ཟླ་བ་གཞོན་ནུས།
གཟུགས་ཀྱི་མཚན་ཉིད། གཟུགས་སུ་རུང་བ་ཞེས་པའི་དོན་ཡང་དག་པར་རྟོགས་འདོད་དམ?
མཚོན་བྱ་དང་མཚོན་བྱེད་གཅིག་ཏུ་འཁྲུལ་མཁན་དག་ལ་ཆེད་དུ་དམིགས་ཏེ་འདིར་བཀོད་པའོ།།
དེ་ཡང་སློབ་དཔོན་ཆེན་མོ་སེམས་དཔའ་རྡོ་རྗེ་མཆོག་གིས་པཱ་ལི་ནས་བསྒྱུར་བའི་སློབ་དཔོན་མ་འགག་པས་མཛད་པའི་<<ཆོས་མངོན་བསྡུས་པ་>>ལས།
༈ གཟུགསཿ དོན་དམ་པའི་ཆོས་བཞི་ལས་གསུམ་པ་གཟུགས་ནི། སེམས་དང་སེམས་བྱུང་ལས་གཞན་པ། གཟུགས་སུ་རུང་བའི་མཚན་ཉིད་ཅན་ཡིན་ལ། དེ་ཡང་གྲང་བ་དང་། དྲོ་བ་ལ་སོགས་པའི་འགལ་ཟླའི་རྐྱེན་རྣམས་ཀྱིས་གནོད་ཅིང་གཟུགས་པར་བྱེད་པས་ན་གཟུགས་ཞེས་བྱའོ།། གནོད་ཅིང་གཟུགས་ཞེས་པའང་ཉམས་ཤིང་རྣམ་པར་འགྱུར་བ་ཐོབ་པར་བྱེད་པའོ།།
ཇི་སྐད་དུ་མདོ་ལས།
“किञ्च, भिक्खुवे, रूप वदेय रूप्यती तिखो, भिक्खुवे, तस्मा रूपति वुच्चति। केन रूप्यति सीतेन पि रूप्यति, उण्हेन पि रूप्यति …….. खो, भिक्खवे, तस्मा रूप ति वुच्चति।”
“གཟུགས་པར་བྱེད་པས་ན་དགེ་སློང་དག! འདི་ལ་གཟུགས་ཞེས་བྱ་སྟེ། གང་གིས་གཟུགས་པར་བྱེད་ཅེ་ན། གྲང་བས་གཟུགས་པར་བྱེད། དྲོ་བས་གཟུགས་པར་བྱེད། ལྡོག་པས་གཟུགས་པར་བྱེད།”
བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟ་བུའོ།།
——
སྒྲ་སྦྱོར་བམ་གཉིས་སུ་བཤད་པ།
ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ། རཱུཔསྐནྡྷ་ནི་རཱུཔཎྱཱདརཱུཔཾ་ཞེས་བྱ་སྟེ། ལག་པ་དང་དབྱིག་པ་ལ་སོགས་པས་གཟུགས་ཤིང་གནོད་པར་བྱར་རུང་བས་གཟུགས་ཞེས་བྱ། སྐནྡྷ་ནི་དུས་གསུམ་གྱི་གཟུགས་བཟང་ངན་དང་ཆེ་ཕྲ་ཡོད་དོ་ཅོག་གཅིག་ཏུ་བསྡུས་པའི་མིང་སྟེ་གཟུགས་ཀྱི་ཕུང་པོ་ཞེས་བྱ།
གཞོན་ནུ་ཟླ་མེད་ཀྱི་ལེགས་བཤད་ལ་ཁ་སྣོན་དུ།
དེ་ཡང་ཀུན་བཏུས་སུ། ཡུལདཔྱད་པས་གཟུགས་སུ་ཡོད་པ་དང་། རེག་པས་གཟུགས་སུ་ཡོད་པ་ཞེས་གསུངས་པས་དང་བོའི་དོན་ནི་བློ་མ་འཁྲུལ་བས་ཤར་ནུབ་ལ་སོགས་པས་ཆ་ཤས་སོ་སོ་ནས་འཛིན་རྒྱུ་ཡོད་པ་དང་། གཉིས་པའི་དོན་ནི་ནང་ཕན་ཚུན་འཕྲད་པ་ལས་འགྱུར་བ་མི་འདྲ་བ་བསྐྱེད་པའི་དོན་དུ་གསུངས་པས། སྔ་མས་ནི་རིག་མིན་གྱི་གཟུགས་ལའང་ཁྱབ་པས་ཁྱབ་ཆེ་བ་དང་ཕྱི་མ་ཁྱབ་ཆུང་བར་ཀུན་བཏུས་དར་ཊིཀ་ལས་གསུངས། དྲན་དཀར་དཔལ་ཡོན་ལ་ཁ་སྣོན་དུ་ཕུལ།
ཟླ་བ་གཞོན་ནུ་ལ་མཚམས་འདྲིའི་ཚུལ་དུ་ཚིག་གཅིག་བརྗོད་ན། གཟུགས་ཀྱི་བྱེད་ལས་དཔེའི་སྒོ་ནས་བསྟན་པ་ནི། ཨོ་རྒྱན་ཆེན་པོའི་ཆོས་སྤྱོད་གཏི་མུག་གཉིད་དཀྲོག་ལས། མིང་དང་གཟུགས་ཀྱི་འདམ་ལ་བྱིང་བ་རྣམས། །སངས་རྒྱས་ཐོབ་ཕྱིར་བདག་གི་ལུས་དང་ངག །ཡིད་དང་གསུམ་པོ་དགེ་ལ་བསྐུལ་བར་བྱའོ། །འདམ་རྫབ་ལྟ་བུ་བྱིང་ཞིང་ཟུག་འགྲོ་བ་དང་། མི་རྟག་པའི་དཔེ། བཀའ་གདམས་གསུང་སྒྲོས་ནོར་ཕྲེང་ཚོམ་བདུན་པ་ལས། གཟུགས་ནི་དབུ་བ་རྔོས་པ་འདྲ། ཞེས་སོགས་དཔེ་དོན་མང་ཡང་དུས་དབང་གིས་རེ་ཞིག་དེ་ཙམ་མོ། །
དྲི་མེད་ལྷག་བསམ་ལགས། གཟུགས་ནི་དབུ་བ་རྡོས་པ་འདྲ།།ཞེས་པའི་ཚིག་འདི་ནི་ཐེག་དམན་གྱི་མདོ་ཡིན་པར་འཇུག་པ་རང་འགྲེལ་ལས་གསུངས་པས། བཀའ་གདམས་པའི་གསུང་སྒྲོས་ཕལ་ཆེར་མིན་ལས་ཆེ།
བྱ་མདོ་ལགས། ཕྲན་ལོ་བཅུ་གཅིག་ཙམ་ལ་བཀའ་གདམས་ཕ་ཆོས་བུ་ཆོས་ཁ་འཐོར་ཞིག་ལ་མཇལ། དེར་གཟུགས་ནི་དབུ་བ་རྡོས་པ་འདྲ། ཞེས་ཡོད་པ་གསལ་བོ་དྲན། དེ་དུས་དཔེ་གཞན་མི་ཤེས་པས་ནོར་དོགས་མེད་སྙམ། གོང་གསལ་དཔེ་གཉིས་ཕལ་ཆེར་མཉམ་དུ་མཇལ་བས་བསམ་བློ་འཁོར་ཙམ་བྱེད་མྱོང་། ཕྱིས་སུ་གློག་པར་དེབ་གཟུགས་བླུས་ཡོད་ཀྱང་མཇལ་བའི་བསོད་ནམས་མ་བྱུང་། ཐུགས་ཇེ་ཆེ།
ཚིག་དེའི་འཕྲོར། ཚོར་བ་ཆུ་ཡི་ཆུ་བུར་བཞིན།།འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ།།འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན།།རྣམ་པར་ཤེས་པ་སྒྱུ་མ་ལྟར།། ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ།། ཞེས་ཐེག་དམན་རང་གི་ལུང་དྲངས་ནས་རང་བཞིན་མེད་པར་སྒྲུབ་པོ།
སློབ་དཔོན་པདྨའི་ལུང་དེ་ཡང་གཟུགས་དངོས་ལ་བཤད་པ་མིན་སྙམ་སྟེ། འདིའི་མིང་གཟུགས་ཞེས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བཞི་བ་མིང་གཟུགས་ལ་བཤད་པ་སྐབས་ཀྱིས་ཤེས་སྟེ། སེམས་ཅན་རྣམས་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བའི་འདམ་དུ་བྱིང་བ་རྣམས་ཞེས་གོ་རྒྱུ་ཡིན་པས་ འདིའི་གཟུགས་ནི་ནུར་ནུར་བོ་དང་མིང་ནི་ཚོར་སོགས་ལ་བཤད་པ་ལས་་འདིར་བཤད་པའི་གཟུགས་མིན་ལས་ཆེ། ཐུགས་རྗེ་ཆེ།
གཟུགས་སུ་རུང་བའི་གོ་དོན། ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས། ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་བའི་བར་འདི་གཟུགས་ཀྱི་ཕུང་པོ་ཞེས་བྱ་ཞེ་ན། གཟུགས་སུ་རུང་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བས། དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་སུ་རུང་ཞེ་ན། ལག་པའི་འདུས་ཏེ་རེག་པས་ན་རེག་ན་ཡང་གཟུགས་སུ་རུང་ངོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །གཟུགས་སུ་རུང་ཞེས་བྱ་བ་ནི་གནོད་པར་བྱར་རུང་ཞེས་བྱ་བའི་ཐ་ཚིག་སྟེ་འདི་ལྟར་དོན་གྱི་སྡེ་ཚན་དག་ལས། གལ་ཏེ་འདོད་པ་ཚོལ་བྱེད་ཅིང༌། །འདུན་བ་སྐྱེས་པའི་ལུས་ཅན་ཏེ། འདོད་པ་དེ་དག་མ་འབྱོར་ན། །ཟུག་རྡུས་ཟུག་བཞིན་གནོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གཟུགས་ཀྱི་གནོད་པ་གང་ཞེ་ན། ཡོངས་སུ་འགྱུར་བ་སྐྱེད་པའོ། །གཞན་དག་ན་རེ་གཟུགས་སུ་རུང་བ་ནི་ཐོགས་པའོ་ཞེས་ཟེར་རོ། །འོ་ན་ནི་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ། གཟུགས་སུ་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ། །འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དོ། །འོ་ན་ནི་འདས་པ་དང་མ་འོངས་བ་གཟུགས་མ་ཡིན་པར་འགྱུར་རོ། །དེ་ཡང་གཟུགས་སུ་ཡོད་ཟིན་པ་དང༌། གཟུགས་སུ་ཡོད་པར་འགྱུར་བ་དང༌། དེ་དང་རིགས་མཐུན་པའི་ཕྱིར་གཟུགས་ཡིན་ཏེ་བུད་ཤིང་བཞིན་ནོ། །འོ་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་མ་ཡིན་པར་འགྱུར་རོ། །དེ་ཡང་རྣམ་པར་རིག་བྱེད་ལ་གཟུགས་སུ་ལོད་པའི་ཕྱིར་གཟུགས་སུ་ཡོད་པར་འགྱུར་ཏེ། ཤིང་ལྗོན་པ་གཡོས་བས་གྲིབ་མ་གཡོ་བ་བཞིན་ནོ། །འགྱུར་བ་མེད་པའི་ཕྱིར་མ་ཡིན་ཏེ། རྣམ་པར་རིག་བྱེད་ལོག་ན་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ལྡོག་པར་འགྱུར་ཏེ། ཤིང་ལྗོན་པ་མེད་ན་གྲིབ་མ་མེད་པ་བཞིན་ནོ། །ཞེས་སོགས་རྒྱས་པ་གསུངས་སོ། །
བྱ་མདོ་ལགས་ཀྱིས་གསུངས་པ་མད། ཕྲན་གྱི་གོང་དུ་བཤད་པ། གཟུགས། ཟུག བྱིང་པ་རྣམས་དོན་གཅིག་ཡིན་ནམ་སྙམ་དེ་ཞུས་པ་ལགས། ཕྲན་གྱི་དྲན་ཚོད་ལ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན།།འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ།།འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན།།རྣམ་ཤེས་སྒྱུ་མ་འདྲ་ཞེས་གསུངས། །དེ་ལྟར་སྣ་ཚོགས་ཀུན་སྣང་ཡང་། །སྟོང་པ་ཉིད་དུ་གོམས་པར་མཛོད། །ཇི་ལྟར་སྟོང་པའི་གནས་ལུགས་ཀྱང་། །སྣང་པ་ཉིད་ལས་གཞན་མ་ཡིན། །དེས་ན་སྣང་སྟོང་འདྲེས་མར་སྒོམས། །ཞེས་གསུངས་ཡོད་པ་དྲན། །ཕྱིར་དྲན་ཞིག་བྱས་ན། སྐབས་དེར་དཔེ་དཀོན་པས་་རེ་གཉིས་མཇལ་བ་དོན་མ་གོ་ཡང་། ཁ་ལ་བྱང་ཆུབ་བར་བཏོན་འདུག ད་ནི་དཔེ་ཅི་ཙམ་ཐོབ་ཀྱང་མཇལ་བའི་བསོད་ནམས་མི་འདུག ཨ་ཁ་ཁ།
གཟུགས་སུ་རུང་བའི་གཟུགས་ནི། དབྱིབས་དང་ཁ་དོག་གཉིས་ཙམ་ལ་གོ་དགོས། གཟུགས་ནི། སེམས་དང་སེམས་བྱུང་ལས་གཞན་པ། ཙམ་མ་ཟད། ལྡན་མིན་འདུ་བྱེད་ལས་ཀྱང་གཞན་པ་རེད།
ཕྱག་ལགས། སྒྲ་ལ་སོགས་པ་བཞི་ཆོས་ཅན། དབྱིབས་དང་ཁ་དོག་གང་རུང་ཡིན་པ་ཐལ། གཟུགས་སུ་རུང་བ་ཡིན་པའི་ཕྱིར། འདོད་ན་མིག་ཤེས་ཀྱི་བཟུང་བྱ་ཡིན་པར་ཐལ་ལོ།
ཕྱག་ལ་ཡིན་ད། གང་གིས་གཟུགས་པར་བྱེད་ཅེ་ན། གྲང་བས་གཟུགས་པར་བྱེད། དྲོ་བས་གཟུགས་པར་བྱེད། གོང་དུ་དྲངས་པ་འདི་ལ་གཟིགས་དང་གྲང་བ་དང་དྲོ་བ་ནི་རེག་བྱ་ཡིན་ནོ། །དབྱིབས་དང་ཁ་དོག་ཙམ་གང་ལས་ཡིན།
མངོན་མ་གོང་འོག་ཀུན་གྱིས། གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དུ་འདོད་པ་འདྲ་བས། ཀླད་ཀྱི་མདོ་ཚིག་ཏུ་གསལ་བ་ལྟར། གཟུགས་སུ་རུང་བའི་དོན། གནོད་པ་བྱར་རུང་བ་ཙམ་ལ་བྱེད་དམ་ཡུལ་དཔྱད་པ་དང་སྔ་མ་ཅི་རིགས་པ་ལ་བྱེད། དང་པོ་ལྟར་ན། མངོན་པ་འོག་མའི་ལུགས་འདིར་མཚན་ཉིད་དེ་རྣམ་པར་རིག་བྱེད་མ་ཡིན་པ་དང་། རྡུལ་ཕྲན་ཆ་མེད་དང་། བྱད་བཞིན་གྱི་གཟུགས་བརྙན་སོགས་ལ་མ་ཁྱབ་པས་ཁྱབ་ཆུང་བའི་སྐྱོན་དུ་འགྱུར་ལ། གཉིས་པ་ལྟར་ནའང་། ཧ་ཅང་གོ་དཀའ་སྟེ། ཆོས་ཅན་དེ་དག་ཡུལ་དཔྱད་པའི་གཟུགས་སུ་ཡོད་ཚུལ་འཆད་དགོས་པའི་ཕྱིར། དེ་ཡང་ཡུལ་དཔྱད་པའི་གཟུགས་སུ་ཡོད་པ་ནི། མཛོད་འགྲེལ་མངོན་པའི་རྒྱན་དུ། « འདི་ནི་འདི་ནའོ། ཕ་བི་ནི་ཕ་བི་ནའོ་ཞེས་ཕྱོགས་ཆ་དང་བཅས་པ་ཡིན་ལ། » ཞེས་ཕྱོགས་ཀྱི་ཆ་དང་བཅས་པ་ལ་བཤད་པས། རྣམ་པར་རིག་བྱེད་མ་ཡིན་པ་དང་། རྡུལ་ཕྲན་ཆ་མེད་གཉིས་དེར་ཇི་ལྟར་འཐད་སྨྲོས་ཤིག
ལྡོག་པས་གཟུགས་པར་བྱེད་ཅེས་པས་རྣམ་རིག་བྱེད་མིན་དང་རྡུལ་ཕྲན་ཆ་མེད་ལའང་ཁྱབ་འགྲོའོ།།
ཡ་མ་ཚེ་རིང་གིས་འདི་རྟོགས་མེད་པ་འདྲ།
གྲ་སའི་ཆོས་ར་ནས་ཁོངས་འཁྱོལ་ལ་མ་འཁྱོལ་གྱི་རྟོག་གེ་དེས་ཅང་ས་ཕྱོད་ཡོད་མ་རེད
ལྡོག་པས་གནོད་པར་རུང་བས་རིགས་པ་ལྟར་སྣང་དེའི་ཁྱབ་པ་གསལ་ལེག་བཀག་པ་འགྲུབ་པོ།།
སྙན་པའི་སྒྲ་དང་མཛེས་པའི་འཇའ། ། ལྟ་ན་སྡུག་དང་མི་སྡུག་དབྱིབས།། དྲི་རོ་རྣམ་རིག་བྱེད་མིན་དང་། མེ་ལོང་བྱད་བཞིན་གཟུགས་སོགས་ལ།། གཟུགས་སུ་རུང་བའི་རྒྱུ་མཚན་ཤོད།། འགལ་ཟླས་གནོད་རུང་ཙམ་ཞིག་ལ།། གཟུགས་རུང་ཟེར་ན་དངོས་ཀུན་ཀྱང་།། གཟུགས་སུ་རུང་བ་མི་ཐལ་ལམ།། ཟླ་བ་གཞོན་ནུ་ལ་འུར་ཕེབས།། སེམས་པ་རྡོ་རྗེར་འདི་སྐད་དྲིས།།
གཟུགས་ ཞེས་པ་དེ་བྱ་ཚིག་གང་ལས་བྱུང་སྙམ་ན། འཛུགས་ བཙུགས་ གཟུགས་ ཟུགས། ཞེས་ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་ཡིན་པ་ལ། བདག་ཅག་གིས་གྲི་འཛུགས། གྲི་བཙུགས། གྲི་གཟུགས། གྲི་ཟུགས། དེས་ན། མིག་ཤེས་ཀྱིས་གཟུང་བར་བྱ་བ་གང་ཡིན། གཟུགས་སུ་རུང་བ་ཡིན་དགོས། སྒྲའི་འགྲོ་སྟངས་ལྟར་ན། དེ་ལྟར་ཡིན་པར་སེམས།
དེ་ཡང་གནས་བརྟན་སྡེ་པ་ཞེས་པ་མ་གཏོགས་ཐེག་དམན་ཞེས་འབྲི་མི་རུང་བ་ཡིན། དིང་སང་གི་མཁས་པ་རྣམས་ཀྱི་བཤད། བདག་གིས་ནི་གནས་བརྟན་པ་ལ་ཡང་སྐྱེས་བུ་གསུམ་ཀ་ཡོད་དགོས། ཐེག་ཆེན་གཞུང་དཔེ་དག་ཀློག་ཅིང་། དབང་ཞུ་བའི་གྲལ་དུ་བསྡད། ལྷ་མང་པོའི་དབང་ཞུས་ཀྱང་། དོན་དུ་སྐྱེས་བུ་གསུམ་གང་དུ་གཏོགས་ཤེ་ན། བཤད་རྒྱུས་ཕོངས་པ་ཞིག་སྙམ།
་
གཟུགས་ནི་དབུ་བ་རྡོས་པ་འདྲ།
ཚོར་བ་ཆུ་ཡི་ཆུ་བུར་བཞིན།
འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ།
འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན།
རྣམ་པར་ཤེས་པ་སྒྱུ་མ་ལྟར།།
ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ།།
་
ཞེས་པ་འདི་ཉིད་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་བདག་མེད་དམ་སྟོང་ཉིད་རྟོགས་པ་ལ་ལུང་རྨད་དུ་བྱུང་ཞིག་པས། དཔལ་ལྡན་ཟླ་བ་གྲགས་པས་ཀྱང་། དབུ་མ་ཚིག་གསལ་དུ་དྲངས་སོ།།
སྒྲ་གཟུགས་རེད་ཟེར་ན་ཅུང་མི་བདེ། འོནད་ཀྱང་། གཟུགས་དང་གཟུགས་ཀྱི་སྐྱེ་མཆེད་སོས་སོར་ཕྱེས་ན་ཁྱེད་བདེན།
དུས་རྒྱུན་ཡོངས་གྲགས་སུ། གཟུགས་མཚོན་བྱར་བཞག་ནས། གཟུགས་སུ་རུང་བ་དེ། དེའི་མཚན་ཉིད་འཇོག་ཀྱང་། འདིར་ནི། སེམས་སེམས་འབྱུང་ལྡན་མིན་འདུ་བྱེད་མ་ཡིན་པའི་དངོས་པོ་དེ། གཟུགས་སུ་རུང་བའི་གཟུགས་ཀྱི་མཚན་ཉིད་ལྟ་བུར་བཞག་པ་སྟེ། གཟུགས་སུ་རུང་བའི་གཟུགས། རང་ཉིད་མཚོན་བྱར་བཞག་ན། གཟུགས་ཡིན་ན། དབྱིབས་དང་ཁ་མདོག་གང་རུང་ཡིན་པའི་ཁྱབ་པར་འགྱུར་རོ།། ད་དུང་དཔྱད་པར་མཛོད་ཅིགུ
སྤྱིར་གཟུགས་ལ་ཡུལ་ཅན་དབང་ཤེས་དང་ཡིད་ཤེས་སོ་སོ་ལ་སྣང་བའི་གཟུགས་གཉིས་དང་། དེའི་དང་པོ་ནི། གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་བཅས་ཐོགས་རེག་ཅན་གྱི་གཟུགས་སོགས་དོན་ལྔ་དང་། གཉིས་པ་ལ་ཐོགས་བཅས་མིག་སོགས་ནང་གི་དབང་པོ་ལྔ་དང་། ཐོགས་མེད་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་བཅས་གཉིས་ཡོད།
བཀྲིས་བདེ་ལེགས།