་པ་དེ་རེད། དེ་ཡང་རིམ་པ་བཞིར་དབྱེ། ལས་དང་པོ་བ། གོམ་པ་གཉིས་པ་བ། མཐོ་རིམ་པ། ཁྱད་འཕགས་པ་བཅས་རེད། དེ་ཚོ་ལ་ཡང་ནང་གསེས་ཀྱིས་མཐོ་འབྲིང་དམའ་གསུམ་དུ་དབྱེ་བས་བཅུ་གཉིས་ཆགས། ལས་དང་པོ་བ་རྣམས་ནི་ སྐད་ཆའི་གོ་བརྡ་མི་འཕྲོད་མོད་མིང་ཚིག་ཐར་ཐོར་གྱིས་བཤད་ཐུབ་པ་ལ་ཟེར། དཔེར་ན། “ཁྱོད་ཀྱིས་ཟས་ཅི་ཞིག་ཟས་དྲིས་ན་ལན་དུ། ཕྱུ་ར། བག་ལེབ། འོ་མ། ཞེས་བཤད་པ་”ལྟ་བུ། གོམ་པ་གཉིས་པ་བ་རྣམས་ཀྱིས་ ཚིག་གྲུབ་ཁེར་རྐྱང་མ་ཕྲེང་བསྒྲིགས་ནས་འཆད་ཐུབ་པ་དགོས་ཟེར། དཔེར་ན། “འདི་ཆུ་རེད། དེ་རི་རེད། འདི་དག་མི་རེད།” ལྟ་བུ། མཐོ་རིམ་པ་རྣམས་ཀྱིས་ རྗོད་པ་རིམ་པ་བྱས་ཏེ་འཆད་ཐུབ་ཟེར། དེ་ཡང་དཔེར་ན། “གལ་སྲིད་ང་ལ་སྒོར་མོ་ཡོད་ཚེ། ང་ཁྲོམ་དུ་སོང་ནས་ཤ་ཉོས་ཏེ་ཟས་ཞིམ་པོ་ཞིག་བཟོ་འདོད་འདུག”ལྟ་བུ། ཁྱད་འཕགས་རྣམས་ཀྱིས་ཆེད་ལས་ཀྱི་མིང་ཚིག་བཀོལ་ནས་ལྟ་གྲུབ་དབྱེ་ཞིབ་ཀྱི་སྐད་ཆ་ཤོད་པ་དང་རྩོམ་ཡིག་འབྲི་ཐུབ་པ་དགོས་ཟེར། འདི་ནི་ཁོང་ཚོའི་རིམ་པ་དེ་རེད། དེ་ལ་ཡ་མཚན་རྒྱུ་གང་ཡང་མི་འདུག
འོན་ཀྱང་ཡ་མཚན་པ་ཞིག་གང་བྱུང་ཟེར་ན། སྤྱི་ཚོགས་གང་འདྲ་ཞིག་ཡིན་ན་ཡང་། སྤྱིར་བཏང་གི་ཆ་ནས། ཡུལ་མི་ཚོས་ཀྱང་ཡུལ་སྐད་བཤད་སྐབས་ མཐོ་རིམ་པའི་གནས་བབས་ལས་བརྒལ་ཏེ་བཤད་ཀྱི་མེད་ཅེས་ཟེར། འོ་འོ། མཐོ་རིམ་པའི་གནས་བབ་ན། བརྡ་སྤྲོད་ཀྱི་འགྲོ་ལུགས་ལ་བྱང་ཆ་མེད་པ་ཡོད་ལ། དག་ཆའི་ནོར་འཁྲུལ་ཡང་ཡང་ཡོད། བྱས་ན། ང་ཚོའི་དྲ་རྒྱའི་ཐོག་ན་བོད་ཡིག་གི་དག་ཆ་ལ་སེམས་ཁྲལ་ཆེན་པོ་བྱེད་པ་དེ་ཚོ་ཧ་ལམ་མི་དགོས་པ་ཞིག་རེད། རེད་དམ། སྤྱི་ཚོགས་ཡོངས་ཀྱི་སྐད་ཡིག་གི་ཆུ་ཚད་དེ་ཆ་སྙོམ་གྱི་ཐོག་ནས་བལྟས་ཚེ། ཁྱད་འཕགས་པའི་གནས་རིམ་ན་མེད་པ་བདེན་ན། བོད་མི་དང་བོད་ཡིག་གི་གནས་བབ་ཀྱང་ད་ལྟ་ཡོད་པ་འདི་ལས་ལྷག་ཅིག་དགོས་ཀྱི་མེད་པ་འདྲ། དག་ཆ་རེ་ཟུང་ནོར་བ་དང་ཕྲད་ཀྱི་འགྲོ་ལུགས་ལ་མ་བྱང་བ་དེ་དག་གི་ཐད་བློ་ཕམ་དང་ཡིད་མུག་བྱེད་དགོས་དོན་མེད་པ་འདྲ། དཀོན་མཆོག་གསུམ།
ཨ་རོ་རབ་གསལ་ལགས། ངས་ཁྱེད་ལ་རྩོམ་ཡིག་ཅིག་བསྐུར་ཡོད། ལན་འདྲ་མེད་ནོ་མ་རིག་པ་ཡིན་ནམ། མ་བཀོད་པ་ཡིན་ལགས།
རེད་ཡ། ནགས་ཚང་ཞི་ལིའི་སྐྱིད་སྡུག་ལྟ་བུའི་དེབ་དེ་ཚོས་ང་ཚོར་དཔེ་དེབ་དང་རྩོམ་ཡིག་གི་དག་ཆ་གཙོ་བོ་མ་ཡིན་པར་ནང་དོན་གཙོ་བོ་ཡིན་པ་དེ་བསྟན་འདུག
དཀོན་མཆོག་གསུམ། རྒད་པོ་ཁྱོད་ཀྱིས་ཅི་ཟེར་གྱིན་ཡོད་མེད་ངས་གོ་གི་མི་འདུག ཟབ་སྦྱོང་སྤྲོད་མཁན་དང་ཟབ་སྦྱོང་ལ་ཞུགས་མཁན་གཉིས་ཀ་ར་བཟི་ཡིན་ས་རེད། དཀོན་མཆོག་གསུམ། དག་ཆ་མེད་པར་བྲིས་ན་འགྲིག་གི་རེད་ཟེར་བ་དེ་འདྲ་དེ་རིང་མ་གཏོགས་གོ་མ་མྱོང་། དཀོན་མཆོག་གསུམ།
ཕྲད་ཀྱི་འགྲོ་ལུགས་ལ་མ་བསྟུན་པར་བྲིས་ན་འགྲིག་ས་རེད་ཟེར་བ་དེ་འདྲ་དེ་རིང་མ་གཏོགས་གོ་མ་མྱོང་། དཀོན་མཆོག་གསུམ།
ལྷག་པར་དུ། དབྱིན་ཡིག་ཟེར་བ་འདི་སྦྱངས་ནས་ལོ་བདུན་བརྒྱད་ཕྱིན་པའི་དེ་རིང་ཡང་། དག་ཆ་དང་ཕྲད་ཀྱི་འགྲོ་སྟངས་ནོར་ན་འགྲིག་གི་རེད་ཟེར་བའི་དགེ་རྒན་ཞིག་ལ་ཐུག་མ་མྱོང་། དཀོན་མཆོག་གསུམ། ངེད་ཀྱིས་འདི་རུ། བཤད་རྒྱུའི་སྐོར་ནས་གླེང་གི་མེད། འབྲི་རྒྱུའི་སྐོར་ནས་གླེང་གི་ཡོད། ལྷག་པར་དུ་དབྱིན་ཡིག་གི་འབྲི་རྒྱུའི་སྐོར་ནས་གླེང་གི་ཡོད།
ཁྱེད་ཀྱི་གཟའ་སྤེན་པ་དང་ཉིན་མའི་ཉིན་ཐོ་འདི་ཁྱོན་ཐེངས་བརྒྱད་ལ་བྐླགས་པ་ཡིན། ྐློག་གིན་ྐློག་གིན་དྲི་བ་མང་ནས་མང་དུ་འགྲོ་གི་འདུག
ངེད་ཀྱིས་དོགས་སློང་རེ་རེ་བཞིན་ཁྱེད་ཀྱི་སྔུན་ལ་འཇོག་གི་ཡིན།
འདི་རུ་ངེད་ཀྱི་རྨོངས་འཆར་དེ་ཚོ་ཁྱེད་ལ་མདུན་ལ་འཇོག་གི་ཡིན།
དང་པོ། གོང་གི་ཁྱེད་ཀྱི་གཟའ་སྤེན་པ་དང་ཉི་མའི་ཟིན་བྲིས་དེའི་ནང་ན། ཟབ་སྦྱོང་དགེ་རྒན་དེས་། ལོ་ངོ་ཉིས་བརྒྱ་དང་སུམ་བརྒྱའི་གོང་ལ། རིགས་གཅིག་མཁྱེན་པ་ཙམ་མིན་པར། ཀུན་མཁྱེན་པའི་ཀུན་མཁྱེན་ཡོད་པ་རེད་ཞེས་གསུངས་སོང་རེད། འོ་ན། ཟབ་སྦྱོང་དགེ་རྒན་དེས་ལོ་ངོ་ཉིས་བརྒྱ་དང་སུམ་བརྒྱའི་གོང་གི་ཀུན་མཁྱེན་དེ་འདྲ་དཔེ་བཞག་སོང་ངམ། བཞག་ཡོད་ན། སུ་དང་སུ་བཞག་སོང་།
གཉིས། དེ་ནས་ཟབ་སྦྱོང་ལ་ཞུགས་མཁན་ཁྱེད་ཀྱི་སེམས་ལ། བོད་ལ་ད་དུང་ཡང་ཀུན་མཁྱེན་མང་པོ་ཡོད། ཁྱེད་ཀྱིས་དེ་ཚོ་ཧ་མ་གོ་བ་རེད་ཅེས་དྲན་འདུག ད་ལྟའི་དུས་སུ་བོད་ལ་ཡོད་པའི་ཀུན་མཁྱེན་དེ་ཚོ་སུ་དང་སུ་རེད། བོད་ལ་ཡོད་པའི་ཀུན་མཁྱེན་དེ་ཚོ་ཀུན་མཁྱེན་ཡིན་པའི་རྒྱུ་མཚན་།
གསུམ། ཁྱེད་ནས་ཟབ་སྦྱོང་དངོས་གཞི་དེ་སྐད་ཡིག་འབྲི་རྒྱུ་དང་བཤད་རྒྱུ་གཉིས་ལ་ཚད་འཇལ་ཚུལ་གྱི་རིམ་པ་དེ་རེད་གསུངས་འདུག་པ་མ་ཟད་དེ་ཡང་རིམ་པ་བཞིར་དབྱེ། དེ་ཚོ་ཡང་ནང་གསེས་ཀྱིས་མཐོ་འབྲིས་དམའ་གསུམ་དུ་དབྱེ་བས་བཅུ་གཉིས་ཆགས་ཟེར་བཞིན་རིམ་པ་བཞི་བོ་དེར་དཔེར་བརྗོད་ཡང་རེ་རེ་བཞག་འདུག འོན་ཀྱང་། དཔེར་བརྗོད་དེ་ཚོ་བཤད་སྟངས་ཀྱི་རིམ་པ་མ་གཏོགས་འབྲི་སྟངས་ཀྱི་རིམ་པ་དེ་མིན་པ་འདྲ། བཤད་སྟངས་འབུར་དུ་བཏོན་ནས་བརྗོད་འདུག་མ་གཏོགས་འབྲི་སྟངས་དམིགས་སུ་བཀར་ནས་བརྗོད་མི་འདུག ཡིན་ན་ཡང་། སྐུ་ཉིད་ནས་བཤད་སྟངས་ཀྱི་རིམ་པ་དེ་འཁྱེར་ཡོང་ནས་བོད་ཡིག་གི་འབྲི་སྟངས་ཀྱི་ཐོག་ལ་བསམ་ཚུལ་བཤད་འདུག དེར་བརྟེན། དེ་ལ་དཔྱད་ཞིབ་ཅིག་བྱེད་རྒྱུ་འདུག་བསམ།
བཞི། ཁྱེད་ཚོར་ཟབ་སྦྱོང་སྤྲོད་མཁན་དེ་སྐད་ཡིག་འབྲི་རྒྱུ་དང་བཤད་རྒྱུ་གཉིས་ལ་ཀུན་མཁྱེན་ཞིག་ཡིན་ནམ་། ཡིན་ན། ཁོང་ནས་བོད་ཡིག་གི་ནང་ལ་དག་ཆ་འགའ་རེ་ནོར་བ་དང་ཕྲད་འགའ་རེ་ནོར་བའི་དབང་དུ་བྱས་རུང་གང་བྲིས་བ་དེའི་དོན་དག་ཨ་མ་དེ་གོ་ཐུབ་ཀྱི་ཡོད་པ་དང་་། ཡང་དབྱིན་ཡིག་གི་ནང་ལ་དག་ཆ་ནོར་བ་དང་ཕྲད་ནོར་བ་ཞིག་བྲིས་ན་གོ་བ་མི་སྟེར་བ་མཁྱེན་གྱི་ཡོད་དམ།
ལྔ་། ཟབ་སྦྱོང་སྤྲོད་མཁན་ཁོང་ནས་དབྱིན་ཡིག་གི་ནང་ལ་ཕྲད་ནོར་བ་དང་དག་ཆ་ནོར་བ་དེ་འདྲ་བྲིས་ན་འགྲིག་པ་མ་ཟད་གོ་བ་ཡང་ལེན་ཐུབ་གི་རེད་ཞེས་བརྗོད་སོང་ངམ། བརྗོད་ཡོད་ན། དེའི་དཔེར་བརྗོད་དབྱིན་ཡིག་གི་ནང་ལ་བཞག་སོང་ངམ།
དྲུག། ཟབ་སྦྱོང་འདིའི་སྐབས་ཀྱི་སྐད་ཡིག་དེ་འཛམ་གླིང་སྤྱི་ཡོངས་ཀྱི་སྐད་ཡིག་བཤད་རྒྱུ་དང་འབྲི་རྒྱུ་གཉིས་ཀ་བརྗོད་ཀྱི་ཡོད་དམ་དབྱིན་ཇིའི་སྐད་ཡིག་འབྲི་རྒྱུ་དང་བཤད་རྒྱུ་གཉིས་བརྗོད་ཀྱི་ཡོད་དམ།
གསལ་བཤད། གོང་དུ་ཟབ་སྦྱོང་སྤྲོད་མཁན་དང་ཟབ་སྦྱོང་ལ་ཞུགས་མཁན་གཉིས་ཀ་ར་བཟི་འདུག་ཟེར་བ་ཀུ་རེ་རང་ཡིན། གོང་དུ་ཀུ་རེ་ཡིན་ཞེས་འབྲི་རྒྱུ་ཆད་འདུག
སྔོན་ཆད་ང་ལ་དགེ་རྒན་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་ཞུ་བ་ཞིག་ཡོད་ཅིང་། ཁོང་དགུང་ལོ་གཞོན་དུས་སུ་བླ་བྲང་ནས་དཔེ་ཆར་གཟིགས་པ་ཞིག་རེད་འདུག་ལ། ཉི་མ་རེ་ལ་དཔེ་ཁྲིད་མི་འདྲ་བ་བདུན་བརྒྱད་ལ་ཕེབས་ཀྱི་རེད་ཟེར། གང་ལྟར་ཁོང་ནི་གཞུང་ཆེན་མོ་འཁྲིད་དུས་དགེ་བཤེས་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག་ལ། གསོ་བ་རིག་པའི་ཕྱོགས་ནས་མཚོ་ལྷོའི་ཕྱོགས་སུ་བོད་སྨན་མཁས་པ་ཡོད་ན་མེད་ན་ཞིག་རེད་འདུག དེ་ནས་འདོན་ཆའི་ཕྱོགས་སུ་ཟབ་མོ་གཅོད་ཀྱི་ཉམས་ལེན་སོགས་ལ་ཡང་ནང་བྱན་ཚུད་པ་ཞིག་རེད། དེ་ནས་སྙན་ངག་གི་ཕྱོགས་ནས་བོད་མཁས་པའི་སྙན་ངག་དཔེར་བརྗོད་ལྟ་བུ་འབྲི་གནང་མཛད་ཅིང་། ང་ཚོར་སྙན་ངག་འཁྲིད་དུས་ཀྱང་རྒྱལ་དབང་ལྔ་བ་ལས་བོད་མཁས་པའི་སྙན་ངག་དཔེར་བརྗོད་འདི་ཚོ་སྙན་མོ་ཡོད་གསུངས་སོང་། དེ་ནས་དཀར་རྩིས་ནག་རྩིས་ནག་རྩིས་ལ་ཡང་མཁས་ཐག་ཆོད་ཅིང་ལོ་རེ་རེ་བཞིན་ཁོང་གི་ལོ་ཐོ་གསར་བ་རྩོམ་སྒྲིག་གནང་གིན་འདུག དེ་བཞིན་ཡིག་གཟུགས་ཀྱི་ཕྱོགས་སུ་ཡང་ཕྱག་བྲིས་ཧ་ཅང་མཛེས་པོ་འདུག དེ་དུས་དགེ་བཤེས་ཤིག་ཡིན་ན་དེ་ཚོ་ཚང་མ་ཤེས་མཁན་ཞིག་ལོས་ཡིན་སྙམ་པ་མ་གཏོགས་མ་བསམས་ཀྱང་། ཕྱི་ཕྱོགས་སུ་བསླེབས་ནས་བོད་ཆོལ་ཁ་གསུམ་གྱི་དགེ་བཤེས་ཡིན་ཟེར་མཁན་དང་མཁས་པ་ཡིན་ཟེར་མཁན་གམ་མང་ཞིག་ལ་ཕྲད་པའི་རྗེས་སུ་གཞི་ནས་རང་གི་དགེ་རྒན་བཀའ་དྲིན་ཅན་དེ་ངེས་པ་དོན་གྱི་དགེ་བཤེས་ཤིག་ཡིན་པའི་ངེས་ཤེས་ཤིག་སྐྱེས་སོང་ལ། ཁོང་ལྟ་བུ་ནི་བོད་པའི་རིག་གནས་ཆེ་ཆུང་བཅུ་ལ་མཚོན་ན་ཀུན་མཁྱེན་ཟེར་བ་དེའི་མཚན་གཞིར་བཞག་ཆོག་པ་ཞིག་རེད་སྙམ།
དོན་བཀྲའི་དྲི་བ་རེ་རེ་ལ་ལན་རེ་རེ་བཞིན་འདེབས་འདོད་མཆིས་ཀྱང་གནས་སྐབས་ཤིག་ལ་དུས་ཚོད་ཀྱིས་ལྕོགས་པ་མི་འདུག དགོངས་པ་མ་ཚོམ།།
གནད་ཅན་འགའ་མགྱོགས་པོར་བྲིས་ན།
ནུབ་ཕྱོགས་པ་ལ་ཀུན་མཁྱེན་ཡོད་མྱོང་བ་རེད་ཅེས་པའི་དཔེ་མཚོན་འཇར་མཱན་གྱི་མཁས་པ་ཞིག་བཞག་སོང་། དེའི་མིང་མི་དྲན། ཁོང་ཚན་རིག་གི་ཕྱོགས་གཅིག་ལ་མཁས་པ་མ་ཟད་སྙན་ངག་པ་ཡང་ཡིན་ལ། ལག་རྩལ་སྣ་ཚོགས་ཀྱང་མཁྱེན་རབས་བཤད་སོང་། དེང་སང་བརྗོད་གཞི་སྣ་གཅིག་ལ་མཁས་པ་མ་གཏོགས་ཚང་མ་མཁས་པ་ཡོད་མ་རེད་ཅེས་བཤད་བྱུང་། དེ་གཅིག་ཡིན།
བོད་ལ་ཀུན་མཁྱེན་མང་ཞེས་པ་དེ་ངེད་ཀྱི་འཕྱ་ཚིག་ཅིག་ཡིན། བོད་མིའི་ཤེས་ཡོན་པ་ཡིན་ན་ཚང་མ་ཤེས་དགོས་པ་དང་། གཅིག་མ་ཤེས་ཀྱང་གཅིག་ཀྱང་མི་ཤེས་པར་བརྩི་བའི་སྲོལ་དེ་ལ་འཕྱ་སྨོད་བྱས་པ་ཙམ་ཡིན།
དེ་ནས་རྗེས་མ་རྣམས་ལ། ངེད་ཀྱིས་ལེགས་པོར་མ་ཤོད་པ་འདྲ། མི་གཅིག་གིས་དག་ཆ་ནོར་ནས་བྲིས་ཆོག་ཅེས་བཤད་མེད། སྤྱི་ཚོགས་གང་འདྲ་ཞིག་ཡིན་ན་ཡང་། སྤྱི་ཡོངས་ཆ་སྙོམ་གྱི་ཐད་ནས་བཤད་ན་དག་ཆ་ནོར་བ་དང་བརྡ་སྤྲོད་དང་མི་མཐུན་པར་འབྲི་ཡོད་པ་རེད་ཅེས་བཤད་བྱུང་། ཁྱད་འཕགས་གནས་བབ་དེ་ཡོད་མ་རེད་ཅེས་བཤད་བྱུང་། དེ་ནས། ངས། དེ་འདྲ་ཡིན་ན་བོད་ཡིག་གི་དག་ཆ་ནོར་བ་དང་བརྡ་སྤྲོད་ལ་མི་མཐུན་པར་འབྲི་བ་དེ་ཚོ་ཡང་སྤྱི་ཚོགས་ཡོངས་ཀྱི་ཆ་ནས་བཤད་ན་ཡོད་རུང་བ་ཞིག་དང་། མཐའ་གཅིག་ཏུ་རྩ་མེད་བཟོ་དགོས་པའམ་བཟོ་ཐུབ་པའི་དོན་གཅིག་མིན་པ་འདྲ་ཞེས་བཤད་པ་ཡིན། རང་གིས་རང་ལ་སེམས་གསོ་ཞིག་བྱས་པ་ཡིན། དེ་ཙམ་མོ། དབྱིན་ཡིག་གི་མ་ཕྱི་རྣམས་དགོས་ཚེ་རིམ་གྱིས་འབྲེལ་ཐག་བརྒྱུད་བཞག་ཆོག་པ་ཞུའོ།།
དགེ་འདུན་རབ་གསལ་ལགས་ལ་གསལ་འདེབས་དང་། ངའི་ཞོར་འཕྲོས།
བཀུར་འོས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ཟུར་པ་དགེ་འདུན་རབ་གསལ་ལགས།
འདི་ལྟར་ཚོར་སྣང་འདྲེས་མའི་ཟིན་བྲིས་ཤར་མར་སྤེལ་བར་འཚམས་འདྲི་ཡོད།
ཁྱེད་ཀྱིས་”བོད་མི་དང་བོད་ཡིག་གི་གནས་བབ་ཀྱང་ད་ལྟ་ཡོད་པ་འདི་ལས་ལྷག་ཅིག་དགོས་ཀྱི་མེད་པ་འདྲ། ‘ཞེས་དང་། ཡང་། “དག་ཆ་རེ་ཟུང་ནོར་བ་དང་ཕྲད་ཀྱི་འགྲོ་ལུགས་ལ་མ་བྱང་བ་དེ་དག་གི་ཐད་བློ་ཕམ་དང་ཡིད་མུག་བྱེད་དགོས་དོན་མེད་པ་འདྲ། ”
ཞེས་གསུངས་འདུག་པ་དེ་ང་བལྟས་ན་སྤྱི་ཡོངས་ནས་བཤད་ན་འདི་ལྟར་བདེན་ན་ཡང་། བོད་མིའི་གནས་བབ་དང་བོད་ཡིག་གི་གནས་བབ་འདི་ལས་ལྷག་ཅིག་ཡོང་དགོས་པ་རེད། ལྷག་པར་ང་ཚོའི་དྲ་ངོས་འདིར་ཕེབས་མཁན་ཚོ་མང་ཆེ་བ་ཤེས་ཡོན་གྱི་གནས་ཚད་གང་འཚམ་ཡོད་པའི་བཀུར་འོས་སྤྱི་འཐུས་དང་། ཁྱོད་ལྟ་བུའི་རིགས་ཁག་ཅིག་དང་། ད་དུང་དགེ་རྒན་དང་། མཐོ་སློབ་ཀྱི་སློབ་མ། གདན་ས་ཁག་གི་རིག་གནས་ལ་དོ་སྣང་ཆེ་ཙམ་ཡོད་མཁན། གཞུང་གི་ལས་བྱེད་བོད་ཡིག་ལ་གཅེས་མཁན། སྤྱི་ཚོགས་ཀྱི་སྟེང་གི་བོད་ཡིག་ཐོག་ཕྱག་ལས་གནང་མཁན་དང་དོ་སྣང་ཡོད་པའི་བོད་ཡིག་གི་གནས་ཚད་གང་འཚམ་ཡོད་མཁན་སོགས་ཀྱིུ་རིགས་ལས་གྲུབ་འདུག་སྙམ་བྱུང་བས། སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་གྱི་གོ་ས་གང་འཚམ་ཟིན་མཁན་གྱི་རིགས་རྣམས་ཀྱིས་ཡིག་ནོར་དང་། ཕྲད་རྣམ་དབྱེའི་སྦྱོར་ལུགས་ལ་དོ་སྣང་དང་འགན་ཁུར་མི་དགོས་མདོག་མདོག་གསུང་ན་དེ་ནི་ཅུང་ཐལ་ཆ་ཆེ་བར་མཐོང་། དཔེར་ན། ད་ལྟའི་བདུན་ཕྲག་འདིའི་དུས་བབ་ཀྱི་གསར་འགྱུར་གྱི་ཁ་བྱང་”༸གོང་ས་མཆོག་འཇལ་འདོད་ཡོད་ཟེར་”ཞེས་པའི་གསར་འགྱུར་གྱི་ཁ་བྱང་ནང་འཇལ་འདོད་ཅེས་པ་དོན་ལ་མཇལ་འདོད་ཅེས་འབྲི་དགོས་པ་མ་ཡིན་ནམ། འདི་དང་འདི་ལྟ་བུའི་རིགས་ཡོང་བ་ནི་བློ་ཕམ་དང་ཡིད་མུག་བྱེད་དགོས་པའི་གནས་ཤིག་མ་རེད་དམ། དྲང་ཕྱོགས་ནས་བཤད་ན། བོད་ཡིག་གི་བརྡ་ཆད་གསར་པ་སོགས་ཁྱབ་སྤེལ་གཏོང་དགོས་ན། གསར་འགྱུར་གྱི་རིགས་དེ་ནུས་པ་ཆེ་ཤོས་ཡིན་པ་ལྟར། ལྡོག་ཕྱོགས་ནས་བཤད་ན། ཡིག་ནོར་ཕྲད་ནོར་ཁྱབ་སྤེལ་འགྲོ་བ་ཡང་དེ་བཞིན་རེད། བར་སྐབས་ཤིག་ནས་རྒྱ་མཚན་ཡོད་མེད་ཅི་རིགས་ཀྱི་སྒོ་ནས་འབྲེལ་སྒྲ་དང་འབྲེལ་སྒྲ་མ་ཡིན་པའི་”གི་ཡིག་”འདི་ཁྱབ་སྤེལ་ཤུགས་ཆེར་ཕྱིན་པ་ལ་བརྟེན་ནས་ད་ལྟ་གང་རང་ལུགས་ཚུགས་ཐུབ་མེད་པའི་ཐོག་ནས་”གི་ཡིག་”འདི་སྤྱོད་སྒོ་ཇི་ཆེར་ཕྱིན་ཡོད། དཔེ་མཚོན་ཙམ་ཞུས་ན་དེ་འདྲ་རེད། དེར་བརྟེན་བློ་ཕམ་དང་ཡིད་མུག་ཤེས་ཡོན་ཅན་ཚོས་མ་བྱས་ན་སུ་ཞིག་གིས་བྱེད་ནུས་སམ།
གཞི་རིམ་གྱི་མང་ཚོགས་དང་སློབ་མའི་ཁྲོད་ཡིག་ནོར་དང་ཕྲད་སོགས་སྦྱོར་ལུགས་ཅི་རིགས་ཡོང་བ་ཡང་ཁྱེད་ཀྱིས་གསུངས་པ་ལྟར། བློ་ཕམ་དང་ཡིད་མུག་བྱེད་དགོས་དོན་དེ་ཙམ་མེད་ཅེས་གསུང་ན་སྐྱོན་ཆེར་མེད་སྙམ། འདི་ནི་ངའི་བསམ་ཚུལ་ཡིན།
ད་དུང་འཇུ་སྐལ་བཟང་གིས་བརྩམས་པའི་”ཡིག་ནོར་འདི་དག”ཅེས་པའི་གོ་བདེའི་སྙན་རྩོམ་ཞིག་བརྩམས་འདུག སྐུ་ཉིད་ཀྱིས་དེར་ལན་གཅིག་གཟིགས་རོགས་གནང་། དེའི་ནང་ལ་ཡིག་ནོར་གྱི་ཉེན་ཁའི་རང་བཞིན་དང་། ད་ལྟའི་ཡིག་ནོར་གྱི་ཁྱབ་ཚད་སོགས་གླེང་འདུག་ལ་རྩོམ་པ་པོས་སྤྱི་ཚོགས་ཀྱི་ཉེན་ཁའི་རང་བཞིན་དེ་དག་དམར་རྗེན་དུ་བཏོན་ཏེ། ང་ཚོ་བོད་མི་རིགས་ཚོར་ཚེ་སྲོག་འཇིགས་ཉེན་ཡོད་པ་ལྟ་བུའི་ཉེན་བརྡ་ཞིག་ཁ་ཞཞེ་གཉིས་མེད་ཀྱིས་བཏང་གནང་འདུག དངོས་ནས་བློ་ཕམ་དང་ཡིད་མུག་མ་བྱས་རང་བྱས་རེད་འདུག་སྙམ་པའི་ཚོར་སྣང་ཡང་ཁོ་བོར་སྐྱོ་སྣང་འདྲེས་མའི་སྒོ་ནས་བྱུང་སྟབས། ཁོ་བོའི་ཟིན་བྲིས་སུ། རྩོམ་པ་པོས་བརྩམས་དགོས་པའི་དམིགས་ཡུལ་ལྟར། ཀློག་པ་པོ་ཀུན་གྱི་མིག་གི་ལོངས་སྤྱོད་དང་སེམས་ཀྱི་ཟས་མཆོག་ཅིག་ཏུ་འགྱུར་བའི་རེ་བས་དེར་དྲངས་ཡོད།།
སྐད་ཡིག་གི་གཞི་རྩ་ཡག་པོ་མེད་ན་ཡིག་ནོར་ནི་གཟུགས་དང་གྲིབ་མ་བཞིན་སླེབས་ངེས་པས། ད་ལྟའི་ང་ཚོའི་སློབ་གྲྭའི་སློབ་ཁྲིད་ཀྱི་ཐོག་ནས་སྐད་ཡིག་གི་སྐོར་ཟུར་ཙམ་གླེང་ན།
ད་ལྟའི་ང་ཚོ་སློབ་གྲྭའི་སློབ་ཁྲིད་ཀྱི་ཐབས་ལམ་ཐོག་ནས་བཤད་ན། མཐོ་འབྲིང་དམའ་གསུམ་གང་དུ་བསམས་ཀྱང་། སྤྱིར་སྐད་ཡིག་གི་རྩ་བའི་རྩལ་བཞིའམ་ཡང་ན་རྩ་དོན་བཞིའི་ཁྲོད་ནས་འཆད་ཉན་གཉིས་ཀྱི་ཐོག་ཤུགས་བརྒྱབས་ནས་བསྡད་པ་ལྟ་བུ་ཚོར་བྱུང་། འབྲི་རྩལ་དང་ཀློག་རྩལ་གྱི་རྩལ་གཉིས་པོ་ནི་སྐད་ཡིག་ཡར་རྒྱས་གཏོང་ཐབས་ཀྱི་བརྒྱ་ཆ་ལྔ་བཅུ་ཟིན་ཡོད་སྟབས། ང་ཚོའི་བཙན་བྱོལ་བའི་སློབ་གྲྭ་ཁག་གི་ནང་རྩལ་བཞི་དེ་ཆ་མི་སྙོམ་པའི་སློབ་ཁྲིད་ལག་བསྟར་བྱས་པ་ལ་བརྟེན་ནས་སློབ་མའི་ཁྲོད་ནས་དགོངས་ཤོག་དང་འཕྲིན་ཡིག་ཚུན་འབྲི་མི་ཐུབ་པའི་གནས་ཚུལ་དེ་ཡོང་གི་འདུག་བསམ་བྱུང་ལ། བྲིས་ཀྱང་དག་པོ་ཞིག་འབྲི་མི་ཐུབ་པ་དེ་ཡང་། འབྲི་རྩལ་དང་ཀློག་རྩལ་གྱི་ཐོག་ང་ཚོས་འཐུས་ཤོར་ཤུགས་ཆེ་ཕྱིན་འདུག་སྙམ་པའི་ཚོར་སྣང་ཡང་བྱུང་། ད་ལྟ་ང་ཚོས་སྐད་ཡིག་ཡར་རྒྱས་གཏོང་ཐབས་ཀྱི་རྩལ་བཞི་པོ་གང་ཐུབ་ཅི་ཐུབ་ཀྱི་ཐོག་ནས་ཆ་སྙོམ་ཐབས་ཀྱིས་ཁྲིད་ཐབས་གསར་པར་ཁ་ཕྱོགས་དགོས་པར་མཐོང་།
སྐད་ཡིག་གི་གཞི་རྩ་ནི་ཤེས་རིག་གི་བང་མཛོད་དུ་བགྲོད་པའི་ལྡེ་མིག་ཡིན་སྟབས།
སྐད་ཡིག་ཁྲིད་ཐབས་ཀྱི་གནད་དོན་ལ་འཐུས་ཤོར་གྱི་སྣེ་མོ་གཉིས་མཐོང་བ་ནི། འབྲི་རྩལ་དང་ཀློག་རྩལ་གཉིས་ཉུང་དྲགས་པའམ་མེད་པ་ལྟ་བུར་གྱུར་པ་དང་། ད་ལྟ་བགྲོད་བཞིན་པའི་རྐང་ལམ་གཉིས་ཏེ། བཤད་ཉན་ཙམ་གྱི་སྟེང་ནས་བསྐྱོད་སྟབས། མཐའ་འབྲས་འཐུས་ཤོར་ཟེར་བ་འདི་བྱུང་འདུག་སྙམ་བྱུང་། དེ་ཡང་ཞོར་འཕྲོས་སུ་ཐལ་ལོ།།
དཔེར་ན། ཁ་ཕྱིར་བསྐོར་ནས་འཛམ་གླིང་མི་རིགས་གཞན་དག་གི་ཐོག་བསམ་ཚེ། ཁོང་ཚོ་དབྱིན་ཇི་དང་། ཕ་རན་སི། ཇར་པན། ཀུ་རི་ཡ། རྒྱ་ནག སོགས་ཀྱི་མི་རིགས་སུ་ཞིག་ཡིན་ན་ཡང་། འཛིན་རིམ་བཅུ་གཉིས་ཐོན་པའི་རྗེས་སུ་རང་རང་གི་རྒྱལ་ཁབ་ཀྱི་སྐད་ཡིག་ཐོག་ནས་འཕྲིན་ཡིག་ཚུན་འབྲི་བར་དཀའ་ཚེགས་ཆེན་པོ་དེ་ང་ཚོ་བཙན་བྱོལ་བོད་མིའི་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པའི་རིགས་ལ་ཡོད་པ་བཞིན་དུ་ཡོད་ཀྱི་མ་རེད་སྙམ་གྱི་འདུག དེ་མེད་པའི་རྒྱུ་མཚན་ཡང་ཁོ་ཚོས་འབྲི་ཀློག་གཉིས་ལ་བརྒྱ་ཆ་ལྔ་བཅུ་ཡོད་པ་ལྟར། དེ་ལྟར་ལག་ལེན་བྱས་པ་བརྟེན་ནས་དཀའ་ངལ་དེ་རིགས་མེད་པར་གྱུར་པ་རེད་སྙམ། འདི་ནི་ངས་མིག་ཤེལ་ནག་པོ་ཞིག་གྱོན་ཏེ་བལྟས་པའི་མཐོང་སྣང་ཙམ་ཡིན།
ད་དུང་མིག་ཤེལ་སྣ་ཚོགས་གྱོན་པའི་དྲ་གྲོགས་ཚོས་དགོངས་ཚུལ་རིམ་པར་གསུངས་རོགས།།
བཀུར་འོས་དྲ་གྲོགས་ལགས། ཐུགས་དང་འགལ་བའི་རིགས་བྱུང་ཡོད་ན། གཟུར་གནས་བློ་ཡིས་སྣ་ལ་མཛུབ་མོ་ཞིག་འཛུགས་རོགས་གནང་། འདི་སེམས་ལ་གང་ཤར་ལག་གིས་བྲིས་པ་ལྟ་བུ་ཞིག་ཏུ་གྱུར་སོང་། དགོངས་འགལ་མེད་པ་ཞུ།
ཐུགས་རྗེ་ཆེ།།
ཁ་ཞཞེ།
ཁ་ཞེ།
ཞ་གཅིག་སིམ་འཛུལ་བྱས་འདུག དེ་ཡང་ནོར་བ་རེད།
ཁྱེད་ཀྱིས་མ་ཤོད་པ་ཡིན་ནམ། ངེད་ཀྱིས་མ་གོ་བ་ཡིན་ནམ། གང་ལྟར། ང་ཡང་འཐོམས་ནས་ཡོད།
བསེ་རུ་ལགས།
སྐུ་ཉིད་ཀྱིས་ཕྲན་ལ་འདི་ལྟར་དགོངས་ཚུལ་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུ། དེའི་ཆེད་དུ་ཡི་གེ་འདི་བྲིས་པ་ཡིན། ཁྱེད་ཀྱི་དགོངས་ཚུལ་རྣམས་ངོ་འཕྲོད་བྱུང་། མཐར་གཏུགས་ན་ངས་ཀྱང་ཁྱེད་ཀྱི་དགོངས་ཚུལ་ལ་འདོད་པ་བྱེད་པ་ཡིན། འོན་ཀྱང་། མི་ཚང་མས་ཤེས་བྱ་ཚང་མ་ཤེས་ཐུབ་ཀྱི་མ་རེད། “གཅིག་མ་ཤེས་ན། གཅིག་ཀྱང་མི་ཤེས་པ་རེད།”སྙམ་པའི་བསམ་ཚུལ་འདི་དག་འདོར་རན་པ་ཞིག་རེད་དྲན། ལམ་ཁ་ཁ་ཤས་ཤིག་མཐོང་གི་འདུག དྲ་རྒྱའི་ཐོག་གི་ཟིན་བྲིས་སྤེལ་སྐབས་དག་ཆ་ནོར་བ་དེ་ཚོ་ལ་བཀའ་བཀྱོན་གཏོང་བ་ལས་ཞུ་དག་གཏོང་བ་དེ་གལ་ཆེ་བར་འདོད། ང་ཡང་དབྱིན་ཡིག་དང་བོད་ཡིག་བསྡུར་རྒྱུ་ལ་དགའ་པོ་མེད། འོན་ཀྱང་འཛམ་གླིང་གི་དུས་དེབ་དང་ཚགས་པར་ཡོད་ཚད་ལ་ ནོར་བཅོས་ཀྱི་ལེ་ཚན་ཟེར་བ་ཞིག་ཡོད་ཡོད་རེད། དེ་ནི་གསར་འགོད་པས་བྲིས། དེ་ནས་ཞུ་དག་པས་ཞུ་དག་བྱས། དེ་ནས་ཞུ་ཆེན་པས་ཞུ་དག་བྱས། ད་དུང་ཡང་ཤོར་འགྲོ་བའི་ནོར་བཅོས་དེ་ཚོའི་ཆེད་རེད། འདི་གཅིག་ཡིན།
དེ་ནས། ང་ལ་བསམ་ཚུལ་ཞིག་ཡོད་པ་ནི་བོད་ཕྱི་ནང་གི་དཔར་བསྐྲུན་གྱི་འགྲོ་ལུགས་འདི་ཡིན། འདི་ལ་འགྱུར་བ་ཞིག་གཏོང་རན་འདུག རྩོམ་པ་པོས་བྲིས། རྩོམ་པ་པོས་དཔར། རྩོམ་པ་པོས་བཙོང་། འདི་ལྟར་བྱས་སྐབས་རྩོམ་ཡིག་གི་རིན་ཐང་དང་དག་ཆ་སོགས་ལ་འཐུས་ཤོར་ཤིག་འགྲོ་བཞིན་མེད་དམ་སྙམ། དེ་བས་དཔར་སྐྲུན་ཁང་གྲགས་ཅན་དག་གིས་ཞུ་དག་བརྒྱུད་ནས་དཔར་འདེབས་བྱེད་པའི་ལམ་སྲོལ་ཞིག་ལ་འགྲོ་ཐུབ་ཚེ། མ་མཐའ་ལ་ཡང་དཔར་དུ་བཏབ་པའི་ཡིག་ཆའི་རིགས་ཀྱི་དག་ཆ་སོགས་ཡར་རྒྱས་འགྲོ་གི་རེད་དྲན། དེ་ཙམ་ཡིན། གང་ལྟར་ཐུགས་རྗེ་ཆེ། རབ་གསལ་གྱིས་ཕུལ།
རབ་གསལ་ངག་སྒོ་ཡངས་པོའི་ངང་ནས་ཕེབས།།
སེམས་པ་དྭངས་གཙང་ངང་དུ་གནས་འདིར་ཕེབས།།
དོན་ལྡན་གླེང་མོལ་གནང་གིན་གནས་འདིར་ཕེབས།།
ཀུན་ཕན་ལམ་སྟོན་འཇོག་ཕྱིར་གནས་འདིེར་ཕེབས།།
བསེ་རུའི་སེམས་ཀྱི་ལྷ་དར་དཀར་པོ་ཞིག།
ལྷད་མེད་གང་གི་ཐུགས་ཀྱི་དབུས་སུ་འབུལ།།
དགོངས་ཚུལ་གནས་ལུགས་ལྡན་པའི་བཞིན་རས་ལས།།
ང་ཡིས་གལ་ཆེའི་གཏན་ཚིགས་འཛུམ་རིས་མཐོང་།།
ཐུགས་རྗེ་ཆེ།།
དགེ་འདུན་རབ་གསལ་ལགས། ངས་བསམ་ན་ཁྱེད་ལ་མིག་སྔའི་གོ་ལའི་གནས་སྟངས་དང་འགྱུར་འགྲོས་མཐོང་བའི་རྣམ་དཔྱོད་ཡངས་ཙམ་མཆིས་ལ་གླེང་མོལ་གྱི་གུ་ཡངས་རྣམ་འགྱུར་ལ་དངོས་གནས་ཡི་རང་དང་བསྔགས་བརྗོད་ཡོད། ཁྱེད་ནི་ང་ལ་ལྟོས་ཏེ་བོད་རིག་གནས་ཀྱི་མདུན་ལམ་ཐད་མཐོང་རྒྱ་དང་འགན་ཁུར། དེ་བཞིན་སྤྱི་ཚོགས་ཀྱི་ཆེ་མཐོང་ཡང་ཧ་ཅང་ཆེ་བའི་མི་སྣ་ཞིག་རེད། དེའི་ཕྱིར་གོ་ལ་གཅིག་གྱུར་གྱི་ཕྱོགས་ཡོངས་འཕོ་འགྱུར་དང་གནས་བབས་སོགས་རྕོམ་ཡིག་བརྒྱུད་མི་མང་ལ་ཤེས་ཐབས་གནང་རྒྱུའི་བྱེད་ཕྱོགས་འདི་ཧ་ཅང་འོས་འཚམས་ཤིག་ཡིན། འོན་ཀྱང་། དབྱིན་ཡིག་ནང་བཞིན་དུས་རབས་སམ་དུས་ཀྱི་འགྱུར་བའི་རང་བཞིན་དང་མཐུན་པར་བརྡ་སྤྲོད་རིག་པའི་འགྱུར་འགྲོས་རྣམ་གཞག་དེ་ང་ཚོའི་སྐད་ཡིག་དང་ཧ་ཅང་འོས་འཚམ་ཞིག་མ་ཡིན་ལ། ཁྱད་པར་བོད་རིག་གཞུང་གི་སྙིང་བཅུད་ནང་དོན་རིག་པ་དང་གསོ་བ་རིག་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བདེ་བ་འདོད་པ་དང་སྡུག་བསྔུལ་མི་འདོད་པའི་སྐྱེ་བོ་ཀུན་གྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཡུན་གནས་སྲ་བརྟན་ཡོང་བ་ལ་སློབ་དཔོན་བཀའ་དྲིན་ཅན་ཐོན་མིས་མཛད་པའི་སུམ་རྟགས་ཀྱི་སྤྱི་ཁྲིམས་དང་མཐུན་པའི་སྔར་བྱུང་ད་གནས་ཀྱི་བརྡ་སྤྲོད་རིག་པ་འདི་དྲི་མས་མ་ལྷད་པར་གནས་དགོས་པ་ནི་ཆེས་རྩ་བར་གྱུར་ཡོད། དེང་སང་ཁྱེད་སོགས་ཕྱིའི་སྐད་ཡིག་དང་སྤྱི་ཚོགས་ལ་ཅུང་རྒྱུས་མངའ་ཡོད་པའི་རྩོམ་འབྲི་བའི་གྲས་ན་བོད་ཡིག་གི་བརྡ་སྤྲོད་རྣམ་གཞག་ལ་གུ་དོག་རང་བཞིན་གྱི་ཞན་སྐྱོན་ཡོད་པར་མཐོང་མཁན་གང་འཚམས་མང་། དེ་ནི་བསམ་གཞིག་གིས་ཟིན་དགོས་པའི་སྐད་ཆའི་གླེང་ཕྱོགས་ཞིག་ཡིན། ཁྱེད་ཅག་དངོས་སུ་སྨྲ་མཁན་ལུང་རིག་རྒྱལ་སོགས་ལ་ཕྲ་ཞིབ་དབྱེ་འབྱེད་ཀྱི་རིག་པ་ཡོད་སྲིད་ཀྱང་གཡམ་རྒྱུགས་སླ་ཆོས་སུ་དགའ་བ་མང་པོ་ཞིག་གིས་ངན་སྤྱོད་རྒྱན་དུ་ངོམས་ནས་ཕྲད་དང་དག་ཆ་ནོར་བ་ལ་སྣང་མེད་དུ་འཇོག་པ་མ་ཟད། དེའི་ཐད་དོ་སྣང་གིས་ཐེར་འདོན་བྱས་ན་མི་དེ་ཀླད་རྙིང་ཅན་དང་བྱབས་ཆུང་། དེ་བཞིན་འཛམ་གླིང་སྤྱིའི་སྐད་ཡིག་གི་འཕོ་འགྱུར་རང་བཞིན་ལ་མཐོང་རྒྱ་ཆུང་བ་ཞིག་ཏུ་བརྩིས་ནས་ཚུར་དམའ་འབེབ་བྱེད་པའི་བྱ་འགུལ་འདིའི་རྨང་གཞི་གྲུབ་འདུག རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ཁྱེད་དང་ཁྱེད་ནང་བཞིན་དུ་གནད་འདིར་གླེང་སློང་བྱ་མཁན་ཚོས་རང་ཉིད་ཀྱིས་སྒྲུབ་བཞིན་པ་དེའི་མཇུག་འབྲས་ཀྱི་དགེ་སྐྱོན་ལ་བསམ་གཞིགས་སྔོན་སོང་གིས་དབྱེ་ཞིབ་ཡོད་པ་དང་གོ་ནོར་མི་ཐེབས་པའི་རྩོམ་ཡིག་སྤེལ་གལ་ཆེ་འོ་སྙམ། ངས་ཉིད་ཀྱི་རྩོམ་འདི་ཐེངས་ཞིག་བཀླགས་རྗེས་མཆན་འདི་བྲེལ་བ་ཡོད་བཞིན་དུ་བཀོད་དགོས་བྱུང་བས། འདིར་ཆད་ནོར་གང་ཡོད་དང་ལྷག་པར་ཐུགས་ལ་མི་འཚམས་པའི་སྐད་ཆ་སྦོམ་པོ་དང་གྱོང་བོའི་རིགས་གང་ཡོད་ལ་གུས་ཞབས་དང་ལྡན་པར་དགོངས་དག་ཞུ་རྒྱུ་ཡིན།