རྨོག་རུ་ཚང་ཤེས་རབ་རྡོ་རྗེ། ནེ་རོ་གཙུག་ལག་སློབ་གཉེར་ཁང་།
༼གསེར་དངུལ་རྩྭ་ཐང་གི་གཟི་བརྗིད།༽
ཁོ་མོ་སྟེ། བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ནི། སྤྱི་ལོ་༡༩༩༠ལོར་ངུ་ངག་གི་དབྱངས་རྟ་ཐོག་མ་མཚོ་སྔོན་པོི་གསེར་དངུལ་རྩྭ་ཐང་དུ་འཐོར་ཏེ། འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ལྟེ་ཁྲག་འཕོས། དུས་དེ་ནས་བཟུང་འབའ་འབའ་ལུ་གུའི་རྩེད་མཚར་གྱི་དབྱངས་རྟ་དང་ལྷན་དུ། ནོར་ནག་གི་རྨིག་རྗེས་བསྙེགས་ཏེ་བྱིས་དུས་ཀྱི་ལང་ཚོ་རིམ་བཞིན་གཉོམ་ལག་རྒྱས་འགོ་ཚུགས། རེ་ཞིག་ཁོ་མོར་བྱམས་ལྡན་ཕ་མའི་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭར་འགྲིམས་རྒྱུའི་སྐལ་བ་ལྡན། འོན་ཀྱང་། ཁོ་མོ་འགྲོ་སའི་སློབ་གྲྭ་ནི་དེང་དུས་ཀྱི་ཀློག་རྡུལ་དང་། ཚན་རིག སློབ་གསོ་སོགས་ཀྱི་ཆ་རྐྱེན་ཡོངས་སུ་འཛོམས་པའི་རྒྱ་ནག་གི་རྩེ་ཕུད་སློབ་གྲྭ་དེ་འདྲ་མིན་ལ། དེ་བས་ཀྱང་རྒྱལ་སྤྱིའི་ཚད་ལྡན་སློབ་གྲྭ་དེ་འདྲ་ཀ་ལ་ཡིན་སྲིད། འོན་ཀྱང་། དེ་ནི་འབྲོག་པའི་རྩྭ་ཐང་གི་ཡིག་རྨོངས་སེལ་བ་ཙམ་གྱི་སྤུས་ཚད་ལས་གཞན་མེད། ཡིན་ཡང་། ཁོ་མོས་སློབ་གྲྭའི་ནང་རང་ཉིད་ཀྱི་དགའ་ཕྱོགས་འཚོལ་བཞིན། དཀའ་སྤྱད་སྡུག་རུས་ཀྱི་རྡོ་རྗེ་རི་ལ་འུ་ཁུང་ཕུག་ཞེས་པའི་དཔེ་ལྟར། དཀའ་ངལ་གདོང་ལེན་དང་བརྩོན་པ་དང་ལེན་བྱས་ཏེ་ཉིན་ལྟར་སློབ་ལ་བརྩོན་བཞིན་པའི་དུས་དེར། གསེར་དངུལ་རྩྭ་ཐང་གི་ལུས་རྩལ་འགྲན་བསྡུར་ནང་ཞུགས་རྒྱུའི་གོ་སྐབས་ཐོབ། དེ་ནས་གསེར་དངུལ་རྩྭ་ཐང་གི་ལུས་རྩལ་བ་རྩེ་ཕུད་ཀྱི་མིང་རྟགས་ཐོག རིམ་བཞིན་མཚོ་བྱང་ཁུལ་ལུས་རྩལ་རུ་ཁག་གི་གྲས་སུ་བདམས། དུས་དེ་ནས་བཟུང་ཁོ་མོ་སྟེ། ཆོས་དབྱིངས་སྐྱིད། སེར་དངུལ་རྩྭ་ཐང་གི་གཟི་བརྗིད་རེད་ཅེས་སྡེ་མི་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།
༼ མཚོ་སྔོན་པོའི་གཟི་བརྗིད། ༽
གསེར་དངུལ་རྩྭ་ཐང་གི་གཟི་བརྗིད་མཚན་བྱང་ཐོག་ཁོ་མོ་མཚོ་བྱང་ཁུལ་ལུས་རྩལ་རུ་ཁག་ནང་ཞུགས་རྒྱུའི་སྐལ་བ་ལྡན། སྐབས་དེ་ནས་བཟུང་སྔར་ལས་ལྷག་པའི་སེམས་ཤུགས་དང་ཧུར་བརྩོན་གྱི་ཕུགས་འདུན་གསར་བ་ཞིག་མངོན་པ་ནི། ང་རང་སྟེ་གསེར་དངུལ་རྩྭ་ཐང་གི་གཟི་བརྗིད་དུ་གྱུར་ཡོད་པས། ངོས་ཅི་ནུས་ཀྱིས་གཟི་བརྗིད་ཀྱི་རིན་ཐང་ལ་བརྩི་འཇོག་དང་ང་ལ་སྤྲད་པའི་གདེང་སྤོབས་དེ། དུས་ནམ་ཡང་འཐོར་འདེགས་བྱེད་དགོས་སོ་ཞེས། ཁོ་མོས་འབྲི་ཚིག་འདི་དག་ཞལ་འདོན་ལྟར་སྐྱོར་ཏེ། རང་ཉིད་ཀྱི་ཕུགས་འདུན་གསར་བ་མངོན་འགྱུར་གྱི་ཕྱོགས་སུ་རྨང་གཞི་བརྟན་པོ་བཞག སྤོབས་སེམས་དང་ཡིད་ཆེས་དེའི་ཁྲོད། ཁོ་མོར་ཡང་བསྐྱར་གཟི་བརྗིད་ཀྱི་མཚན་སྙན་གསར་བ་ཞིག་གྲགས་འགོ་ཚུགས། དེ་ནི་ཞིང་ཆེན་རིམ་པའི་འགྲན་རྩོད་སྟེགས་བུ་བརྒྱུད། ཁོ་མོ་མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཁག་ནང་བདམས་ཐོན་བྱུང་། དུས་དེ་ནས་བཟུང་མཚོ་སྔོན་གྱི་ཡུལ་མི་ཀུན་གྱིས་ཁ་གཡང་བཀྲ་ཤིས་ཀྱི་ཤིས་ཚིག་བསྒྲགས་སྟེ། ཁོ་མོར་རང་ལོ་༡༦སྟེང་མཚོ་སྔོན་པོའི་གཟི་བརྗིད་ཀྱི་མཚན་སྙན་ཐོབ།
༼ བོད་གངས་ཅན་གྱི་གཟི་བརྗིད། ༽
མཚོ་སྔོན་པོའི་གཟི་བརྗིད་ཀྱི་མཚན་སྙན་བསྩལ་ནས་ཅུང་མ་འགོར་པར། ཁོ་མོ་སྔར་དང་མ་འདྲ་པར་སྦྱོང་བརྡར་དང་འགྲན་རྩོད་གྲངས་མེད་སྟེང་ཞུགས་ནས་མཚོ་སྔོན་གྱི་གཟི་བརྗིད་སྟེགས་བུ་ལས་རྣམ་པར་རྒྱལ་ཏེ། སྤྱི་ལོ་ཉིས་སྟོང་༢༠༡༠ཟླ་༦པར་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་རུ་ཁག་ནང་བདམས་ཐོན་བྱུང་། འདི་ནི་བོད་མི་རིགས་ཞིག་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་རུ་ཁག་ནང་ཐོན་པ་ཐོག་དང་པོ་རེད། དེ་ཡང་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་ལུས་རྩལ་རིག་པའི་ཟིན་ཐོ་བརྒལ་ཏེ། བོད་གངས་ཅན་གྱི་གཟི་བརྗིད་རྡོ་རིང་ཐོག་མ་དེ་བསྐྲུན། འདི་ནས་བཟུང་། བོད་མི་ཀུན་གྱིས་བོད་ཀྱི་ལོ་རྒྱུས་ཐོག་ལུས་རྩལ་ཆེད་ལས་པ་ཆོས་དབྱིངས་སྐྱིད་ལགས་ནི། རྒྱ་མི་དུང་ཕྱུར་དུ་མའི་འགྲན་རྩོད་དང་གནོན་ཤུགས་ཁྲོད། རང་ཉིད་ཀྱི་འབད་བརྩོན་སྙིང་སྟོབས་ལ་བརྟེན་ནས་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་རུ་ཁག་ནང་བདམས་ཐོན་བྱུང་བ་ནི། བོད་གངས་ཅན་གྱི་གཟི་བརྗིད་རེད་ཅེས་མཚན་སྙན་གྱི་གྲགས་པ་གང་སར་ཁྱབ།
༼ རྒྱ་ནག་གི་གཟི་བརྗིད། ༽
སྤྱི་ལོ་ཉིས་སྟོང་༢༠༡༡ལོར་ཁོ་མོ་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་རུ་ཁག་གི་འཐུབ་ཚབ་ཐོག་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་ཏེ་དངུལ་གྱི་སྟེགས་མའི་བྱ་དགའ་བླངས་པས། རྒྱ་རིགས་དུང་ཕྱུར་དུ་མས་དགའ་བསུ་དང་ཡིད་ཆེས་ཁྲོད། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ནི་རྒྱ་ནག་གི་གཟི་བརྗིད་རེད་ཅེས། རྒྱ་མི་ཀུན་གྱིས་སྤོབས་སེམས་ཀྱི་རེ་བ་ཁོ་མོར་བཅོལ། མཚན་སྙན་འདི་ལས་ཁོ་མོ་ནི་གཉའ་གནོན་དང་མཐོང་ཆུང་ལ་མི་སྐྲག་པར། དཔའ་ངར་གྱི་མགོ་བོ་ནམ་ཡང་ཡར་འགྲེངས་པའི་བོད་མི་ལ་རྒྱ་ཅན་ཞིག་ཡིན་པ་མཐོང་ཐུབ། ལོ་དེར་ཁོ་མོས་ཡང་བསྐྱར་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་ལྔ་པ་བླངས་དེ། ཁོ་མོར་སྔར་ལས་ཀྱང་དཔའ་ངར་གྱི་སྙིང་སྟོབས་ཆེ་རུ་ཕྱིན། སྤྱི་ལོ་ཉིས་སྟོང་༢༠༡༢ལོའི་ཟླ༣པའི་ཚེས་༣༠ཉིན་གྱི་ལོན་ཌོན་ཨོ་རྩལ་འགྲན་ཚོགས་ཀྱི་སྔོན་འགྲོའི་འདེམས་སྒྲིག་འགྲན་ཚོགས་སྟེང་། སྤྱི་ལེ་༢༠ཅན་གྱི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཁོ་མོས་དུས་ཚོད་༡དང་། སྐར་མ་༢༧་སྐར་ཆ༤བརྒྱབ་སྟེ་ཨང་༣པའི་གྲུབ་འབྲས་ལས་ཉིས་སྟོང་བཅུ་གཉིས་ལོའི་ལོན་ཌོན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུར་བདམས་ཐོན་བྱུང་། དུས་དེ་ནས་བཟུང་། ཡ་གླིང་གི་ཟིན་ཐོ་གསར་བ་དབུ་བརྙེས་འགོ་ཚུགས།
༼ གླིང་ཆེན་ཨེ་ཤ་ཡའི་གཟི་བརྗིད།༽
སྤྱི་ལོ་ཉིས་སྟོང་༢༠༡༢ལོའི་ཟླ་༨པའི་ཚེས་༡༢་ཉིན། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལོན་ཌོན་ཨོ་ལེམ་ཕུག་རྩེད་འགྲན་ནང་འཛུལ་ཞུགས་ཀྱིས་ རྒྱལ་ཁབ་༣༣དང་བུ་མོ་ལུས་རྩལ་བ༦༡་ལས་གྲུབ་པའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད། རྒྱུགས་ཡུན་དུས་ཚོད་༡དང་སྐར་མ་༢༥་སྐར་ཆ་༡༦གི་གྲུབ་འབྲས་ལས་ཟངས་ཀྱི་རྟགས་མ་བླངས་ཏེ། ཡ་གླིང་གི་ཟིན་ཐོ་ལས་བརྒལ། ཉིན་འདི་ནས་བཟུང་ཁོ་མོ་ནི་ཨེ་ཤ་གླིང་ཆེན་གྱི་གཟི་བརྗིད་དུ་གྱུར། དེ་དང་ཆབས་ཅིག་གླིང་ཆེན་ཨེ་ཤ་ཡའི་གཟི་བརྗིད། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཞེས་མཚན་སྙན་གྱི་བ་དན་དཀར་པོ་འཛམ་གླིང་དུ་གྲགས།
༼ འཛམ་གླིང་གི་གཟི་བརྗིད། ༽
སློབ་གསོ་དང་སློབ་སྦྱོང་ཕྱོགས་གང་ཅིའི་ཐད། ཆ་རྐྱེན་ཧ་ཅང་ཞན་པའི་གྲངས་ཉུང་མི་རིགས་ཤིག་སྟེ་བོད་རིགས་རེད། འཚོ་ཐབས་ཀྱི་ཆ་ནས་ཀྱང་རྟ་ནོར་ལུགས་གསུམ་གྱི་འཕེལ་ཁ་ལ་བརྟེན་དགོས་པས།
ཡོང་འབབ་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་། གནས་བབ་འདི་འདྲའི་འོག་འཚོ་བ་བསྐྱལ་བཞིན་པའི་འབྲོག་ཁྱིམ་དཀྱུས་མ་ཞིག སློབ་གསོའི་རྒྱབ་ལྗོངས་མེད་པ་དང་། དཔོན་སའི་རྒྱབ་སྐྱོར་མེད་པའི་མི་ཚང་གཉོམ་ཆུང་ཞིག དེ་ནི་ཨ་ཁུ་མགོན་པོ་རབ་བརྟན་ཚང་སྟེ། གསེར་དངུལ་རྩྭ་ཐང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་རེད། འབྲོག་ཁྱིམ་འདིར་འཚར་ལོངས་བྱུང་པའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས། རང་ཉིད་ཀྱི་དཀའ་སྡུག་འབད་བརྩོན་ལ་བརྟེན་ནས། འཛམ་གླིང་གི་སྡིངས་ཆའི་སྟེང་འཛེགས་པ་ནི། དྲང་བདེན་དང་། གནས་ལུགས། ཁྲིམས་མཐུན་གྱི་འཛམ་གླིང་འདི་ཉིན་རེ་ནས་ཉིན་རེར་དམངས་གཙོ་དང་། རང་དབང་། འདྲ་མཉམ་ཀྱི་ཕྱོགས་སུ་འཕེལ་བཞིན་པ་གསལ་པོར་མངོན། དེར་བརྟེན་ཕྲན་གྱིས་ཁོ་མོ་ནི་འཛམ་གླིང་གི་གཟི་བརྗིད་རེད་ཞེས་བརྗོད་པར་སྤོབས།
༼ ལོན་ཌོན་ཨོ་རྩལ་འགྲན་ཚོགས་ཀྱི་གཟི་བརྗིད། ༽
ལོན་ཌོན་ཨོ་ལེམ་ཕུག་རྩལ་འགྲན་འགོ་བཙུགས་པ་ནས་བཟུང་། མི་རྣམས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཞེན་ཁོག ལ་རྒྱའི་ཆེད། སྡང་སེམས་ཀྱི་མེ་ལྕེ་འབར་དེ། ཁྱོད་ཕམ་དང་ང་རྒྱལ་གྱི་བསམ་བློ་ཁོག་པར་བཅུགས་སྟེ། རྩེད་འགྲན་པ་སུ་ཡིན་ཡང་། རང་ཉིད་མ་ཐོབ་པར་ངོ་གདོང་ཡོད་ཚད་སྡུག་གི་མུན་པ་དང་འདྲ་པར། འཁོན་སེམས་ཀྱིས་ཁེངས་ཡོད། ཡིན་ཡང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་སྟེ། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ནི། འགྲན་བསྡུར་འགོ་བཙུགས་བ་ནས་བཟུང་། ཞལ་རས་དུང་ཟླ་དཀར་པོ་འཛུམ་གྱིས་ཕྱུག་ཅིང་། དགའ་སྤྲོའི་རྣམ་འགྱུར་གྱི་རྒྱལ་ཁ་གདོང་ལ་ཤར་ཏེ། ཚང་མར་འདྲ་མཉམ་དང་བརྩེ་སེམས་ཀྱི་ལྟ་ཚུལ་ཡང་དག་བཟུང་ཡོད་པ་གསལ་པོར་ཤེས་ཐུབ། ཁོ་མོས་སོ་སོ་རང་ཉིད་ཀྱི་ནུས་ཤུགས་དང་སྤོབས་སེམས་ལ་བརྟེན་དགོས་པ་ལས། འཁོན་སེམས་དང་ཆགས་སྡང་ག་ལ་རུང་། ཚང་མ་ཕན་ཚུན་མཐུན་སྒྲིལ་དང་། འདྲ་མཉམ། ཕན་ཚུན་གོ་རྟོགས་དགོས་ཞེས་དྲང་བདེན་གྱི་བརྡ་ལན་དེ། ཁོ་མོའི་ཞལ་གྱི་མཛུམ་མདངས་ལས། ལྟད་མོ་བ་དང་འགྲན་ཞུགས་པ་ཚང་མར་གསལ་བཤད་བྱས་ཡོད། དེ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན་མཐའ་མ་སྟེ། སྤྱི་ལོ་༢༠༡༢ལོའི་ཟླ་༨པའི་ཚེས༡༢ཉིན་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་མཛུམ་མདངས་ཀྱི་རྒྱལ་ཁ་ལས། ལོན་ཌོན་ཨོ་རྩལ་འགྲན་ཚོགས་ནི་ཕན་ཚུན་མཐུན་སྒྲིལ་དང་། འདྲ་མཉམ། གོ་རྟོགས། ཕན་ཚུན་བརྩེ་སེམས་ཀྱིས་ཡོངས་སུ་ཁེངས་སྟེ། གཟི་བརྗིད་དང་རྒྱལ་ཁའི་ངང་མཇུག་སྒྲིལ་པས་བརྡ་ལན་སྤྲད་དེ། ཁོ་མོ་ནི་ལོན་ཌོན་ཨོ་རྩལ་འགྲན་ཚོགས་ཀྱི་གཟི་བརྗིད་དུ་གྱུར། མཐར་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས། གསེར་དངུལ་རྩྭ་ཐང་གི་གཟི་བརྗིད་ནས་མཚོ་སྔོན་པ་ཡི་གཟི་བརྗིད། བོད་གངས་ཅན་གྱི་གཟི་བརྗིད་ནས་རྒྱ་ནག་གི་གཟི་བརྗིད། ཨེ་ཤ་ཡ་གླིང་ཆེན་གྱི་གཟི་བརྗིད་ནས་འཛམ་གླིང་གི་གཟི་བརྗིད། མཐའ་མཇུག་ལོན་ཌོན་ཨོ་རྩལ་འགྲན་ཚོགས་ཀྱི་གཟི་བརྗིད་སོགས། གཟི་བརྗིད་ཀྱི་མཚན་སྙན་བདུན་ལས་རྣམ་པར་རྒྱལ་དེ། ཁོ་མོའི་སྙིང་སྟོབས་དང་སྤོབས་པ། ཡིད་ཆེས། དཔའ་ངར། བརྩོན་སེམས། དྲང་བདེན། བརྩེ་སེམས་སོགས་ཀྱིས་ཡོངས་སུ་ཕྱུགས་པའི་བོད་མི་རིགས་ཀྱི་ཁྱད་ཆོས་དེ། སྤྱི་ལོ་༢༠༡༢ལོའི་ལོན་ཌོན་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད། འདི་ནི་བོད་གངས་ཅན་གྱི་མི་རབས་གསར་པའི་ལོ་རྒྱུས་རྡོ་རིང་ཡིན།
སྙན་པ་ལ་ཚོད་ཅིག་མེད་ཀི་་་་ཡིན་ཡང་ཁོ་མོའི་སྐོར་ལ་སྐད་ཆ་ཞེ་དྲག་མ་མང་ན་ཡག་གི་རེད་འདོད་ཀི་་་་རྗེས་མའི་རྩེད་འགྲན་ནང་ཞུགས་རྒྱུར་འགོག་རྐྱེན་ཡོང་མི་སྲིད་པ་མ་རེད་་་བསམ་ཚུལ་ཙམ་ཡིན།
གྲོགས་པོ་ཁྲོ་གཏུམ་ནས་ཁྱོད་ཀྱིས་འདིའི་སྐོར་ལ་དཔྱད་པ་ཡག་པོ་ཞིག་བཏང་འདུག་ལ། ད་དུང་ཚན་དགོ་བྱེད་སྟངས་དེ་དངོས་ནས་བློར་བབས་སོང་། ཐུགས་རྗེ་ཆེ།
གྲོགས་ཤེས་རབ་རྡོ་རྗེ་ལགས་སུ་ཐུགས་རྗེ་ཆེ་ཞུ། ཟླ་གཅིག་སྔོན་ངེད་གཉིས་ངོ་དེབ་སྟེང་ངོ་ཤེས་པས། ཧ་ཅང་གི་དགའ་ཚོར་ཆེན་པོ་སྐྱེས་སོང་། བུ་མོ་ངོས་ལྟོས་ན། དཔྱད་རྩོམ་འདི་དབྱེ་ཞིབ་ཧ་ཅང་ལེགས་པོ་བྱས་འདུག དེ་མིན་ནང་དོན་དང་བརྗོད་བྱེད་ཚིག་གི་ཆ་གང་ནས་ཡིན་ཡང་། སྔོན་ཆད་གཞན་གྱི་བསམ་བློར་ཤར་མ་མྱོང་པ་དེ་འདྲ་རེད་འདུག བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལ་མཚོན་ན། དཔྱད་རྩོམ་འདི་ངོ་མ་ལགས་སྐྱེས་ཡག་ཤོས་ཤིག་རེད། དེ་མིན་ད་དུང་བོད་ཀྱི་རྩོམ་པ་པོ་ཡིན་ཟེར་མཁན་དག་གིས་ཀྱང་དཔྱད་རྩོམ་འདི་འདྲ་འབྲི་རྒྱུ་ཧ་ཅང་གི་གལ་ཆེ་བར་མཐོང་། མཐར་གྲོགས་རྨོག་རུ་ཚང་ཤེས་རབ་རྡོ་རྗེ་ལགས་ཀྱི་སློབ་སྦྱོང་གི་འབྲས་བུ་ཡར་ངོས་ཟླ་ལྟར་འཕེལ་བར་སྨོན།
སྐུ་ཞབས་རྨོག་རུ་ཚང་ཤེས་རབ་རྡོ་རྗེ་མཆོག ཐུགས་རྗེ་ཆེ་གྲངས་མེད་དང་བཅས་སྐུ་ཉིད་ཀྱི་བཤད་བརྗོད་ཧ་ཅང་གོ་བདེ་པོ་དང་། ཀློག་བདེ་པོ་འདུག ང་ཚོ་བོད་ཡིག་སྐྱོ་ཡིན་པ་ཡིན་ན། ཀློག་སྤྲོ་པོ་འདུག ཐུགས་རྗེ་ཆེ་ཞུ།
རྒྱལ་སྤྱིའི་ཚད་ལྡན་སློབ་གྲྭ་དེ་འདྲ་ཀ་༼ག་༽ལ་ཡིན་སྲིད། དཀའ་སྤྱད་སྡུག་རུས་ཀྱི་རྡོ་རྗེ་རི་ལ་འུ་༼ཨི་༽ཁུང་ཕུག་ཞེས་པའི་དཔེ་ལྟར། ་་་་་ཧུར་བརྩོན་གྱི་ཕུགས་འདུན་གསར་བ་༼པ་༽ཞིག་མངོན་པ་ནི། ་་་ ་་་་། ངོས་༼ངས་༽ཅི་ནུས་ཀྱིས་གཟི་བརྗིད་ཀྱི་རིན་ཐང་ལ་བརྩི་འཇོག་དང་ང་ལ་སྤྲད་པའི་གདེང་སྤོབས་དེ། ་་་་། རང་ཉིད་ཀྱི་ཕུགས་འདུན་གསར་བ་༼པ་༽མངོན་འགྱུར་གྱི་ཕྱོགས་སུ་རྨང་གཞི་བརྟན་པོ་བཞག ་་་་ ཁོ་མོར་ཡང་བསྐྱར་གཟི་བརྗིད་ཀྱི་མཚན་སྙན་གསར་བ་༼པ་༽ཞིག་གྲགས་འགོ་ཚུགས། ་་་་་ ལོ་དེར་ཁོ་མོས་ཡང་བསྐྱར་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུགས་༼གོམ་བགྲོད་༽འགྲན་བསྡུར་ཁྲོད་བྱ་དགའ་ཨང་ལྔ་པ་བླངས་དེ།༼སྟེ་༽་་་་ སྤྱི་ལེ་༢༠ཅན་གྱི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཁོ་མོས་དུས་ཚོད་༼ཆུ་ཚོད་༽༡དང་། སྐར་མ་༢༧་སྐར་ཆ༤བརྒྱབ་སྟེ་ཨང་༣པའི་གྲུབ་འབྲས་ལས་ཉིས་སྟོང་བཅུ་གཉིས་ལོའི་ལོན་ཌོན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུར་བདམས་ཐོན་བྱུང་། ་་་་་་ ཡ་གླིང་གི་ཟིན་ཐོ་གསར་བ་༼པ་༽དབུ་བརྙེས་འགོ་ཚུགས། ་་་་་ བུ་མོ་ལུས་རྩལ་བ༦༡་ལས་གྲུབ་པའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད། ་་་་ ཁྲིམས་མཐུན་གྱི་འཛམ་གླིང་འདི་ཉིན་རེ་ནས་ཉིན་རེར་དམངས་༼མང་༽གཙོ་དང་། ་་་་་ འགྲན་བསྡུར་འགོ་བཙུགས་བ་༼པ་༽ནས་བཟུང་། ་་་་ ལྟད་མོ་བ་༼པ་༽དང་འགྲན་ཞུགས་པ་ཚང་མར་གསལ་བཤད་བྱས་ཡོད། ་་་ འདི་ནི་བོད་གངས་ཅན་གྱི་མི་རབས་གསར་པའི་ལོ་རྒྱུས་རྡོ་རིང་ཡིན།༼རེད།༽
རྨོག་རུ་དང་ཕྲན་གྱི་བར་འབྲི་ཚུལ་མི་འདྲ་བ་འགའ་གསལ་སྟོན་བྱས་པར་དགག་གཞག་སྤོང་གསུམ་གནང་རོགས་གནོངས།
་་་་་ ལོ་དེར་ཁོ་མོས་ཡང་བསྐྱར་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུགས་༼གོམ་བགྲོད་༽ཡང་ན་༼གོམ་རྒྱུག་༽འགྲན་བསྡུར་ཁྲོད་བྱ་དགའ་ཨང་ལྔ་པ་བླངས་དེ།༼སྟེ་༽་་་་་་
མཁྱེན་ཡངས་ཀློག་པ་པོ་ཚང་མའི་ལྟ་ཚུལ་ལ་གུས་བརྩི་ཞུ། ཀརྡོ་གཉེར་ཕྱག་པས་འབྲི་ཚུལ་དགོངས་འཆར་གནང་པ་ལ་ཕྲན་གྱིས་ཐུགས་རྗེ་ཆེ་ཞུ། འདིར་ཚང་མར་ཞུ་རྒྱུ་ཞིག་ལ། ཕྲན་ནི་སྤྱི་ཚོགས་དཔྱད་པ་པོ་ཞིག་དང་། དེབ་ཀློག་ལ་དགའ་མཁན་ཞིག་ཡིན་པ་ལས། རྩོམ་པ་པོ་དང་སྙན་ངག་པ་དེ་འདྲ་མིན། ཡེ་གེ་སྦྱངས་ཞོར་འབྲི་ཞོར་གྱི་ལམ་ནས་ཀློག་པ་པོ་ཚང་མར་བསམ་ཚུལ་ཙམ་བཤད་པ་ཡིན། མ་འགྲིག་ས་དང་མ་དག་ས་ཡོད་ན། ཚང་མས་འཛུབ་སྟོན་གནང་རོགས། ཐུགས་རྗེ་ཆེ།
རྨོག་རུ་ཚང་གི་ཡག་པོ་བྲིས་འདུག་མུ་མཐུན་ནས་འབད་བརྩོན་གནང་རོགས།
ཆོས་དབྱངས་སྐྱིད་ཀྱིས་རྒྱ་ནག་མི་འཐུས་ཀྱི་མིང་ཐོག་ནས་རྟགས་མ་བླངས་པ་དེ་བོད་གངས་ཅན་པའི་གཟི་བརྗིད་ངོ་མཚར་ཅན་ཞིག་ཡིན་ན། ང་ཕོད་དང་རག་རྡེལ་སོགས་ཀྱིས་རྒྱ་ནག་གི་ཆེས་མཐོའི་དཔོན་ཆེན་བྱས་པའི་མཚན་སྙན་ཡང་གངས་ཅན་པའི་གཟི་བརྗིད་ཅེས་བསྟོད་དགོསསེམས་སོ་།
ུ