ཀླུ་སྨྱོན།
སྒྱུ་མའི་འཇིག་རྟེན།
གཅིག
ཤར་ཕྱོགས་ཀྱི་གནམ་མཐའ་རུ་འོད་ལམ་ལམ་གྱི་ཐོ་རངས་སྐར་ཆེན་དེས་རང་གི་ཕམ་ཉེས་གང་ཞིག་ལ་མི་བཟོད་པའི་ཚུལ་དུ་འཕག་འཚག་ཡང་ཡང་རྒྱག་སྐབས། གཡག་གྲོང་ཁྱེར་གྱི་ལྷོ་མཐའི་སྲང་བར་ཞིག་ཏུ་ར་བཟི་བའི་འཁྱམ་པོ་ཚོས་སྐད་ཅོར་རྣ་བར་གཟན་པ་ཞིག་རྒྱག་བཞིན་དམར་འཛིང་གི་འགོ་བརྩམས་མ་ཐག ཉེན་རྟོག་པའི་རླངས་འཁོར་ཁྲ་ཁྲ་འགའ་ཉེན་བརྡའི་གློག་འོད་འབར་བཞིན་སྲང་སྣེ་དེ་རུ་འབྱོར་བ་ན། འཁྱམ་པོ་ཚོ་མེ་ཐོག་ཏུ་ཆུ་བླུགས་པ་དང་འདྲ་བར་དལ་འཇགས་སེར་གྱུར།
“ཨ་པའི་རོ། ཁྱི་རྒན་དེ་ཚོ་རྒྱལ་ཁྲིམས་ཀྱི་ཕྱི་རོལ་ཏུ་འཚོ་བ་ཤ་སྟག་རེད།” ཉེན་རྟོག་པའི་དཔོན་པོ་དེས་གཡག་རྟགས་ཅན་གྱི་ལྕགས་སྒྲོག་ཁྲ་སིལ་སིལ་ཞིག་ལྭ་རིང་ལྗང་ནག་དེའི་ཁུག་མའི་ནང་ཕྱིར་བཅུག་སོང་།
“དཔོན་པོ་ལགས། ཇག་པ་དེ་ཚོར་དགོས་པ་ནི་བུད་མེད་དང་ཝུ་ཆང་རེད་ཡ།” ཁ་སྤུ་ནག་སོབ་སོབ་ཅན་དེས་ལྡེ་མིག་ཅིག་བླངས་ནས་རླངས་འཁོར་གྱི་གློག་སྒོ་ཕྱེས། ཞོགས་རླུང་གྲང་ཤུར་ཤུར་ཞིག་གི་ཁྲོད་དུ་སྣུམ་ནག་གི་ལམ་གཞུང་ནས་གསེར་མདོག་གི་སྟོན་ལོ་འགའ་ག་ལེར་མཁའ་དབྱིངས་སུ་འཕུར། གནའ་བོའི་གྲོང་ཁྱེར་འདིའི་གད་སྙིགས་བཞིན་འཛད་མཐའ་མེད་པ་ནི་འཁྱམ་པོ་དེ་ཚོ་རེད། ཕ་ཡུལ་དང་རྒྱང་ཐག་རིང་བའི་འཁྱམ་པོ་དེ་ཚོའི་གྲས་སུ་ལག་ཁྱེར་མཐོན་པོ་ཁུར་བའི་སྒྱུ་རྩལ་པ་དང་སློང་མོ་བའི་དབྱེ་བ་མེད་པར་རང་རང་གི་ཉིན་རའི་འཚོ་བ་འཁྱོལ་ཐབས་བྱེད་བཞིན་ཡོད་པ་ལས། སུ་ཞིག་གིས་གནའ་བོའི་རོལ་ཆ་དཀྲོལ་བའམ་སྐད་ཡིག་གཞན་ཞིག་བེད་སྤྱོད་བྱས་ཚེ། རྐང་ལག་མྱུར་བའི་འཁྱམ་པོ་ཚོས་ཁོའི་མིད་པར་རྩམ་ཐང་མི་འགྲོ་བ་ཞིག་བཟོས་པ་ཉུང་ཉུང་མིན།
“ཡ་ཤོག་ཤོག ཤ་ཟོ་ཆང་ཐུངས། སྤུན་ཟླ་ཚོས་དེ་རིང་མཉམ་འཛོམས་མཐའ་མ་འདི་ལ་དྲན་ཤིང་ཟབ་མོ་རེ་ཞོག” ངས་ལག་ནང་གི་ཝུ་ཆང་ཤེལ་དཀར་གང་དེ་མཐོ་རུ་བཏེགས། གྲོགས་པོ་ཚོས་ཀྱང་དེ་བཞིན་བྱས། ངས་མིག་མཐའ་བརླན་པའི་གཤེར་ཁུ་དེ་ཕྱིས་ནས་གཡས་གཡོན་ལ་ཐེངས་ཤིག་བལྟས་པ་ན། གྲོགས་པོ་ཚོས་ཝུ་ཆང་དང་མིག་ཆུའི་བྲོ་བ་མཉམ་དུ་མྱོང་བཞིན་པ་འདྲ།
“ཡ་དགེ་ཆོས། སང་ཉིན་གྱི་ཆེད་དུ་མཆོད་ཆང་འདི་གཙང་བཞེས་གནང་རོགས། ངའི་རེ་བ་ཡིན།” སྤེན་ནོར་གྱི་ཨུ་ཚུགས་ངས་ལོས་ཤེས། རྔམ་འཐུང་གཅིག་གིས་ཁོའི་རེ་བ་རྫོགས་ཤིང་། དེར་མཐུད་ནས་ཟླ་སྒྲོན་དང་བཀྲ་ཤིས། ཤེར་བསྟན་སོགས་ཀྱི་རེ་བ་ཡང་སྒོག་སྒོག་ཏུ་མིད་དགོས་བྱུང་། སྐར་ཚོགས་མཁའ་མཐའ་ནས་མངོན་དུས་གཡག་གྲོང་ཁྱེར་གྱི་གློག་བཞུ་སྤར། ང་ཚོས་ཝུ་ཆང་གི་དམ་བི་སྟོང་བ་ཡོད་ཚད་སྲང་བར་གྱི་མུན་ཁྲོད་དུ་གཡུགས།
“ཨ་ཡོ་ཡོ། ངའི་སྙིང་གར་གཞུས་སོང་།”སྤེན་ནོར་གྱིས་གློག་སྒྲོན་གྱི་འོད་གཡོན་སུ་གཏད། རྩིག་ཁུག་དེར་ལྭ་བ་རལ་ནས་བལྟ་མི་བཟོད་པའི་སྤྲང་བོ་ཞིག་ཁ་སྦུབ་ཏུ་འགྱེལ་འདུག ངའི་མིག་ལམ་རབ་རིབ་ཏུ་གྱུར་ཅིང་ཁྲག་རྩ་གྲང་མོ་ཆགས། “སྤུན་ཟླ། དགོངས་དག ང་ཚོའི་ལས་དབང་འདི་འདྲརེད།” སྤེན་ནོར་གྱིས་དབུགས་རིང་ཞིག་ཕྱུང་སྟེ་ལས་ཕྱིས་དཀར་པོ་ཞིག་མི་དེའི་བྲང་ཁར་གླན། ཟླ་སྒྲོན་གྱིས་ངུ་སྔངས་བྱེད་ཞོར་སྤེན་ནོར་གྱི་འགྲམ་དུ་པུས་མོ་སར་བཙུགས་ནས་ཡུད་ཙམ་བསྡད། ངས་སྤྲང་པོ་དེ་སྨན་ཁང་དུ་བསྐྱལ་ན་བསམས་ཀྱང་སྤྲས་བོས་སྤྲང་བོ་སྨན་ཁང་དུ་ཇི་ལྟར་སྐྱེལ། སྐབས་དེར་སྤྲང་བོ་དེས་ཧ་ཅང་སྐྱོ་བའི་ངག་གིས། “གྲོགས་པོ་ཚོ། སྨན་ཁང་ནི་ང་ལ་མཚོན་ན་དམྱལ་བའི་ལག་ཁྱེར་སྤྲོད་ས་ཞིག་ནས་བདེ་སྐྱིད་ཀྱི་ལམ་སྣེ་ཞིག་ཏུ་བསམ་མ་ཕོད། སྐྱུར་རོགས། ང་འདི་ལྟར”་་་་་་་་་་་་
ཅི་ཡང་མེད་པའི་ང་ཚོས་ཅི་ཡང་མི་འདོད་པའི་ཁོ་རང་འདི་ལྟར་བཞག་པ་ཡིན། འཆི་བདག་གི་ལག་བར་ནས། སུ་ཞིག་ཕམ་ན་ཆད་པ་ཡོད”མཛུབ་རྩེད་ལ་མགོ་འཁོར་བའི་གྲོགས་པོ་ཚོ་རེ་རེ་བཞིན་བཟི་ནས་ས་རུ་འགྱེལ། ཅོག་ཙེ་སྟེང་དུ་ཟས་ལྷག་དང་དམ་བིས་ཁེངས་ཤིང་། རྩིག་ཟུར་གྱི་ཕྱགས་མ་ཟད་པོ་དེའི་འགྲམ་དུ་ཐ་མག་གི་འཐེན་འཕྲོ་བརྒྱ་ཕྲག་ཅིག་གང་སར་འཐོར་འདུག
གྲོགས་པོ་ཚོ་རེ་རེ་བཞིན་ཆད་པ་རེག་ནས་གཡུལ་སར་ཤི་བའི་དམག་མི་དང་འདྲ། ཆུ་ཚོད་བཅུ་གཉིས་ཀྱི་སྟེང་ང་ཚོ་གཡག་གྲོང་ཁྱེར་དང་ཁ་འབྲལ་དགོས་པས་ང་ལ་རང་དབང་མེད་པར་སེམས་ཁྲལ་ཞིག་སྐྱེས་བྱུང་། དེ་དུས་ཀྱི་འགྲུལ་བཞུད་དེ་ང་དང་ངའི་གྲོགས་པོ་ཡོད་ཚད་ཀྱི་ལས་སྐལ་དང་འབྲེལ་བ་ཞིག་ཡིན་མོད། དེ་རིང་ནི་ང་གཅིག་པུ་མར་ནང་ནས་སྤུ་བཏོན་པ་ལྟར་ཁེར་རྐྱང་དུ་རྒྱང་རིང་གི་སོ་ཕག་བཟོ་གྲྭ་ཞིག་ཏུ་འགྲོ་དགོས་པས། གྲོགས་པོ་ཚོས་ང་ལ་བཅངས་པའི་ལྷག་བསམ་ནི་གངས་རིའི་དུམ་བུ་བཞིན་དུ་དཀར་ཞིང་གཙང་བ་ཞིག་ཡིན་པ་ངས་གཞི་ནས་རྟོགས་ཐུབ་སོང་། ཞོགས་ཇ་འཐུངས་ནས་ཡུན་རིང་མ་འགོང་བར་ངའི་རྡོག་ཁྲེས་ཆུང་ངུ་དེ་ཐལ་མདོག་གི་རླངས་འཁོར་ཞིག་ཏུ་བཞག་རྗེས་གྲོགས་པོ་ཚོ་ཡང་སྐྱོ་གདུང་གི་ནང་དུ་ལྷུང་། ངས་རང་གི་སེམས་ལ་འཁྱིལ་བའི་སྡུག་བསྔལ་དེ་མར་མནན་ནས་གང་ཞིག་དྲན་པ་ལྟར།
“ཡ་བདེ་མོ་བྱོས། རྗེས་སུ་ཡི་གེ་སྐུར།”
“ཡ་བདེ་མོ་བྱོས། རྗེས་སུ་ཡི་གེ་སྐུར།”
སྐྱ་ཐག་གེར་རྒྱང་རིང་དུ་བསྲིངས་པའི་ལམ་ཕྲན་དེའི་གཡས་གཡོན་དུ་གནའ་བོའི་བཙན་རྫོང་མང་པོའི་རྩིག་པ་འགྱེལ་འཕྲོ་དང་ཉི་འོད་ཕོག་ཕྱོགས་ཀྱིས་འོད་འཚེར་རེར་སྣང་བའི་གྲི་མདུང་ཟད་པོ། ད་དུང་རྒྱང་རིང་ན་འཇག་སྐྱས་གཡོགས་པའི་མི་རབས་དུ་མའི་དུར་ས་སྣ་ཚོགས། ཁོར་ཡུག་འདིའི་རྒྱབ་ལྗོངས་ན་གབ་པའི་དམག་འཁྲུག་གི་མེ་ལྕེ་དང་དཔའ་རྒོད་ཚོའི་སྤོབས་སེམས་དྲག་པོ།
ངས་ཡོད་ཚད་ལ་རྒྱང་མཇལ་རེ་བྱེད་བཞིན་རང་གི་གཏན་དུ་ཕྱིར་མི་ལོག་པའི་ཨ་མེས་ཡང་མེས་ཚོ་དྲན་བྱུང་།
བཙོན་མཁར་དེ་གཡག་གྲོང་ཁྱེར་དང་ཧ་ཅང་རྒྱང་ཐག་རིང་བའི་གླང་ཆེན་རྫ་རིའི་འདབས་སུ་ཆགས་འདུག་ལ། བཙོན་མཁར་གྱི་ལྷོ་ཕྱོགས་སུ་མང་ཆུ་སྔོན་མོ་དྲག་ཏུ་འཕྱོ།
བཙོན་པ་ཚོའི་གདོང་མདོག་ནི་ལྕི་བའི་ཁ་དོག་དང་མཚུངས་ཤིང་། མང་ཆེ་བས་རྐང་ལྕགས་ལག་ལྕགས་དྲུད་ནས་ཉི་འོད་ཀྱི་ཚ་གདུག་ཁྲོད་ལུས་ཡོངས་ནས་རྔུལ་ནག་བཞུར་བཞིན་སོ་ཕག་དབོར་ཚུར་འདྲེན་གྱི་ངལ་རྩོལ་ལ་བྲེལ་བཞིན་འདུག ངས་བཙོན་ལྭ་ཐལ་མདོག་ཆ་གཅིག་དང་ལྕགས་ཕོར་དེ་ཁྱེར་ནས་ཁང་མིག་ཨང་༩༩༩པའི་ནང་འཛུལ་བ་ན། རྩིག་པའི་གྲུ་ཟུར་གསུམ་དུ་མལ་ཁྲི་གསུམ་དང་ལྕགས་ཕོར་གསུམ་གོ་རིམ་བཞིན་བསྒྲིགས་འདུག་ཅིང་། རྩིག་ཟུར་བཞི་པ་དེར་མལ་ཁྲི་སྟོང་བ་ཞིག་བཞག་འདུག་པ་ན་ང་ལ་དབང་རྒྱུ་རེད། ངས་རས་གདན་རྙིང་ཧྲུལ་དེ་མལ་ཁྲིའི་སྟེང་དུ་བཏིངས་རྗེས་བཙོན་ལྭ་ཆ་ཚང་བ་དེ་གྱོན་ནས་དལ་བུར་སྒོར་བུད། འཁྱོལ་དཀའ་བའི་ཉིན་ཞག་གི་ཕྲེང་བ་རིམ་གྱིས་འདས་ཤིང་། ངའི་བཙོན་གྲོགས་མང་པོ་ཞིག་རང་རང་གི་ཕ་ཡུལ་དུ་ལོག་མོད། ང་ནི་དཀར་འདོན་བྱེད་མཁན་མེད་པར་སྐྱོ་ལྷང་ལྷང་གི་ལོ་ཟླ་དུ་མ་འདི་ནས་སྐྱེལ་དགོས་བྱུང་།
“ཝེ། དགེ་ཆོས་ཟེར་བ་དེ་ཁྱོད་ཡིན་ནམ།”ཡིག་སྐྱེལ་པ་རྐང་གྱོལ་དེས་ངའི་མལ་ཁང་གི་སྒེའུ་ཁུང་ཁར་འགྲེངས་ནས་གདོང་བ་ནག་སོབ་སོབ་ཅིག་སྟོན་དེ་སྐད་ཟེར།
“ལགས་ཡིན།”
“ཁྱོད་ལ་ཡི་གེ་ཞིག་འདུག”
ངས་ཡིག་ཐེལ་ལ་ལྟ་ཙམ་བྱས་པ་ན། གཡག་གྲོང་ཁྱེར་གྱི་སྦྲག་སྲིད་ཨང་རྟགས་དེ་ངའི་མིག་ལམ་དུ་ཐོག་མར་མངོན་བྱུང་། རྒྱབ་ཕྱོགས་ཀྱི་ཀུ་རེའི་ཚིག་ཕྲེང་དེ་ཚོར་བལྟས་ནས་འཕྲིན་ཡིག་དེ་ངའི་གྲོགས་པོ་མིག་གཅིག་གིས་བསྐུར་བ་ཤེས་མ་ཐག ངའི་ཡིད་ལ་ཐོ་ཚོམ་གྱི་དྲ་རྒྱ་ཆེན་པོ་ཞིག་བཀྲམ་བྱུང་ལ། ཡིག་སྐོགས་ཀྱི་ནང་ནས་ཤོག་བུ་ལེབ་མོ་དེ་ལག་ཏུ་བླངས་པ་ན། གློག་པར་བརྒྱབ་པའི་ཡིག་འབྲུ་འགའ་མིག་ལམ་དུ་ཤར་མར་འཕྱོ།
“དགེ་ཆོས་ལགས། སྒྲོལ་མ་དཀར་མོ་ལྐོག་གསོད་གཏོང་མཁན་ནི་ཇག་དཔོན་མིག་ནག་རེད། དེ་རིང་སྔ་དྲོར་ཁོ་ལ་སྲོག་ཆད་བཅད། ཁྱོད་ཀྱི་གནས་ཚུལ་ད་ལྟ་གཡག་གྲོང་ཁྱེར་གྱི་མི་ཚང་མས་སེམས་ཁྲལ་བྱ་ཡུལ་དུ་གྱུར་ཡོད། མིག་གཅིག་ནས་གཟའ་ཉི་མའི་ཕྱི་དྲོར་ཕུལ།”
ཁྲིམས་རྩོད་ཁང་གི་ཐག་གཅོད་དེ་དྲན་ཐེངས་རེར་ངའི་སྙིང་དམར་པོའི་སྟེང་དུ་ཆུ་འཁྱག་ཕོར་བ་གང་བཤོས་པ་དང་འདྲ་བར་ཁྲག་རྩ་ཡོད་ཚད་གྲང་མོར་འགྱུར་འགྲོ་བ་འདིའི་ཡོད་ཚད་ཀྱི་རྩ་བ་སྒྲོལ་མ་དཀར་མོར་ཐུག་ཡོད། ཁོ་མོས་རང་ཤི་བརྒྱབ་པའི་གསར་འགྱུར་དེ་སྤེལ་མཁན་ནི་གཡག་གྲོང་ཁྱེར་གྱི་སྙན་ངག་པ་སྐད་གྲགས་ཅན་མིག་གཅིག་ཡིན་མོད། ང་ནི་ཉེས་པ་སྤུ་ཙམ་མེད་པར་མི་གསོད་ཉེས་ཅན་གྱི་མིང་ངན་ཞིག་ཐོགས་ཏེ་དེ་རིང་གི་སྡུག་བསྔལ་འདི་མགོ་ཐོག་ཏུ་ལྷུང་སོང་།
ཞོགས་པ་དེར། ངས་རང་གི་ངོ་གདོང་ལ་ཆུ་འཁྱག་སྙིམ་པ་འགའ་གཏོར་ནས་ཁྲུས་ཀྱི་ཆོ་ག་གྲུབ་རྗེས་འོ་ཇ་ཟངས་དེམ་གང་བསྐོལ་ཏེ་རྩམ་པ་ཞིག་རྫི་རྩིས་བྱེད་སྐབས། ལུས་ལ་དགུན་སླག་དང་མགོ་རུ་ཝ་ཞྭ་གྱོན་པའི་ཉེན་རྟོག་པ་འགའ་ཤ་ཁྱིས་དྲི་མ་ཚོར་བ་དང་འདྲ་བར་ངའི་མལ་ཁང་གི་སྒོ་ཡང་མ་བརྡུངས་པར་ནང་དུ་འཛུལ་ཡོང་ནས་རྒྱབ་ཤ་དམར་པོ་ཅན་གྱི་ཞིབ་བཤེར་དཔང་ཡིག་ཅིག་ངའི་མདུན་དུ་གཡུགས་རྗེས་ཅི་ཡང་མི་སྨྲ་བར་རང་རང་གི་རུམ་ནས་ཤིང་ཕོར་དངུལ་ཤན་ཅན་སྣུམ་སྟུག་མ་རེ་བླངས་ནས་ངའི་ཟངས་དེམ་ནང་གི་འོ་ཇ་བླུགས་ཏེ་འཐུང་ཞོར་ངའི་རྣམ་འགྱུར་ལ་བལྟས་ནས་ཡུད་ཙམ་བསྡད་སོང་། ངས་དཔར་ཡིག་དེའི་ཁ་ཕྱེ་བ་ན་འདི་ལྟར་བྲིས་འདུག
“ལུགས་གཉིས་ཆོས་ཀྱི་བདག་པོ་ཆོས་རྒྱལ་གྱི་བཀའ་ལུང་།
གཡག་གྲོང་ཁྱེར་གྱི་སེང་འཚོལ་སྲང་ལམ་སྒོ་རྟགས་༤༣༢༡ནང་སྡོད་མཁན་རུས་ལྡོང་ཡིན་པ་ལས་བྱེད་དཀྱུས་མ་དགེ་ཆོས་ཀྱིས་ལོ་ན་ཉེར་ལྔར་སོན་པའི་མཛེས་མ་གྲགས་ཅན་སྒྲོལ་མ་དཀར་མོ་ལྐོག་གསོད་བཏང་བའི་གྱོད་དོན་གཞིར་བཟུང་གིས། འདི་ཟླའི་ཚེས་༡༥ལ་ཁོ་རང་འཛིན་བཟུང་གིས་འདྲི་རྟོག་བྱ་རྒྱུ་ཡིན། བོད་ཤིང་ཕག་ས་ག་ཟླ་བའི་ཚེས་༡༤ལ།”
ཉེན་རྟོག་པ་ཚོས་འོ་ཇ་འཐུངས་ནས་ངོམས་པ་འདྲ། ཁོ་ཚོའི་གདོང་ལ་འཛུམ་མདངས་དཔོག་དཀའ་བ་རེ་བསྡུས་ནས་ངའི་ལག་མགོར་ཁྲ་སིལ་སིལ་གྱི་ལྕགས་སྒྲོག་ཅིག་བརྒྱབ་རྗེས་ཁང་པའི་ནང་གི་ཅ་ལག་གསར་པ་འགའི་སྟེང་དུ་ཐེལ་ཙེ་དམར་པོ་ཞིག་གིས་རྟགས་མཚན་ཧ་མི་གོ་རེ་དཔར་ནས་ཐེངས་འདིའི་བྱ་བ་བདེ་བླག་ངང་འགྲུབ་པར་རྟེན་འབྲེལ་ཞུ་ཆེད་དུ་དྭངས་གཙང་རྟགས་ཅན་གྱི་ཐ་མག་རྐང་རེ་རྔུབ་འཐེན་བྱས།
ཉིན་འགའི་འདྲི་རྟོག་གི་འཕེལ་རིམ་ཁྲོད་ང་ནི་ནག་ཉེས་ནམ་་མཁར་མི་ཤོངས་པའི་ཉེས་ཅན་ཏེ། ངའི་གྲོགས་པོ་མིག་གཅིག་གི་མཛའ་མོ་སྒྲོལ་མ་དཀར་མོ་གསོད་མཁན་གྱི་ལག་དམར་བཀྲུས་ནས་མི་དག་པ་ཞིག་ཏུ་ངོས་འཛིན་བྱས་མོད། ངའི་དམིགས་ཡུལ་ངོ་མ་དེ་སུས་ཀྱང་ཧ་མི་གོ་བས་རྡོ་མཁར་གྲོང་བརྡལ་དུ་ལོ་ཉི་ཤུའི་རིང་ངལ་རྩོམ་སྡིག་སྦྱོང་དུ་མངགས།
དོན་འདི་མིག་གཅིག་ལ་མཚོན་ན་ཧ་ལས་དགོས་པ་ཞིག་ཡིན་མོད། ང་ལ་མཚོན་ན་དེ་ལྟར་མིན། རང་གི་ཁྱིམ་རྒྱུད་དང་དོ་མི་མཉམ་་པའི་སྙན་གྲགས་དེས་སྒྲོལ་མ་དཀར་མོ་ངས་མ་བསད་ན་ཡང་གཡག་གྲོང་ཁྱེར་གྱི་འཁྱམ་པོ་གང་ཞིག་གིས་ཁྲག་བཞུར་དོན་རྐྱེན་ལ་འཇིགས་སྣང་བྱེད་མི་སྲིད་པ་ཞིག་རེད། འདིར་གསལ་བཤད་བྱ་དགོས་པ་ཞིག་ལ། སྒྲོལ་མ་དཀར་མོའི་ལུས་སྟེང་དུ་ཁོ་མོའི་ཕ་རྒན་གྱིས་ཀྱང་མི་ཤེས་པའི་གསང་བ་ཞིག་ཡོད།
ལོ་དེར་ང་ཡང་གཡག་ཤི་སྲང་ལམ་གྱི་ནུབ་ཕྱོགས་སུ་ཡོད་པའི་བུད་མེད་རྩ་དཔྱད་སྨན་ཁང་གི་Xགློག་རྡུལ་ལྟ་ཞིབ་པ་ཡིན། ཉིན་ཞིག་གི་ཉི་མ་ནུབ་ཁར། སྒྲོལ་མ་དཀར་མོ་དང་ངའི་དྲུང་ཡིག་ཕྱི་གླིང་གི་གཞོན་ནུ་མ་ཅིས་ལི་གཉིས་ངའི་ལྟ་ཞིབ་ཁང་དུ་འཛུལ་བྱུང་། དྲུང་ཡིག་མས་སྒྲོལ་མ་དཀར་མོའི་ལག་གི་བརྟག་དཔྱད་ཟིན་ཐོ་དེ་ངའི་མདུན་ཅོག་སྒང་དུ་བཞག་རྗེས་ལི་ཤིའི་མེ་ཏོག་གི་དྲི་བསུང་འཐུལ་བའི་མཆུ་སྒྲོས་ཆུང་ཆུང་དེའི་ནང་ནས། “སློབ་དཔོན་དགེ་ཆོས་ལགས། བུད་མེད་རྩ་དཔྱོད་ཁང་གི་ཐོག་མའི་ཞིབ་དཔྱོད་པའི་སྡོམ་ཚིག་ལྟར་ན། ད་རེས་ཀྱི་ནད་པ་འདིའི་སྙིང་རྩ་ཞིག་གི་ནང་དུ་ང་ཚོའི་ཐོག་མའི་དཔྱད་ཆས་ཀྱི་ཡུལ་ལས་འདས་པའི་འོད་ཟེར་ཞིག་འཕྲོ་བཞིན་འདུག་པས། ཁྱེད་ཀྱིས་གློག་རྡུལ་ལྟ་ཞིབ་ཀྱི་འགའ་སྒོ་ལས་ཐར་དུ་འཇུག་མི་རུང་།” ངས་དྲུང་ཡིག་མར་མགྱོགས་མྱུར་སྒོར་འགྲོ་དགོས་པའི་གསང་བརྡ་སྟེ། གློ་ལུ་དྲག་པོ་ཞིག་བསྟུད་མར་བརྒྱབ་པ་ཡིན། སྒྲོལ་མ་དཀར་མོས་ཅི་ཡང་ཚོར་མ་བྱུང་། དྲུང་ཡིག་མ་ཕྱི་ལོགས་སུ་ཐོན་ཞིང་ངའི་སྙིང་གི་འཕར་སྒྲ་ཡང་མདུན་གྱི་ནད་པ་འདིས་ཐོས་པའི་ཚད་དུ་སླེབས། ངས་ནད་པ་འདིའི་སྟོད་གོས་ཀྱི་སྒྲོག་གུ་བཀྲོལ། སྒྲོག་གུ་རེ་རེ་འཇིག་རྟེན་གྱི་གསང་བ་རེ་རེ་བཞིན། སེམས་པ་བདེ་ཆོག་པ་ཞིག་ལ་ནད་པ་འདིའི་གདོང་མདོག་ཅུང་ཟད་ཀྱང་འགྱུར་མ་སོང་།
ངས་གློག་རྡུལ་ལྟ་ཞིབ་ཡོ་ཆས་རེ་རེ་བཞིན་སྒྲོལ་མ་དཀར་མོའི་དཔུང་བ་དང་སོག་འདབས། ད་དུང་དཀར་ཟླུམ་གྱི་ནུ་འབར་ཟུང་གི་སྟེང་དུ་ཡང་ཡང་དྲུད། ངའི་མིག་ལམ་ནས་མེ་སྟག་མཆེད་ཅིང་རྣ་ལམ་དུ་སྒྱོགས་སྒྲ་ལྡིར། ལྟ་ཞིབ་ཡོ་ཆས་ཁོ་མོའི་བྲང་གཞུང་ནས་ཐུར་དུ་འདྲུད་སྐབས་ངས་སྐྱེས་པ་ཚོའི་ཧམ་སེམས་དང་དུར་ས་རེ་རེ་བཞིན་རྒྱང་རིང་ནས་མཐོང་ཞིང་། སྐབས་དེར་འཇིག་རྟེན་འདིར་གཡོ་འགུལ་གཏོང་ནུས་པའི་སྣང་ཚུལ་ཞིག་སྟེ། གློག་རྡུལ་ལྟ་ཞིག་ཡོལ་བའི་ངོས་སུ་ཁ་གཏད་དུ་ཡོད་པའི་གནའ་བོའི་བཙན་རྫོང་གཉིས་ཀྱི་བར་དྭངས་གཙང་གི་ཆུ་ཕྲན་ཞིག་སྔོ་ཤག་ཤག་རྒྱང་རིང་གི་ཡུལ་གྲུ་ཞིག་ཏུ་བཞུར་བའི་སྣང་བརྙན་ཞིག་ཤར་བྱུང་། སང་རང་གི་དཔྲལ་བ་ནས་ཐུར་དུ་བཞུར་ཡོང་བའི་རྔུལ་ཆུ་འབྱིད་བཞིན་ལྟ་ཞིབ་ཡོ་ཆས་མུ་མཐུད་ཐུར་དུ་དྲུད། ཆུ་ཕྲན་དེའི་འགྲམ་དུ་སྐྱ་ཐེག་གེར་ཡོད་པའི་ལམ་ཕྲན་ཞིག་འདུག་ཅིང་། དེའི་སྟེང་ན་གྱོན་གོས་ཧྲུལ་བོ་གྱོན་པའི་སྐྱེས་པ་ཞིག་ཚུར་འོང་བཞིན་འདུག དེ་ཐག་ཉེ་སར་སླེབས་པ་ན་ཁོའི་ངོ་གདོང་དེ་ཧ་ཅང་རྒྱུས་ཡོད་ཅིག་ཏུ་སྣང་། མ་གཞི་ངའི་གྲོགས་པོ་སྟེ། མིག་གཅིག་རེད། ངས་ལྟ་ཞིབ་ཡོ་ཆས་དེ་གྱེན་དུ་དྲུད་པ་ན། གློ་བུར་དུ་ཁོའི་ཁ་ཕྱིར་འཁོར་ནས་སྔོན་ཆད་ཡོང་སའི་ལམ་དུ་བུད་སོང་། ལྟ་ཞིབ་ཡོ་ཆས་སྒྲོལ་མ་དཀར་མོའི་མྱོས་བུམ་གཡས་པའི་སྟེང་དུ་སླེབས་པ་ན། མིག་གཅིག་གཡས་ཕྱོགས་ཀྱི་གནའ་བོའི་བཙན་རྫོང་དེའི་ནང་དུ་འཛུལ་སོང་། ངས་ཁོ་ལ་རྩེད་མོ་ཞིག་བརྩེས་པ་ཡིན། ལྟ་ཞིབ་ཡོ་ཆས་འདྲུད་ཐེངས་གཅིག་གིས་སྒྲོལ་མ་དཀར་མོའི་ལྟེ་བའི་འོག་ཏུ་ཐོན་པ་ན། མིག་གཅིག་བཙན་རྫོང་དེའི་ཕྱི་ལོགས་སུ་ཐོན་ནས་དབུགས་ཐེངས་གཅིག་གིས་ཆུ་འགྲམ་གྱི་ལམ་ཕྲན་དེའི་སྣེ་མོར་སླེབས་ཏེ་མེ་ཏོག་སྐྱེད་ཚལ་ཞིག་ཏུ་འགྱེལ། སྒྲོལ་མ་དཀར་མོས་མིག་གཅིག་ཟུམ་ཞིང་གཅིག་གིས་ངའི་གདོང་ལ་བལྟས་འདུག
“མིག་གཅིག”ངས་སྨྲས
“མིག་གཅིག”ཁོ་མོས་སྨྲས།
ལྟ་ཞིབ་དེའི་མཇུག་རྫོགས་ནས་ང་དང་སྒྲོལ་མ་དཀར་མོ་ངོ་ཤེས་སུ་གྱུར། ཁོ་མོའི་ཕ་རྒན་ནི་མི་སེམས་ཆུང་ཞིག་ཡིན་སྟབས་ཟླ་བ་གསུམ་གྱི་རིང་ལ་མོ་རང་ཕྱི་ལོགས་སུ་འགྲོ་རུ་མ་བཅུག ཁོ་མོས་མིག་ཆུ་དམ་བི་གང་སྦྲག་ཁང་བརྒྱུད་ནས་ང་ལ་བསྐུར། ངས་དེ་བེད་སྤྱད་ནས་ཉིན་དེར་བརྒྱབ་པའི་འདྲ་པར་ཚོན་ཁྲ་ཅན་ཆ་ཚང་ཞིག་བཀྲུས་ཏེ་<>བརྙན་པར་ཁང་ལ་བསྐུར།
<>བརྙན་པར་ཁང་གི་རྩོམ་སྒྲིག་པ་དེ་འཆི་མེད་ཟླ་བའི་ཚ་བོ་ཡིན། ཁོས་ང་ལ་རང་གི་ཕུ་བོའི་འདུ་ཤེས་འཇོག ངས་བསྐུར་པའི་སྒྲོལ་མ་དཀར་མོའི་འདྲ་པར་དེ་ཚོ་ཁོའི་ལག་ཏུ་འབྱོར་བ་ནས་བཟུང་ཟླ་བ་དགུའི་རིང་ལ་<>བརྙན་དེབ་ཀྱི་གྲགས་པ་འབར། འཆི་མེད་ཟླ་བས་ཀྱང་སེར་སྣའི་མདུད་པ་ལྷོད་དུ་བཏང་ནས་<>བརྙན་དེབ་འགའ་མངགས་ཉོ་བྱས། ཁོས་ཡི་གེ་ན་གཅིག་ཀྱང་མི་ཤེས་མོད། མཛེས་མའི་སྣང་བརྙན་ལ་དཔྱད་བསྡུར་བྱས་ཚེ་ནོ་འབེར་སྒྱུ་རྩལ་བྱ་དགའི་དངུལ་དམར་ལེན་མྱོང་མཁན་ཚོས་ཀྱང་ཁོ་ལ་མི་དོ།
འཆི་མེད་ཟླ་བས་བསྐུར་བའི་འཕྲིན་ཡིག་ཅིག་གི་ནང་སྒྲོལ་མ་དཀར་མོ་དང་རིག་མ་ལོ་ཆུང་དེ་གཉིས་སྤུན་མཆེད་རེད་ཅེས་བྲིས་འདུག ངས་ཁོའི་ཧམ་སེམས་ལ་རྒྱབ་སྐྱོར་གང་ཡང་བྱས་མེད། ཁོ་ནི་གྲུབ་ཆེན་གྱི་གྲལ་མགོ་རུ་ཡོད་པས་བུ་མོ་གཅིག་ཕར་ཞོག་སྣང་སྲིད་ཧྲིལ་བོ་ཨ་རག་འཐུང་འཐུང་བྱེད་ཐུབ་པ་ཞིག་རེད། ཁོས་སྒྲོལ་མ་དཀར་མོའི་ཕྱོགས་སུ་དམིགས་ཡུལ་ཅི་ཞིག་བཟུང་ཡོད་མེད་ཁོའི་ཚ་བོ་གླེན་པ་དེས་ཧ་ཅང་གསལ་བོ་ཤེས་འདུག་ཅིང་། ཁོའི་ལག་ཏུ་<>བརྙན་དེབ་འབྱོར་མ་ཐག་ལམ་སེང་ཡི་གེ་བསྐུར་ནས་སྒྲོལ་མདཀར་མོའི་སྡོད་གནས་དང་ཁྱིམ་རྒྱུད། ད་དུང་ཁོ་མོའི་འདྲ་པར་མཁོ་སྤྲོད་བྱེད་མཁན་བཅས་རྩད་གཅོད་རབ་དང་རིམ་པ་བྱས་རྗེས། སྒྲོལ་མ་དཀར་མོའི་ཕ་རྒན་ལ་ཁ་པར་བཏང་ནས་རྣམ་ཤེས་ཀུན་བསྡུ་གླིང་གི་མཁན་རབས་དགུ་བཅུ་གོ་དགུ་བ་དེ་ངོ་སྤྲོད་བྱས་ཤིང་དེར་མཐུད་ནས་<>བརྙན་དེབ་ཀྱི་རྩོམ་སྒྲིག་པ་དེར་རང་གི་ཚ་བོ་ཡིན་ལུགས་ཀྱང་མཚམས་སྦྱོར་བྱས། ངོ་མ་མིའི་ཧམ་སེམས་འདི་ནི་ཁུག་མ་ཞབས་བརྡོལ་ཞིག་དང་འདྲ་བར་འདུག སྒྲོལ་མ་དཀར་མོའི་ཕ་རྒན་གྱིས་འཆི་མེད་ཟླ་བའི་ཁ་པར་ལ་ཉན་རྗེས་རང་གི་ཁྱིམ་རྒྱུད་དང་སྙན་གྲགས། ད་དུང་མིའི་འབྲེལ་ལམ་སོགས་ལ་ཧ་ཅང་མཆོག་འཛིན་གྱི་འདུ་ཤེས་ཤིག་སེམས་གཏིང་ནས་གྱེན་དུ་འཕྱུར་ཡོང་། ཁོས་ཡུད་ཙམ་རིང་བསམ་བློ་བཏང་ནས་སྒྲོལ་མ་དཀར་མོ་འགྲམ་དུ་བོས་ཏེ་ཁོ་མོའི་ཨ་མ་གཤེགས་པ་ནས་བཟུང་ཁོ་མོ་གཉོེར་སྐྱོང་གི་ལོ་ཟླའི་ཁྲོད་དུ་ཁོས་མྱངས་ཟིན་པའི་དཀའ་སྤྱད་དེ་དག་བསྐྱར་ཟློས་ཐེངས་ཤིག་བྱས་ཤིང་། དེ་རྗེས་འཆི་མེད་ཟླ་བའི་ཡོན་ཏན་ལ་སྒྲོ་འདོགས་གང་མང་ཞིག་བྱས་ཏེ་གྲུབ་ཆེན་ཁོང་དང་འདྲ་བ་ཞིག་ཁྱི་སྨྱོན་རྩྭ་ཐང་ནས་གསེར་གྱི་བཞུ་མར་ཁྱེར་ནས་བཙལ་ཡང་མི་རྙེད་ཚུལ་བཤད་དེ་སྒྲོལ་མ་དཀར་མོའི་རྣམ་འགྱུར་ལ་རྟོག་དཔྱོད་བྱས་པ་ན། སྒྲོལ་མ་དཀར་མོས་རང་གི་ཕ་རྒན་གྱི་འདོད་བློ་གང་ཡིན་ཧ་གོ་ན་ཡང་ཅི་ཡང་མི་ཤེས་པའི་ཚུལ་དུ། “ཨ་ཕ་ལགས། གྲུབ་ཆེན་འཆི་མེད་ཟླ་བ་ཚང་གི་རིག་མ་ནི་ངའི་སྤུན་མཆེད་ཡིན་པས། ཁོང་གིས་གཉེན་ཉེའི་འབྲེལ་བ་ལ་ཧ་ཅང་གཙིགས་ཆེན་གནང་བ་འདི་ངེད་ཚང་གི་ལ་རྒྱ་ཞིག་ཡིན་ན་ཐང་། འོན་ཀྱང་ངས་ཁོང་གི་མཛད་པ་འགའ་རེ་སྐྱོན་དུ་མཐོང་གི་འདུག ཁྱེད་ཀྱིས་བལྟས་ན་་་་་་་་”
ཁོ་མོའི་ཕ་རྒན་གྱི་གདོང་ལ་འཛུམ་ཞིག་ལངས་ནས་ཙན་དན་ནག་པོའི་ཕྲེང་བ་གཡུ་ཡི་མདོ་འཛིན་ཅན་དེ་རང་གི་སྐེ་ནས་མར་བླངས་པ་ལས་ཁོང་གི་ཁ་ཏོན་འདོན་རྒྱུའི་ཆུ་ཚོད་ཟིན་པ་རྟོགས་ཐུབ། ཁོང་སྔོན་ཆད་ཁྱི་སྨྱོན་རྩྭ་ཐང་གི་ཚོ་དཔོན་མིག་ནག་ལས་རྣམ་པར་རྒྱལ་བ་ཡང་ཁ་ཏོན་བྱིན་རླབས་ཅན་དེའི་དྲིན་ཡིན་པར་བཤད།
གཉིས།
སྒྲོལ་མ་དཀར་མོ་སྒྲུང་དེབ་ཀློག་པར་མགོ་འཁོར་ནས་ཉིན་གུང་ཡོལ་བ་ཡང་མ་ཚོར། ཕྱི་ལོགས་ནས་མི་ཞིག་གིས་སྒོ་བརྡུངས་བྱུང་། མོས་ད་གཟོད་ལག་གི་སྒྲུང་དེབ་ཕར་བཞག་ནས་རྩིག་ལྡེབས་ཀྱི་ཆུ་ཚོད་འཁོར་ལོ་ཆེན་པོ་དེར་ལྟ་ཙམ་བྱས་རྗེས་སྒོ་ཕྱེ། དེ་ནི་མགྲོན་པོ་ཆ་མེད་ཅིག་རེད། དེས་ལུས་ལ་སློག་པ་སྣུམ་སྟུག་མ་ཞིག་གྱོན་ཞིང་། རལ་བ་ནག་པོ་སྦོམ་ཕྲ་འབྲོག་ཁྱིའི་རྔ་མ་ཙམ་གྱི་སྣེ་རུ་སྐྲ་གཞུག་དམར་པོ་འདོམ་གང་ལྷག་ཡོད་པ་ཞིག་མགོརདཀྲིས་པའི་མཚམས་ཤིག་ཏུ་བ་སོའི་ཨ་ལུང་ཕོར་ཁ་ཙམ་ཡོད་ལ། རྣ་བ་གཡོན་པར་དངུལ་དཀར་གྱི་རྣ་རྒྱན་གཡུའི་ཕྲ་བཏབ་པ་ཞིག་དཔྱད་ཤིང་། རྐེད་པར་ཁམས་གྲི་སོར་ལྔ་ཡོད་པ་ཞིག་ཐུར་དུ་བསྣར་བའི་འགྲམ་དུ་མེ་ལྕགས་ཀོ་ཤུབས་ནག་པོ་ཅན་ཞིག་བཏགས་པའི་འབྲོག་པ་རྒན་པོ་ཞིག་རེད། མགྲོན་པོ་དེའི་གདོང་ནས་འཛུམ་མདངས་སྤུ་ཙམ་ཡང་མཐོང་མི་ཐུབ་ཅིང་། ཁོས་རང་གི་མདུན་གྱི་གཟུགས་པོ་ཕྲ་ལ་ལྡེམ་པའི་གཞོན་ནུ་མ་འདིའི་སྤྱི་གཙུག་ནས་རྐང་པའི་བར་དུ་ཞིབ་ལྟ་ཐེངས་ཤིག་བྱས་རྗེས། འགྲམ་པའི་ངོས་ཀྱི་རྨ་ཤུལ་རིང་བོ་དེར་ལག་པས་རེག་ཙམ་བྱས་ཏེ། “ཨོ། སྒྲོལ་བྷེ་ཡིན་ནམ། ཁྱོད་ཀྱི་ཕ་རྒན་ནང་དུ་ཨེ་ཡོད།”ཟེར་ཞོར་སྐེ་བསྲིངས་ནས་སྒྲོལ་མ་དཀར་མོའི་རྒྱབ་ཕྱོགས་ཀྱི་ཁྱིམ་ཕུག་ཏུ་སྐོར་ལྟ་ཞིབ་བྱས། སྒྲོལ་མ་དཀར་མོས་ལག་པ་གཉིས་ཕུར་ཕུར་བྱེད་བཞིན་“ཨ་ཕ་དེ་རིང་མགྲོན་པོ་ཞིག་གིས་བོས་ཏེ་ལོ་བརྒྱའི་གདུང་སེལ་ཁང་ཆང་དུ་གསོལ་སྟོན་ཞིག་གི་སྟེང་དུ་བུད་སོང་། ཨ་ཁུ་ཁྱེད་ལ་དོན་དག་འདྲ་ཡོིད་དམ།”ཞེས་འདྲི་ཞོར་དུ་ཕྱི་རོལ་ལ་ལྟ་ཙ་བྱས། “དོན་དག་གཞན་པ་མེད། ཁོ་ཕྱིར་ལོག་ན་འདི་ཁོ་ལ་སྤྲོད་རོགས།”མགྲོན་པོ་དེས་ལག་པ་རུམ་ནས་ཕྱིར་བཏོན་ཏེ་ཟངས་དམར་གྱིས་བཟོས་པའི་གའུ་ཞིག་སྒྲོལ་མ་དཀར་མོའི་ལག་ཏུ་བཞག་རྗེས་རྣ་བར་རྩུབ་པའི་རྡོག་སྒྲ་ཞིག་དང་མཉམ་དུ་ཕྱིར་ལོག་སོང་།
སྒྲོལ་མ་དཀར་མོ་ལོ་བཅུ་དྲུག་ལ་སོན་པའི་དབྱར་གཞུང་ཞིག་ལ། ཁྱི་སྨྱོན་རྩྭ་ཐང་གི་ཚོ་དཔོན་མིག་ནག་ཚང་ལ་ཁམས་ཕྱོགས་ནས་ཡིན་པའི་གྲུབ་ཐོབ་ཅིག་ཕེབས་ཏེ་ཉིན་མང་པོའི་རིང་བཀའ་ཆོས་གསུངས་ཤིང་། དེ་ལས་ངོ་མཚར་ཆེ་བ་ཞིག་ལ་གངས་ཁྲོད་དང་ནགས་ཀླུང་ནས་གཏེར་ཆོས་སྣ་ཚོགས་བཏོན་ནས་ས་འདིའི་མི་རྣམས་དད་པ་དང་ངོ་མཚར་གྱི་ཀློང་དུ་དྲངས། ཉིན་དེར་སྒྲོལ་མ་དཀར་མོ་ཡང་ཁོ་མོའི་ཕ་རྒན་གྱིས་ཁྲིད་དེ་གྲུབ་ཐོབ་དེར་མཇལ་དུ་ཕྱིན། སྒོ་རུ་བསང་གསུར་གྱི་དུད་སྤྲིན་ནམ་མཁའི་དབྱིངས་སུ་ཟུག་པའི་གུར་ཆེན་ཞིག་གི་ནང་དུ་གྲུབ་ཐོབ་དང་ཁོང་གི་རིག་མ་གཉིས་བཞུགས་ཤིང་། རི་དྭགས་ཀྱི་རྣ་བ་སྒྲ་ལ་ཆགས་པ་ལྟ་བུའི་མི་ཚོགས་ཤིག་གིས་གྲུབ་ཐོབ་ཚང་གི་བཀའ་ཆོས་ལ་ཉན་འདུག་ཅིང་། དེ་ནི་དེ་འདྲའི་སྒྲིག་ལམ་ཡོད་པ་ཞིག་དང་གོ་རིམ་ལྡན་པ་ཞིག་རེད།
“་་་་་་་་་ལོ་དེར་ངའི་བླ་མ་སྡེ་དགེ་གཏེར་སྟོན་ཚང་སྟོད་དབུས་གཙང་དུ་ཨོ་རྒྱན་ཡབ་ཡུམ་གྱི་བཀའ་བཞིན་གནས་མཇལ་དུ་ཕེབས་སྐབས། ལྷ་ས་དང་ཐག་ཉེ་བའི་འདམ་གཞུང་ལ་མ་ཕེབས་ཙམ་གྱི་ས་རུ། བསམ་གཏན་གངས་བཟང་ཟེར་བའི་གཞི་བདག་དེས་བར་ཆད་བརྩམས་ཏེ་མི་གཟུགས་རིང་གི་པུས་མོ་ནུབ་ཙམ་གྱི་ཁ་བ་ཆེན་པོ་ཞིག་བབས་པ་ན། གཏེར་སྟོན་ཚང་དང་ཁོང་གི་བུ་ཆེན་ཚོས་དགུན་གྲང་སྒང་ལ་སྐུ་ལུས་གཅེར་བུར་བུད་ནས་རས་གཟན་ཆུ་འཁྱག་ནས་སྦངས་པ་སྐུ་ལ་དཀྲིས་ཏེ་རྩ་རླུང་གཏུམ་མོ་བསྒོམས་པས། ཁོང་དཔོན་སློབ་ཀྱི་སྐུ་ལུས་ལ་མེ་དྲོད་འབར་ནས་རླངས་པ་སྐྱ་ཆིལ་ཆིལ་ཐོན་པ་གུར་ནང་མ་ཤོངས་པར་བར་སྣང་སྨུག་པས་གཡོགས་པ་ལྟར་གྱུར་ཅིང་། སྨུག་པའི་དྲོད་རླངས་ཀྱིས་བསམ་གཏན་གངས་བཟང་གནས་སའི་གངས་རི་དེའི་རྩེ་མོ་བཞུས་ཏེ་ས་རྡོ་སྐྱ་སེང་ངེས་ཕྱིར་ཐོན་པས་་་་་།”
གྲུབ་ཐོབ་ཚང་གིས་རྨིས་ལམ་ལྟ་བུའི་སྒྲུང་དེ་གསུངས་ནས་མཚམས་དེར་སླེབས་པ་ན། ཁོང་གི་གཡོན་ཕྱོགས་ཀྱི་ཁྲི་ཆུང་ཞིག་གི་སྒང་ན་ཡོད་པའི་རིག་མ་ལོ་ཆུང་དེས་“ངའི་བུ་མོ་”ཞེས་ངུ་སྐད་ཆེན་པོ་ཞིག་བརྒྱབ་ནས་མཆོང་ཐེངས་གཅིག་གིས་སྒྲོལ་མ་དཀར་མོའི་ཕྱོགས་སུ་བརྒྱུགས་སོང་བས། གྲུབ་ཐོབ་ཚང་དང་དེར་ཡོད་པའི་མཇལ་བ་ཚོ་ཡང་རེ་ཞིག་ཧ་ལས་ནས་ཁ་བྲག་ཁུང་ཙམ་རེ་གདངས་ནས་གང་འཚམ་འགོར་རྗེས། གྲུབ་ཐོབ་ཚང་གློ་བུར་དུ་ཁྲི་ལས་བབས་ནས་རིག་མའི་རྒྱབ་ཕྱོགས་སུ་མཆོངས་ཏེ་ཁོ་མོའི་སྐྲ་ལ་འཇུས་ཏེ་ཁ ནས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་མ་གཏོགས་བེད་སྤྱོད་ཆེར་མེད་པའི་མཁའ་འགྲོའི་བརྡ་སྐད་ཅིག་གསུངས་པ་ན། རིག་ན་དེས་དྲན་པ་རྙེད་པ་ལྟར་དབུགས་རིང་ཞིག་འབྱིན་བཞིན་ཕྱིར་རང་གི་ཁྲི་ཆུང་དེའི་སྒང་ལ་བསྡད་ནས་དཀྱུས་རིང་བའི་མིག་ཟུང་ལས་དྭངས་གཙང་གི་རྦབ་ཆུ་ལྟ་བུའི་མཆི་མའི་རྒྱུན་གཡུ་བྱུར་གྱིས་སྤྲས་པའི་བྲང་གཞུང་དུ་བབས། ཉིན་འགའི་རྗེས་སུ་གཏམ་འཆལ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ནི། གྲུབ་ཆེན་འཆི་མེད་ཟླ་བས་ཁྱི་སྨྱོན་རྩྭ་ཐང་གི་མཛེས་མའི་གཙུག་རྒྱན་ཞིག་རིག་མར་བཞེས་རྒྱུའི་སྐོར་ཡིན་ཞིང་། ཞོགས་པ་ཞིག་གི་<>སྟེང་ནས་ངས་ཀྱང་གནས་ཚུལ་དེ་མཐོང་བྱུང་། སྐབས་འདིར་སྒྲོལ་མ་དཀར་མོའི་ཕ་རྒན་གྱི་སེམས་སུ་སྨྲ་མི་ཤེས་པའི་དགའ་སྣང་ཞིག་སྐྱེས་ཏེ་གསེར་སྒོར་ཛམ་ནག་རྟགས་ཉི་ཤུ་བློས་བཏང་སྟེ་སྒྲོལ་མ་དཀར་མོར་སྒེག་རྗེས་ཉོས།
ཞོགས་པ་དེར་དཀར་སོབ་སོབ་ཀྱི་སྨུག་སྤྲིན་ཞིག་གི་ཀློང་ནས་ལོ་འདིའི་དཔྱིད་ཆར་ཐོག་མ་ཤག་ཤག་ཏུ་བབས།
གཡག་གྲོང་ཁྱེར་གྱི་སྲང་ལམ་ཆེ་ཆུང་ཀུན་ཏུ་བརླན་གཤེར་གྱི་མཁའ་དབུགས་བསིལ་མི་ཞིག་གིས་ཁྱབ་ཅིང་། གཡག་རོག་ཞོན་པའི་ལས་བྱེད་མི་སྣ་འགས་གཡག་རྩིས་ཀྱིས་བཏགས་པའི་ཆར་གདུགས་མདོག་ཕལ་ཆེར་ཡལ་ཚར་བ་རེ་བཟུང་ནས་ལས་ཁུངས་སོ་སོར་ཁ་གཏད་ནས་ཕར་འགྲོ་ཚུར་འོང་བྱེད།
གཡག་རྒྱབ་ཚོང་ཁང་རེ་གཉིས་ཀྱི་སྒོ་ཕྱེ་བའི་ཚོང་སྟེགས་ཀྱི་རྒྱབ་ན་སྐྲ་ལོ་གངས་ལྟར་དཀར་བའི་བགྲེས་པོ་འགའ་རེས་ཁ་ཏོན་བྱེད་ཞོར་ཤིང་བརྐོས་ཕོར་བ་དང་གཡག་རྩིད་ཀྱི་མིག་ར་སོགས་གནའ་དྲི་མ་ཡལ་བའི་ཚོང་ཟོང་སྣ་ཚོགས་ཕྱི་གླིང་བ་ལྗོངས་རྒྱུ་མཁན་ཚོའི་ཆེད་དུ་ཤོམ་གྱིན་འདུག
རྒྱབ་ལ་ཁུག་མ་ནག་པོ་ཞིག་ཁུར་ཞིང་རྐང་ལ་ཆུ་ལྷམ་ཡུ་རིང་གྱོན་པའི་ཕོ་གསར་ཞིག་གཡག་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་སྒོ་རུ་སླེབས་པ་ན། དེ་གར་བཏགས་ཡོད་པའི་འབྲོག་ཁྱི་ནག་པོ་འཇིགས་སུ་རུང་བ་དེས་མཆེ་གཙིགས་སྡེར་བགྲད་ཀྱིས་མགྲོན་པོ་དེ་ངོ་མི་ཤེས་པའི་ཚུལ་བསྟན། སྐབས་དེར་མཐུན་པ་སྤུན་བཞིའི་རི་མོ་ཅན་གྱི་སྒོ་ཡོལ་དེ་ཡར་བཀྱགས་ནས་མི་ཞིག་ཕྱིར་ཐོན་ཡོང་། མི་དེས་ལུས་ལ་ཤབ་གཟན་དགུ་ཡི་པགས་པས་བཟོས་པའི་སློག་པ་ཅུང་མཐུག་པོ་ཞིག་གྱོན་ཞིང་སྐེད་པར་གྲི་རིང་ཞིག་བཏགས། མགོ་རུ་ཝ་ཞྭ་མེ་ལྕེ་འདྲ་བ་ཞིག་གྱོན་པའི་ལྟག་རྒྱབ་ཏུ་ཁ་དོག་སྣ་ལྔའི་གོས་ལྷེབ་འགའ་དཔྱངས་པའི་ཟུར་ཙམ་དཔུང་བའི་སྟེང་ནས་མཐོང་ཐུབ་ཅིང་། གདོང་ཤ་རྒྱགས་ཤིང་སྨུག་པོ་ཡིན་ལ་ཡ་མཆུའི་སྟེང་དུ་སྤུ་ཉག་འགའ་གོ་རིམ་མེད་པར་སྐྱེས་པའི་ལ་ལའི་ཁ་དོག་ནག་པོ་དང་འགའ་རེའི་ཁ་དོག་དམར་པོ་རེད། མགྲོན་པོ་དེས་ཁྱིམ་བདག་ལ་གུས་ལུས་ས་བཅད་མ་སྟོང་ཙམ་ཞིག་བྱས་རྗེས་གཡག་གི་གཤང་ལམ་དང་འདྲ་བའི་ཁ་རྫོབ་རོ་དེའི་ནང་ནས་རང་གི་གནས་ལུགས་བཤད། གནའ་རབས་དང་དེང་རབས་ཀྱི་རིག་དངོས་འདྲ་མིན་བཤམས་པའི་མགྲོན་བསུ་ཁང་དེའི་ནང་དུ་སྒྲོལ་མ་དཀར་མོའི་ཕ་རྒན་དང་མགྲོན་པོ་དེ་གཉིས་ཀྱིས་བོད་ཇ་བསྲུབས་མ་འཐུང་བཞིན་སྒྲོལ་མ་དཀར་མོའི་གཉེན་དོན་གླེང་བཞིན་ཡོད་ཅིང་། གཉེན་རྟགས་ཀྱི་དངུལ་གྲངས་རྩོས་སྐབས་ཁོ་ཚོའི་སྐད་མགོ་ཡང་ཇེ་མཐོར་གྱུར་ཏེ་ཕལ་ཆེར་ཕྱི་རོལ་གྱི་སྲང་ལམ་ནས་ཀྱང་ཐོས་ཐུབ་པའི་ཚད་དུ་སླེབས། ཁོ་གཉིས་ཀྱི་གདོང་ན་ཐོག་མར་འཕྲད་སྐབས་ཀྱི་གུས་ཞབས་དང་འཛེམ་ཟོན་གྱི་རྣམ་འགྱུར་དེའི་ཤུལ་ཙམ་ཡང་མེད་པར་གཡོ་སྒྱུ་དང་ཁོང་ཁྲོའི་རྣམ་འགྱུར་བཟོད་དཀའ་བ་ཞིག་མངོན་བཞིན་འདུག་ཅིང་། ཉིན་ཕྱེད་ཙམ་ལ་ཁ་ཤུགས་འགྲན་སྡུར་ལྟ་བུའི་ཛ་དྲག་གི་བརྒྱུད་རིམ་ཞིག་གི་རྗེས་སུ་ཕན་ཚུན་གྱི་ཐོག་མའི་རེ་འབྲས་ཚིག་རྩུབ་དང་མིག་ལོག་གི་ཁྲོད་དུ་འཇའ་ཡལ་བ་ལྟར་གྱུར་ཏེ་སོ་སོར་མཚམས་མི་འཇོག་ཀ་མེད་དུ་གྱུར། སྨན་ཅོ་ཐོགས་མ་དང་གནས་འགྲོ་མའི་སྟེ་ང་ཚོའི་སྒྲོལ་མ་དཀར་མོའི་ཕ་རྒན་གྱི་འདོད་པ་ཚིམ་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན། ཐེངས་ཤིག་ཁོང་གིས་གཟི་མིག་དགུ་པ་ཞིག་རྙེད་པ་བརླག་དོགས་ཀྱིས་ཁྱུར་མིད་བཏང་བའི་རྐྱེན་གྱིས་དགུན་ཁ་ཧྲིལ་བོ་ཞིག་གི་རིང་གཡག་གྲོང་ཁྱེར་གྱི་ནུབ་ངོས་སུ་ཡོད་པའི་ཕེབས་སྐྱེལ་སྨན་ཁང་དུ་ཉལ་དགོས་བྱུང་ཞིང་། རྗེས་སུ་སྨན་པས་ཁོའི་ལྟོ་བ་གཤགས་ནས་གཟི་རྩ་ཆེན་དེ་ཁོའི་ལག་ཏུ་བཞག་པ་ན། ཁོས་དེ་མ་ཐག་ཏུ་ཤུགས་ཆེན་པོས་གཟི་དེ་རྡོ་གཅལ་སྟེང་དུ་བརྡབས་ནས་སུལ་བུར་བཏང་རྗེས་ཁྱིམ་ལུད་ཀྱི་ཁྲོད་དུ་འཕངས་པ་རེད། མགྲོན་པོ་དེ་ཕྱིར་སོང་རྗེས་ཁོས་ཁ་པར་བརྒྱབ་ནས་འཆི་མེད་ཟླ་བར་ཁ་རྡུང་དྲག་པོ་བཏང་སྟེ་སྒྲོལ་མ་དཀར་མོ་ཁོའི་རིག་མར་སྟེར་བ་ལས་སྐྲ་ལོ་བྲེགས་ཏེ་བཙུན་མ་བྱེད་དུ་འཇུག་རྒྱུ་ཡིན་ལུགས་བརྗོད། འཆི་མེད་ཟླ་བས་དམིགས་ཡུལ་ཡོད་པའི་སྒོ་ནས་སྒྲོལ་མ་དཀར་མོར་བཙུན་མ་བྱེད་རྒྱུའི་འདོད་པ་ཡོད་མེད་དྲིས་པ་ན། གཞི་ནས་གཡག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྙན་གྲགས་ཅན་དེ་ཁ་གྲག་རྒྱུ་མེད་པར་གྱུར་ཏེ་ཁ་པར་ཁྲོག་གེར་མར་བཞག་ནས་དབུགས་རིང་ཞིག་བཏང་། སྒྲོལ་མ་དཀར་མོ་ཆུང་དུས་གཅེས་དྲགས་པས་བྱ་བ་གང་ལ་ཡང་རང་མཆོག་འཛིན་བྱེད་ཅིང་། དོན་དག་གང་ཞིག་དང་འཕྲད་ཀྱང་དཔའ་མི་ཞུམ་པའི་རང་གཤིས་ཤིག་ལྡན་པས། ཁོ་མོ་བཙན་གྱིས་བག་མར་སྟེར་བ་དང་བཙུན་མ་བཟོ་བ་ཡང་མོ་རང་མ་འཐད་ཚེ་ངལ་བའི་རྒྱུ་ལས་མ་འདས། སྐུ་ངོ་ལྷ་དགའི་སེམས་པ་མ་སྐྱིད་པ་ལོས་ཡིན། ཁོང་འབྲུག་རིས་བརྐོས་ཤིང་གཡུང་དྲུང་གིས་བརྒྱན་པའི་འཁྱག་སྒམ་དེའི་ཁ་ཕྱེ་ནས་གཡག་ཤ་རྡོག་རྡོག་གཉིས་བླངས་ཏེ་ཁྱིམ་དཀྱིལ་གྱི་ལྕགས་ཐབ་ནག་པོ་དབྱིབས་གྲུ་བཞི་ཅན་མདུན་ངོས་སུ་ཟངས་སེར་གྱི་ཁྱུང་འབྲུག་གིས་ཤན་པ་དེའི་ཐོག་ལ་བཞག་པ་ན། སིར་སྒྲ་ཞིག་དང་མཉམ་དུ་ཤ་རྡོག་གཉིས་པོའི་ཟུར་ནས་རླངས་པ་ཕྲན་བུ་ཞིག་གྱེན་དུ་འཕྱུར། ཁོ་གཡོན་ཕྱོགས་ཀྱི་ཁང་མིག་དེའི་ནང་དུ་སོང་སྟེ་ཅུང་མ་འགོར་བར་རྨ་ཆུ་རྟགས་ཅན་གྱི་ཨ་རག་དཀར་པོ་ཤེལ་དམ་ཕྱེད་ཀ་ཞིག་དང་ཆང་དཀར་ཡུ་རིང་ཞིག་ཁྱེར་ཡོང་ནས་ལྕགས་ཐབ་ཀྱི་འགྲམ་དུ་བསྡད་དེ་ཆང་ཧུབ་རེ་དང་ཤ་རྡོག་རེས་སེམས་ཀྱི་སྐྱོ་གདུང་སེལ་ཐབས་བྱས།
ཆུ་ཚོད་བཅུ་གཉིས་ཏག་ཏག་ལ་སླེབས་དུས་སྒྲོལ་མ་དཀར་ལས་ཁུངས་གྲོལ་ནས་ཕྱིར་རང་ཁྱིམ་དུ་ལོག་དུས། ཕ་རྒན་གྱི་གདོང་ལ་སྐྱོ་མདོག་ཅིག་མངོན་བཞིན་ཆང་དཀར་བར་མེད་དུ་འཐུང་བཞིན་པ་དེ་རིག་མ་ཐག སེམས་མི་སྐྱིད་པའི་དོན་དག་ཅིག་བྱུང་ལམ་སེང་ཤེས་རྟོགས་བྱུང་མོད། རེ་ཞིག་ཅི་ཡང་མ་ཤེས་པའི་ཚུལ་གྱི་ཕ་རྒན་གྱི་གམ་དུ་ཡོང་ནས་བཞིན་རས་འཛུམ་གྱིས་ཁེངས་ཏེ། “ཨ་ཕ། དེ་རིང་གཟའ་ཉི་མ་ཡིན་དོགས་ནི་མེད། ཁྱེད་རང་ལས་ཁུངས་ལ་ཅིའི་ཕྱིར་མ་ཕེབས་པ་ཡིན།”ཟེར་བ་ན། ཕ་རྒན་གྱིས་མགོ་བོ་ཐལ་གྱིས་ཡར་བཀྱགས་ཏེ་ཁོ་མོའི་གདོང་ལ་ཡུད་ཙམ་བལྟས་རྗེས་ངག་འདར་བཞིན། “སྒྲོལ་བྷེ། ད་ནི་ཁྱོད་ཀྱང་ལོ་ཆུང་ཆུང་མ་རེད་ཡ། ཨ་ཕའི་ཚུགས་ཀར་ཅིག་ལྟོས་དང་། ཁྱོད་ཀྱིས་ཀྱང་རང་གི་མི་ཚེའི་མདུན་ལམ་ལ་བསམ་བློ་རེ་གཏོང་རན་འདུག” ཅེས་བཤད་རྗེས་མགོ་བོ་ཐུར་དུ་བཀུག་ནས་ཅུང་ཟད་བསྡད་པ་ན། སྒྲོལ་མ་དཀར་མོའི་སེམས་སུ་ཡང་སྨྲ་མི་བཏུབ་པའི་ཚོར་བ་ཞིག་སྐྱེས་ཏེ་རེ་ཞིག་སྐད་ཆ་ཡང་བཤད་མཚམས་ཆད་དེ་གང་འཚམ་ཞིག་བསྡད་རྗེས་མགོ་བོ་སྒུར་སྒུར་གྱིས་ཉིན་གུང་གི་ཟ་མ་གྲ་སྒྲིག་བྱེད་བཞིན་གནས་ཀྱང་མོའི་སེམས་པ་སྐྱིད་པོ་ཞིག་རྩ་བ་ནས་མ་བྱུང་།
གཡག་གྲོང་ཁྱེར་གྱི་ནུབ་མཐའ་རུ་རྒྱང་བཞུད་མེ་འཁོར་འབབ་ཚུགས་ཡོད་ཅིང་། དེ་རུང་འགྲུལ་བ་ཕར་སྐྱེལ་ཚུར་བསུ་ལ་གོམས་པའི་གླ་བྱེད་རླངས་འཁོར་ཆུང་ཆུང་ཁྱུ་གཅིག་བསྟར་སྒྲིག་གིས་མགྲོན་པོ་ཚོར་དུང་བརྡ་བར་མེད་དུ་སྒྲོག་བཞིན་འདུག མིག་གཅིག་ཟླ་གཅིག་གི་རིང་ཁྱི་སྨྱོན་རྩྭ་ཐང་གི་འཚོ་བར་རྒྱུས་ལོན་བྱེད་དུ་སོང་ནས་ད་སོ་མ་མེ་འཁོར་ལ་བསྡད་ནས་གཡག་གྲོང་ཁྱེར་དུ་འབྱོར། ཟླ་བ་གཅིག་གི་རིང་འབྲོག་པའི་སྦྲ་གུར་ནང་བསྡད་རྐྱེན་ད་ལྟ་གཞི་ནས་གྲོང་ཁྱེར་གྱི་ནམ་མཁར་ཟུག་པའི་ཁང་རྩེག་རེ་རེ་མིག་ལམ་དུ་མངོན་དུས། ཁོའི་སེམས་སུ་མི་རབས་ཤིག་གི་བཟོད་བསྲན་དང་ཆོག་ཤེས་ལ་དུང་སེམས་ཁྱད་པར་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས། ཁོས་དེ་རུ་ཡོད་པའི་རླངས་འཁོར་ཆུང་བ་ཞིག་གླས་ནས་འབྲུག་དཀར་གཙང་པོའི་འགྲམ་རྒྱུད་དུ་ཡོད་པའི་“ལོ་བརྒྱའི་གདུང་སེལ་ཆང་ཁང་”དུ་སོང་བ་ན། དེ་རུ་གླིང་ཆེན་ཁག་ནས་ཡོང་བའི་མགྲོན་པོ་སྐྲ་སེར་མིག་ལྗང་སྣ་ཆེ་མང་པོས་ཁེངས་ཤིང་། ཁོ་ཚོའི་ལུས་ལ་སྟོར་བའི་ཆུ་དྲི་ཞིམ་གྱི་དྲི་མ་མངར་སིང་སིང་ཞིག་ཀྱང་མཁའ་དབུགས་ཀྱི་ཁྲོད་དུ་འཚང་ག་རྒྱག་བཞིན་འདུག མིག་གཅིག་ལྷོ་ངོས་ཀྱི་སྒེའུ་ཁུང་འགྲམ་དུ་ཡོད་པའི་རྐུབ་སྟེགས་དེའི་སྟེང་དུ་བསྡད་དེ་ཞབས་ཞུ་བ་བོས་ནས་ད་ལོ་གསར་དུ་ཐོན་པའི་འབྲུག་དཀར་གཙང་པོ་རྟགས་ཅན་གྱི་ཝུ་ཆང་དམ་བི་གང་དང་གཡག་ཤ་སྣུམ་བསྲེགས་རྒྱ་མ་གསུམ་མངགས་རྗེས། བྲང་ཁུག་ལས་རབ་རིབ་རྟགས་ཅན་གྱི་ཐ་མག་སྒམ་ཆུང་གཅིག་བླངས་ནས་དུ་རྐང་གཅིག་ཁའི་ཟུར་དུ་བཙུགས་ཤིང་། འགྲམ་དུ་བཞག་པའི་ལྗོངས་རྒྱུའི་ཁུག་མ་ལྗང་ཁྲ་དེ་ལས་དེ་རིང་གི་<>ཤོག་ངོས་འཕར་མ་ཅན་ཞིག་བཏོན་ནས་ལྟ་མགོ་བརྩམས། ཐིག་ཕྲེང་འགའི་མཚམས་ནས་ཁོ་ནི་རང་གི་མིག་ལའང་ཡིད་མི་ཆེས་པའི་གནས་སུ་གྱུར།
“་་་་་་་་་་ང་ཚོས་ཁ་བ་ཉིན་རེའི་གསར་འགོད་པའི་རྫུན་གཏམ་གྱི་ཕུག་བརྟོལ་ཏེ་མཛེས་མ་གྲགས་ཅན་སྒྲོལ་མ་དཀར་མོའི་ད་ལྟའི་སྡོད་གནས་དང་མོ་རང་གི་ལས་ཀ་སོགས་གང་ཡིན་གསར་རྙེད་བྱུང་།་་་་་”
ཁོས་ཐིག་ཕྲེང་དེ་ཐེངས་འགར་བཀླགས་ནའང་དོན་རྡོག་རྡོག་ཅིག་ཡིད་ངོར་འབྱར་མ་ཐུབ་པས། འགྲམ་དེར་ཤ་ཚོད་དང་རྩམ་པ་མཉམ་དུ་ཟ་བཞིན་པའི་གསར་བུ་སྐྲ་རིང་གཡག་མགོ་དེའི་དཔུང་བར་ལག་པས་ཐུག་ཙམ་བྱས་ནས། “སྐུ་ཞབས་ལགས། འདིར་ག་རེ་བྲིས་འདུག” ཅེས་དྲིས་རྗེས་དོགས་མི་བདེ་བའི་ཚུལ་དུ་ལག་པས་རྣ་ལྟག་ལ་འཕྲུག་ཙམ་བྱས། གསར་བུ་དེས་ཁོ་ལ་ཡུད་ཙམ་བལྟས་རྗེས་གསར་ཤོག་དེ་ལག་ཏུ་བླངས་ནས་མགོ་མཇུག་བསློགས་ཏེ་དལ་བུར་ཚར་གཅིག་བལྟས་རྗེས་སྣ་སྙེར་ཙམ་བྱས་ནས་“ཡིད་ཆེས་རྒྱུ་མི་འདུག འཆལ་གཏམ་རང་རེད།”ཟེར་ཞོར་གསར་ཤོག་ཁོ་ལ་ཕྱིར་གཏད། མིག་གཅིག་ཕྱིར་རང་གི་སྡོད་ས་དེར་ལོག་པ་ན། ཞབས་ཞུ་བ་ཞིག་གིས་གཡག་ཤ་བརྔོས་མ་དང་ཝུ་ཆང་ཁྱེར་ཡོང་ནས་མདུན་ཅོག་སྟེང་བཞག་རྗེས་དེང་སྐབས་གསར་དུ་དར་བའི་གུས་ཚུལ་གྱི་ཕྱག་རྒྱ་ཞིག་བྱས་ཏེ་ཕར་སོང་བ་ན། མིག་གཅིག་རང་སར་ཧ་ལས་ཏེ་གཡག་གྲོང་ཁྱེར་གྱི་ལས་བྱེད་འགའ་རེས་ད་སྐབས་གཡག་ཞོན་རྒྱུར་འཚེར་སྣང་གི་རྣམ་འགྱུར་སྟོན་པའང་གང་དྲན་བྱས་པ་ཞིག་མིན་པ་རྟོགས་བྱུང་། དེར་མཐུད་ནས་སྒྲོལ་མ་དཀར་མོ་ད་དུང་འཇིག་རྟེན་འདིར་འཚོ་ཞིང་གཞེས་པ་ནི་ངོ་མ་ཡ་མཚན་ཞིག་མ་རེད་དམ་སྙམ་ནས་ཉིན་དེར་རང་གིས་སྒྲོལ་མ་དཀར་མོ་འབྲུག་དཀར་གཙང་པོའི་ནང་དུ་ལྕེབས་པའི་སྐོར་གྱི་གསར་འགྱུར་ཐུང་ངུ་ཞིག་སྤེལ་བར་གཞི་ནས་འགྱོད་པ་ལྕི་མོ་ཞིག་སྐྱེས་བྱུང་། ད་ནི་ཁོ་ལ་ཟས་ཀྱི་ཡི་ག་རྩ་བ་ནས་མི་འདུག་པས་འགྱིག་ཁུག་ཅིག་གི་ནང་དུ་གཡག་ཤ་སྡེར་མ་གང་བོ་བླུགས་ཤིང་། ཝུ་ཆང་དམ་བི་གང་དེ་ལག་ཏུ་བཟུང་ནས་ཆང་ཁང་གི་གཉེར་བར་བཟའ་བཏུང་གི་རིན་འབབ་རྩིས་རྒྱག་ཏུ་བཅུག་རྗེས་བརྒྱ་ལོར་གཉིས་ཚོང་སྒྲོམ་དམར་པོའི་སྒང་དུ་བཞག་ནས་འཁྱར་འཁྱོར་ངང་ཆང་ཁང་གི་སྒོར་བུད་མ་ཐག་ངོ་ཤེས་ཤིག་དང་གདོང་ཐུག་བརྒྱབ།
དེ་ནི་<>བརྙན་དེབ་ཁང་གི་རྩོམ་སྒྲིག་པ་ཕོ་གསར་དེ་རེད། ཁོང་མིག་གཅིག་གི་ཚུགས་ཀར་གཅིག་བལྟས་ནས་གད་མོ་ཚེར་ཚེར་ངང་། “བཟི་སོང་ངམ། སྐུ་ཞབས་གསར་འགོད་པ་ལགས་”ཟེར། མིག་གཅིག་གི་གདོང་ལ་ཐང་ཆད་པའི་ཉམས་ཤིག་ཤར་ཏེ། “དེང་སྐབས་ཁྱོད་ཚོར་སྒྱུ་རྩལ་གྱི་རིག་དངོས་གསར་བ་འདྲ་རེག་སོང་ངམ།”ཞེས་དྲིས་རྗེས་མུ་མཐུད་དུ། “སྒྲོལ་མ་དཀར་མོའི་སྐོར་གྱི་སྐད་ཆ་རེ་ཐོས་བྱུང་ངམ།”
ཁོ་ཡོད་མི་ཆེས་པ་གཅིག་ལ་གསར་བུ་དེས་མིག་ཆུ་རྐང་འགའ་བཏང་རྗེས་ངུ་ངག་གིས་“ངས་ཁྱོད་ལ་དགོངས་དག་ཞུ། ཁོ་མོ་ངས་གཡོ་སྒྱུ་འཁྲབས་ཏེ་དེང་སྐབས་མི་ཚོགས་ཀྱི་ཁྲོད་དུ་ཡོང་མི་ནུས་པ་ཞིག་བཟོས་པ་རེད།” ཟེར་བཞིན་ལག་པ་ཁུག་མའི་ནང་བསྲིངས་ཏེ་ལག་ཕྱིས་ཁྲ་བོ་ཞིག་བླངས་ནས་མིག་ཆུ་ཕྱིས་ཤིང་། རྣམ་འགྱུར་ཡ་ང་བ་ཞིག་སྟོན་བཞིན་རྒྱབ་ཕྱོགས་སུ་བུད་སོང་། མིག་གཅིག་གིས་ཅི་ཡིན་ཧ་མ་གོ་བར་རང་སར་ཀྲོང་ངེར་ལུས་ནས་ཡུད་ཙམ་འགོར། ཞོགས་པ་དེར་མིག་གཅིག་གིས་<>རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དེར་ཁ་པར་བཏང་ནས་ཁ་སང་གོ་བའི་སྐད་ཆ་དེར་གོ་བ་མ་ལོན་ཚུལ་བཤད་པ་ན། ཕ་རོལ་པོས་འཆི་མེད་ཟླ་བའི་ཧམ་སེམས་ཀྱི་ངོ་ཟློག་མ་ཕོད་པའི་གནས་ཚུལ་མང་པོ་ཞིག་ལབ་ནས་མིག་གཅིག་གི་དྲི་བར་གཡོལ་གང་ཐུབ་བྱས། བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ནས་ཁྱབ་བསྒྲགས་རིམ་པར་བྱས་པ་དེ་མིག་གཅིག་ལ་མཚོན་ན་ཁོང་ཁྲོ་འཕེལ་བའི་རྒྱུ་ལས་མ་འདས། གལ་སྲིད་སྒྲོལ་མ་དཀར་མོ་ད་དུང་འཇིག་རྟེན་འདིར་འཚོ་གཞེས་གྱི་གཏམ་དེ་བདེན་པ་ཡིན་ན། ཁོ་མོའི་གྲིབ་མ་ཙམ་ཡང་གཡག་གྲོང་ཁྱེར་དང་ཁྱི་སྨྱོན་རྩྭ་ཐང་གི་སྐྱེ་བོ་སུ་ཞིག་གི་མིག་ལམ་དུ་མི་སྣང་བ་དེ་ནི་ཅི་འདྲའི་ཡ་མཚན་ཞིག་རེད།
ཉིན་ཞག་གི་ཕྲེང་བ་རིམ་གྱིས་འདས་ཤིང་། མིག་གཅིག་གི་སེམས་ངོས་སུ་འཁྱུལ་བའི་སྐྱོ་གདུང་དེ་ཉིན་བཞིན་འཕེལ་ཏེ་ད་ནི་རང་ཚོད་ཀྱང་མི་ཟིན་པའི་ཚད་དུ་སླེབས་ཤིང་ཟས་ཀྱི་དང་ག་འགགས་ཏེ་གཟུགས་པོ་ཤ་སྐམ་པགས་སྐམ་དུ་གྱུར། ཁོའི་ལས་གྲོགས་ཤིག་གིས་མིག་གཅིག་གི་ངང་ཚུལ་དེ་མཐོང་ནས་བཟོད་མ་ཐུབ་པར་<>གྱི་སྟེང་དུ་སྙན་གྲགས་ཅན་གྱི་རྩོམ་པ་པོ་འདི་གཟའ་འཁོར་གཉིས་ལས་འཚོ་ཐབས་ཧ་ཅང་དཀའ་བའི་གནས་ཚུལ་བཀོད་དེ་འབྲས་བུ་དགའ་འོས་པ་ཞིག་ཨེ་འབྱུང་གི་རེ་བ་བརྒྱབ།
ཐབས་ཤེས་དེ་ཅུང་ལེགས་པར་སྣང་། གསར་འགྱུར་ཛ་དྲག་ཡིན་ལ་དགོད་བྲོ་བོའང་ཡིན་པ་དེ་གཡག་གྲོང་ཁྱེར་དུ་ཁྱབ་པའི་ཕྱི་ཉིན་ནས། གཡག་གྲོང་ཁྱེར་འདིའི་ཤེས་རིག་སྡེ་ཁག་གི་དབུ་ཁྲིད་པ་སྙན་གྲགས་ཅན་དང་བྱས་རྗེས་ཅན་གྱི་སྒྱུ་རྩལ་མཁས་པ། ཆང་སེར་ལ་དགའ་བའི་སྙན་ངག་པ་སོགས་ལས་རིགས་གཅིག་པའི་མི་སྣ་ཆེ་ཆུང་མང་པོ་ཞིག་གིས་མིག་གཅིག་ལ་སེམས་གསོའི་ཡི་གེ་བསྐུར་ཏེ། “ཞབས་བརྟན་”ཕུལ་བ་དེས་མིག་གཅིག་གི་སེམས་ནད་ཕྱེད་ཀ་སངས་དྲག་ཏུ་ཕྱིན་པ་འདྲ། ཁོས་སྔོན་ཆད་མིང་ཡང་ཐོས་མ་མྱོང་བའི་སྒྱུ་རྩལ་པ་དེ་ཚོའི་འཕྲིན་ཡིག་ཀློག་ཐེངས་རེར་རང་དམན་གྱི་འདུ་ཤེས་ཤིག་དང་འཇིག་རྟེན་འདིར་འཚོ་གཞེས་ཀྱི་འདུན་པ་ཞིག་དྲག་ཏུ་སྐྱེས་ཤིང་། འཁྱར་འཁྱོར་ངང་སྐད་གྲགས་ཆེ་བའི་སྨན་ཁང་ཞིག་ཏུ་ཕྱིན་ནས་བོད་ཀྱི་རླུང་སྨན་གྲགས་ཅན་ཨ་གར་ལོ་ལྔ་ཤོག་ཁུག་དགུ་ཉོས་ཏེ་ཉིན་རེར་ཐུན་གསུམ་རེ་ཆག་མེད་དུ་བསྟེན་པས། རིམ་གྱིས་གདོང་གི་གཤིན་འདྲེའི་མདོག་དེ་ཡལ་ནས་མཁུར་མགོར་དམར་མདངས་ཕྲན་ཙམ་རྒྱས།
ཆར་ཞོད་ཚུགས་ནས་ཉིན་འགའི་རྗེས་སུ། ང་རང་གྲོགས་པོ་མིག་གཅིག་གི་སར་ནད་འདྲིར་བསྐྱོད་པ་ཡིན། ཞོགས་པ་དེར་མཁའ་དབུགས་ནི་བརླན་བསིལ་གྱི་རེག་བྱས་འཁྱུད་ཅིང་། ཕ་གིའི་ལྗང་མདོག་གི་རི་ཚོམ་དེའི་མགུལ་ན་བལ་དཀར་ལྟ་བུའི་སྤྲིན་ཕུང་ཞིག་དལ་བུར་འཕྱོ་བཞིན་འདུག ལམ་ངོས་སུ་ཆུ་གོར་རེ་འཁྱིལ་བའི་འགྲམ་དུ་ལོ་སྔོན་མའི་ལོ་འདབ་སྐམ་པོ་འགའ་ཤས་མཐོང་རྒྱུ་འདུག་ཅིང་། ཉེ་འགྲམ་གྱི་ལམ་ཁ་གཡས་གཡོན་དུ་འབྲས་ཐུག་དང་སྣུམ་བསྲེགས་བག་ལེབ་འཚོང་མཁན་ཚོས་ཁེབས་ཤིང་འདིར་ཕེབས་དང་འདིར་བཞུགས་ཀྱི་སྐད་ཅོར་གྱིས་སྲང་བར་གུ་དོག་འདི་ཡོངས་སུ་ཁེངས། ང་ཐད་གར་མིག་གཅིག་གི་སྒོ་ཁར་ཕྱིན་ནས་མཛུབ་མོ་གསུམ་གྱིས་ནང་སྒོ་དེ་ཐེངས་འགར་བརྡུངས་པ་ན། ནས་ནས་“སུ་ཡིན་”ཟེར་ཞོར་སུ་ཞིག་གིས་སྒོ་ཕྱེ་བྱུང་། ཨ་ཙི། མིག་གཅིག་ནི་སྐམ་ཞིང་རིད་དེ་ལོ་བཅུས་རྒས་པ་འདྲ། སྐྲ་ཡང་གཟེངས་ཏེ་ཧ་ཅང་ཡ་ང་བ་སྣང་། ངས། “ཁྱེད་བདེ་མོ་ཡིན་ནམ། ཟླ་འདི་ཚོའི་རིང་ང་རང་བྱ་བས་བྲེལ་ཏེ་ཁྱེད་ཀྱི་སར་ཐེངས་བལྟ་བར་ཡོང་མ་ཐུབ་པར་དགོངས་འགལ་མེད་པར་ཞུ།”ཞེས་བཤད་ཞོར་ཤིང་གི་རྐུབ་སྟེགས་དམའ་མོ་དེའི་སྒང་ལ་བསྡད་དེ་ལག་ཁུག་གི་ཁ་བསྔོགས་ནས་ཁོའི་སྙན་ངག་རིང་པོ་<>ཞེས་པ་བཀོད་ཡོད་པའི་<>དུས་དེབ་ཅིག་ཁོར་གཏད་པ་ཡིན། ཁོས་“བཀའ་དྲིན་ཆེ་”ཟེར་དུས་དེབ་དེ་བླངས་ནས་དཀར་ཆག་ལ་ཡུད་ཙམ་མིག་ཉུལ་ཞིག་བྱས་ཤིང་། དེའི་སྙན་ངག་གི་མིང་མཚམས་དེར་ཡུད་ཙམ་བལྟས་རྗེས་སྨིན་མའི་མཚམས་སུ་སྐྱོ་གཉེར་འགའ་བསྡུས་སོང་། དེ་ནས་ངས་པུར་མིང་ཞིག་སྤྱད་དེ་སྤེལ་བའི་སྒྲུང་ཐུང་<>ཞེས་པ་དེར་ལྟ་བཞིན། “འདི་སུས་བྲིས་པ་རེད།” ཅེས་དྲིས་བྱུང་བས། ངས་ཅུང་ངོ་གནོངས་པའི་ངང་ངས་བྲིས་པ་ཡིན་ཞེས་ལན་བཏབ་པ་ན། ཁོས་ལག་གི་དེབ་དེ་ཕར་བཞག་ནས་ང་ལ་བོད་ཇ་དཀར་ཡོལ་འབྲུག་རིས་མ་ཞིག་གི་གང་བླུགས་ཏེ་“ཐུགས་རྒྱལ་མ་བཞེངས། ངའི་སྙན་ངག་དེ་ལས་ཁྱེད་ཀྱི་སྒྲུང་ཐུང་དེ་འཚོ་བའི་ཁ་གཏད་རང་རེད། ད་ལྟའི་དུས་རབས་འདིར་ང་ཚོ་ལྟ་བུའི་མི་རྐྱང་གི་གདུང་འབོད་ནི་འདི་དག་ཙམ་ལས་གང་ཡོད་”ཟེར། ངེད་གཉིས་ཀྱིས་ཡར་མར་གྱི་ཁ་བརྡ་བྱས་ནས་ཅུང་ཙམ་འགོར་བ་ན་སྐད་ཆའི་བརྗོད་བྱ་སྒྲོལ་མ་དཀར་མོའི་སྟེང་དུ་བབས། མིག་གཅིག་གི་བརྩེ་དུང་ནི་ངོ་མ་དྲི་མས་མ་གོས་པའི་གངས་རི་ཞིག་དང་འདྲ། ཁོས་སྒྲོལ་མ་དཀར་མོ་དང་ཁོ་གཉིས་ཀྱི་བརྩེ་དུང་གི་སྐོར་གྱི་སྙན་ངག་གཅིག་བུ་ཤོག་སྒམ་གང་བྲིས་འདུག་ཅིང་། དེ་དག་ལས་མང་པོ་ཞིག་དུས་དེབ་དང་ཚགས་པར་སྟེང་སྤེལ་ཏེ་ཆེས་མཐོ་བའི་བྱ་དགའ་ཡང་ཐེངས་འགར་ཐོབ་འདུག དེང་སྐབས་མིག་གཅིག་ལ་སེམས་ཁྲལ་གཞན་ཞིག་་འདུག་པ་ནི་ཁོའི་ཕ་རྒན་གྱིས་ནང་མི་ཚོའི་ཁ་ཏར་མ་ཉན་པར་རྣམ་ཤེས་ཀུན་བསྡུ་གླིང་དུ་སོང་ནས་གྲྭ་པའི་སྤྱི་ཚོགས་ཀྱི་ནང་དུ་འཛུལ་འདུག་པ་དེ་རེད། ཁོའི་ཕ་རྒན་ཆུང་དུས་ནས་ལག་བགྲང་ཕྲེང་དང་མི་འབྲལ་བའི་རྐྱེན་གྱིས་མི་གཞན་ལ་མོ་བཏབ་ཚེ་ནོར་བ་སྤུ་ཙམ་ཡང་མེད་ཅིང་། ལན་རེར་དྲག་སྔགས་བཏབ་སྟེ་ནད་པ་ཚབས་ཆེན་འགའ་རེ་སྨན་ཁང་དུ་འགྲོ་མི་དགོས་པ་ཡང་བཟོ་མྱོང་། ཁོ་ནི་ཆུང་དུས་ས་ཆ་གཞན་ནས་ཡོང་བའི་ཚོང་དཔོན་ཞིག་གི་གཡོག་པོ་ཡིན་ན་ཡང་། ཁྱི་སྨྱོན་རྩྭ་ཐང་དུ་སླེབས་ནས་ཟླ་འགའི་རྗེས་སུ་ས་འདིའི་གཞོན་ནུ་མ་ཞིག་སེམས་པ་ཡོངས་སུ་ཤོར་ཞིང་། དེའི་རྐྱེན་གྱིས་མི་ཚེའི་མདུན་ལམ་ལ་ཡང་འགྱུར་བ་ཆེན་པོ་ཞིག་ཐེབས་ནས་ཁྱིམ་ཚང་ཕྱུག་པོ་ཞིག་གི་མག་པར་གྱུར། སྒྱུག་པོ་དང་སྒྱུག་མོ་གཉིས་ཀྱི་ཁ་ཏོན་དགེ་སྦྱོར་བྱེད་པ་ལས་ཁྱིམ་འདིའི་དོན་དག་ཆེ་ཆུང་ཡོད་ཚད་ཀྱི་ཁ་ཕྱོགས་ཁོ་ལ་གཏད་པ་དེས་གསར་བུ་འདིའི་སྤོབས་པ་དང་སྟོབས་ཤུགས་ཡང་གཟུགས་མེད་ཀྱི་རྒྱབ་སྐྱོར་ཞིག་ཐོབ་ཅིང་། འཕྲོ་རིམ་འཕྲོར་བུ་བུ་མོ་གཉིས་ཀྱང་སྐྱེས་ཏེ་བུ་ཆུང་སློབ་གྲྭར་མངགས་ཤིང་བུ་མོར་ཁྱིམ་ལས་བསླབས། མིག་གཅིག་སློབ་ཆེན་ནས་མཐར་ཕྱིན་པའི་ལོ་དེར་ཁོའི་སྲིང་མོར་མག་པ་ཞིག་བཞག དེ་ཡང་ཁོའི་ཕ་རྒན་དང་འདྲ་བར་ས་ཆ་གཞན་ཞིག་ནས་ཡོང་བའི་གསར་རྒོད་སྟག་ཕྲུག་འདྲ་བ་ཞིག་རེད། མིག་གཅིག་སློབ་གྲྭ་ནས་མ་ཐོན་གོང་ནས་རྩོམ་པ་པོའི་སྙན་གྲགས་གང་འཚམ་ཞིག་རྒྱས་པས། སློབ་མཐར་ཕྱིན་རྗེས་དཀའ་ཚེགས་ཅི་ཡང་མེད་པར་<>ཁང་དུ་ལས་ཀ་རེག ཁོས་རང་གི་མི་རིགས་ལ་བཅངས་པའི་བརྩེ་དུང་ནི་རི་རབ་བཞིན་དུ་བརྟན་ཅིང་རྩོམ་རིག་ཤེས་བྱའི་སྦྱོང་བརྡར་ཡང་ཧ་ཅང་ལེགས་པོ་ཡོང་རྐྱེན། ཁོའི་བྲིས་པའི་བརྩམས་ཆོས་དག་ཀྱང་སྒྱུ་རྩལ་དང་བསམ་བློ་སོགས་ཕྱོགས་གང་ཐད་ནས་གཡག་གྲོང་ཁྱེར་འདིའི་ནང་སྙན་གྲགས་ཉིན་བཞིན་རྒྱས་པ་ནི་རྫུན་གཏམ་ཞིག་ག་ལ་ཡིན། ཁོའི་སྐྱེ་གཟུགས་ཀྱང་ཡིད་དུ་འོང་བ་ཞིག་ཡིན་པས། ནམ་རྒྱུན་ཁྱི་སྨྱོན་རྩྭ་ཐང་དུ་འཚོ་བར་རྟོད་དཔྱོད་བྱེད་དུ་འགྲོ་ཐེངས་རེར་རྫི་གླུ་དང་བརྩེ་དུང་གིས་དུས་རབས་ཧ་ཅང་མང་པོ་ཞིག་བསུས་པའི་རྩྭ་ཐང་འདིའི་རྫི་མོ་གཞོན་ནུ་མ་གང་མང་ཞིག་གི་ཟུར་མིག་དང་འཛུམ་དཀར་ཐེགས་ཚད་རེ་ཁྱེར་ནས་གཡག་གྲོང་ཁྱེར་དུ་ལོག་སྟེ་བརྩམས་སྒྲུང་དང་སྙན་ངག་འདོད་འདོད་དུ་བྲིས་ནས་དུས་དེབ་དང་ཚགས་པར་ཧ་ཅང་མང་པོ་ཞིག་གི་སྐོམ་གདུང་བསལ། ཁོའི་ཕ་རྒན་དགོན་པར་ཕྱིན་པ་དེས་མིག་གཅིག་གིས་རང་གི་སྲིང་མོའི་ཁྱོ་གར་བཟུང་བའི་རྣམ་འགྱུར་ལ་ཡང་གཏོར་བཤིག་གང་འཚམ་ཞིག་ཐེབས་ཤིང་། སྲིང་མོ་དང་མག་པ་གཉིས་ཀྱིས་དུས་བཞིའི་ནམ་ཟླའི་ཁྲོད་དུ་བསགས་པའི་ཉམས་མྱོང་ཡང་ལྷང་ལ་འབུད་རྒྱུ་ཡིན་པ་གསལ་བོ་རྟོགས། ཁྱི་སྨྱོན་རྩྭ་ཐང་ལ་དཔྱིད་དཔལ་སླེབས་པའི་མངོན་རྟགས་གསལ་བོ་ཞིག་མེད་ན་ཡང་། མིག་གཅིག་གིས་ལྗང་མདོག་གི་དབྱར་གཞུང་ཞིག་ལ་རྨི་ལམ་དུ་ཡང་རེ་སྒུག་བྱེད་བཞིན་ཡོད་ལ། ཁོའི་ཕྱེད་ཀ་དཀར་པོར་གྱུར་པའི་སྐྲ་ལོ་ཡང་སོག་འདབས་སུ་སླེབས་ནས་ཟླ་འགའ་འགོར།
གསུམ།
སྒྲོལ་མ་དཀར་མོའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་ཉིན་མགྲོན་པོ་དྲུག་ཅུ་ལྷག་འཛོམས་ཤིང་། རོལ་གཞས་ཀྱི་འུར་སྒྲས་རྣ་དབང་ཡང་འགས་ལ་ཁད་བྱེད། ཁོ་མོའི་ཕ་རྒན་གྱིས་ཟ་འོག་གི་ཕྱུ་ཆེན་ཞིག་ལ་སྐེ་རགས་ལྗང་ཁུ་ཞིག་བཅིངས་ཏེ་མགྲོན་པོ་ཚོར་སྣེ་ལེན་བྱེད་ཞོར་སྒྲོལ་མདཀར་མོར་མིག་བརྡ་བྱས་ནས་གདོང་ལ་འཛུམ་མདངས་ཕྱུང་དགོས་པའི་རྣམ་འགྱུར་བསྟན་ཀྱང་། སྒྲོལ་མ་དཀར་མོ་ནི་གྲོགས་མོ་འགའ་དང་ལྷན་དུ་ཤོག་ཁྲའི་རྩེད་མོ་ལ་མགོ་འཁོར་བ་ལས་མགྲོན་པོ་ཚོའི་དཀྱིལ་དུ་གོམ་པ་གང་ཡང་མ་སྤོས། ཝུ་ཆང་གི་རླབས་ཕྲེང་འཕྱུར་བའི་ཤེས་ཕོར་གཏུགས་པའི་སིང་སྒྲའི་ཁྲོད། མིག་གཅིག་གིས་རང་གིས་སྒྲོལ་མ་དཀར་མོའི་སྐྱེས་སྐར་ལ་ཆེད་དུ་བྲིས་པའི་སྙན་ངག་རིང་པོ་ཐུན་རིང་གི་མཚན་མོ་ཇི་ལྟར་སྐྱེལ་ཞེས་པ་དེ་གྱེར་འདོན་བྱེད་སྐབས། སྒྲོལ་མ་དཀར་མོ་དང་ཁོ་མོའི་གྲོགས་མོ་ཚོས་མིག་གཅིག་གི་སྙན་ངག་གི་ནང་དོན་ཆ་ཚང་ཞིག་མི་གོ་ཡང་ཧ་ལམ་དབུགས་ཀྱང་མི་གཏོང་བའི་ཚུལ་དུ་རྣ་བ་གཏད་དེ་ཉན་འདུག་ཅིག་། དྭངས་གཙང་གི་འོད་ཕྲེང་ཞིག་སྒྲོལ་མ་དཀར་མོའི་མིག་མཐའ་རུ་མཆོང་རྒྱུག་བྱེད། སྙན་ངག་གྱེར་འདོན་བྱས་ཚར་མ་ཐག་<>དུས་དེབ་ཀྱི་གསར་འགོད་པ་པ་སངས་མྱུར་དུ་བརྒྱུགས་ཡོང་ནས་གདོང་ལ་ཡིད་ཚིམ་པའི་མདངས་ཤིག་ཤར་ཏེ་“ངོ་མ་དཔེ་མི་སྲིད་པའི་ཡག་པོ་འདུག སྒྱུ་རྩལ་གྱི་བསླུ་བྲིད་ཟེར་བ་ནི་འདི་འདྲ་ཞིག་ལོས་ཡིན། དེང་སྐབས་གཡག་གྲོང་ཁྱེར་ན་སྙན་ངག་པ་འགའ་ཡོད་ཀྱང་། སྐུ་ཞབས་མིག་གཅིག་དང་བསྡུར་ན་གསེར་དང་ར་གན་ནང་བཞིན་རེད། ཡ། སྙན་ངག་དེའི་པར་བཤུས་ཤིག་ང་ལ་སྤྲོད་རྒྱུ་མཁྱེན། ངས་དེ་རིང་གི་ལྷན་འཛོམས་འདི་མི་བརྗེད་པའི་ཆེད་དུ་<>དུས་དེབ་ཀྱི་སྙན་ངག་ལེ་ཚན་གྱི་དབུ་རུ་འགོད་རྒྱུ་ཡིན”ཞེས་དབུགས་ཐེངས་གཅིག་ལ་བརྗོད་དེ་ཚུར་འབུར་བའི་ལྟོ་བའི་སྒང་ལ་ཐལ་ལྕག་གཅིག་གཞུས་པ་ན། ཕར་ཕྱོགས་ཀྱི་བུ་མོ་ཚོ་ཧབ་ཆ་ཤོར་ནས་དགོང་ཚོགས་འདི་དེ་བས་འཁྲུག་ཆ་ཆེ་རུང་སོང་།
ཕྱི་རོལ་ཏུ་གློག་དམར་འཁྱུགས་ཤིང་དྲག་ཆར་འབབ་བཞིན་ཡོད་ན་ཡང་། ནང་དུ་སྤྲོ་དགས་བཟི་བའི་སྦྱིན་བདག་དང་མགྲོན་པོ་ཚོ་ནི་རང་རང་ས་ན་བཟའ་བཏུང་དང་གླེང་མོལ་ལ་ཅི་དགའ་རོལ་བཞིན་རྩ་ཆེ་བའི་དུས་ཚོད་འདི་ལ་ཚོན་མདངས་མི་འདྲ་བ་རེ་བྱུགས་པར་བྲེལ་བཞིན་པའི་སྒང་རེད། ཡུད་ཙམ་འགོར་རྗེས་ཆར་བ་འབབ་མཚམས་ཆད་དེ་རྒྱང་རིང་གི་མཁའ་མཐའ་རུ་གློག་འོད་རེ་འཁྱུག་ཅིང་། ལྷགས་པ་བསུལ་མོ་ཞིག་གང་སར་ལྡང་སྟེ་མེ་ཏོག་གི་དྲི་ཞིམ་ཞིག་སྤྲོ་ཁང་འདིའི་སྒེའུ་ཁུང་དང་སྒོ་སྲུབ་བརྒྱུད་ནས་ནང་དུ་འཐུལ་ཡོང་བ་ནི་དུས་སྟོན་འདིར་ཆེད་དུ་གོ་སྒྲིག་བྱས་པའི་རང་བྱུང་གི་ལེགས་སྐྱེས་ཤིག་དང་འདྲའོ།།
གཡག་གྲོང་ཁྱེར་གྱི་བུ་མོ་མང་པོ་ཞིག་ཕ་མའི་བཀའ་གསུང་བརྩིས་ནས་རྒྱང་རིང་གི་ས་ཆར་མནའ་མར་འགྲོ་བཞིན་ཡོད་ཅིང་། ཁོ་ཚོའི་ཁྲོད་ཀྱི་ལོ་ན་ཆེ་ཤོས་དེ་གསེར་མཚོ་རེད། ཁོ་མོ་ལོ་བཅུ་དགུ་ལས་སོན་མེད་ན་ཡང་ཨ མ་འདས་པོའི་དེའི་བཀའ་དྲིན་གྱིས་ཁྱིམ་འཛིན་མའི་ལས་ཀའི་ཕྱོགས་སུ་ཧ་ཅང་འཇོན་ཐང་ཡོད་པ་ཞིག་ཡིན་ལ། སྔོན་ཆད་སློབ་འབྲིང་དུ་ཡོད་སྟབས་འབད་བརྩོན་ཆེན་པོས་སློབ་སྦྱོང་བྱེད་མཁན་ཞིག་ཀྱང་ཡིན་སྟབས་དཔེ་དེབ་ཀློག་རྒྱུར་ཧ་ཅང་དགའ་བའི་གཞོན་ནུ་མ་ཞིག་རེད། ཁོ་མོར་རང་གི་བློ་ལ་འབབ་པའི་དགའ་རོགས་ཤིག་ཡོད་པའི་མིང་ལ་བསོད་ཚེ་ཟེར་ཞིང་དེང་སྐབས་གཡག་གྲོང་ཁྱེར་གྱི་གནམ་གཤིས་བརྟག་དཔྱད་རུ་ཁག་ཅིག་ཏུ་བྱ་བ་སྒྲུབ་བཞིན་འདུག གསེར་མཚོ་གནས་ལ་འགྲོ་ཁར་ཁོ་ལ་ཡི་གེ་ཞིག་བསྐུར་ཏེ་ཁོ་མོའི་འདོད་པ་ཡིན་ནའང་ཚེ་གང་གི་བཟའ་ཟླའི་དམིགས་འབེན་ཁོ་ཡང་ཡིན་ཡང་། ཕ་མའི་བཀའ་ལས་འགལ་བའི་ཉེས་པ་ཞིག་འཁུར་མི་འདོད་པའི་དབང་གིས་ད་ནི་ཁོ་ལ་དགོངས་སེལ་ཞུ་དགོས་པ་བྱུང་བའི་སྐོར་བྲིས་ནས་མིག་ཆུ་དང་ངུ་ངག་གི་ཁྲོད་དུ་གོམ་ཁ་རྒྱང་རིང་གི་ཡིད་ངོར་དོན་སྤྱི་ཙམ་ཡང་མེད་པའི་མ་འོངས་པའི་ཚེ་གྲོགས་ཀྱི་སར་སྒྱུར་དགོས་བྱུང་། རྩྭ་ཐང་གི་བུ་མོ་སུ་ཞིག་ཡིན་ཡང་བག་མར་འགྲོ་ཁར་རང་གི་ཕ་མ་དང་གཉེན་ཉེ་སོགས་ལ་ཁ་འབྲལ་གྱི་ལྟ་བ་ཞིག་རྒྱུན་ཆད་དོགས་ཀྱིས་ཕ་མ་གང་མང་ཞིག་གིས་རང་གི་ཤ་ལས་ཆད་པའི་བུ་མོ་ཚོའི་འདོད་པར་བསྟུན་མི་སྲིད་པ་ནི་སྨྲ་མི་དགོས་པ་ཞིག་རེད། མིག་གཅིག་གི་སེམས་ཁམས་ནི་མུ་གེ་བྱུང་བའི་རྩྭ་་ཐང་དང་མཚུངས་པར་མཛེས་སྡུག་གིས་དབེན་ཞིང་དབེན་དགོན་གྱི་དུར་ཁྲོད་དང་འདྲ་བར་ལྷིང་འཇགས་སུ་གནས། ད་ནི་ཁོར་མུ་མཐུད་དེ་སྙན་ངག་འབྲི་འདོད་མེད་ལ་ཚེ་གང་གི་འཚོ་བ་གྲོང་ཁྱེར་ནས་རོལ་འདོད་ཀྱང་མི་འདུག
གྲང་རླུང་འུར་འུར་གཡུགས་པའི་ཁྲོད་ནས་ཁ་བའི་འདབ་མ་ས་གཞིར་འཐོར་བའི་ཞོགས་པ་ཞིག་ལ། ཁོས་ལས་ཁུངས་ལ་དགོངས་ཞུ་ཞིག་ཕུལ་ནས་མཐོ་སྒང་གི་རྫ་གསེབ་ཅིག་ཏུ་ཡོད་པའི་དབེན་དགོན་དེའི་ཕྱོགས་སུ་བྲེལ་སྟབས་ཀྱིས་ཆས་སོང་།
བཞི།
ཞོགས་ཚོགས་ཀྱི་དུང་བརྡ་རིང་མོ་དེས་ཕྱོགས་བཞིའི་རི་ཚོགས་ཀྱི་བང་རིམ་བརྟོལ་ནས་རྒྱང་རིང་གི་གནམ་མཐར་ཡལ། ཉི་མས་བདེ་ལ་འཇམ་པའི་མལ་སའི་ནང་ཁ་ཕར་འཁོར་ཚུར་འཁོར་བྱེད་བཞིན་ད་དུང་ལང་རྩིས་མི་བྱེད་པ་ཨ་ཁུ་རྒྱ་མཚོས་མཐོང་བ་ན། ཁོང་ལ་བཟོད་ཐབས་མེད་པའི་ཞེ་སྡང་ཞིག་སྐྱེས་ཏེ་ཁ་ནས་ཁྱི་ཕྲུག་འདི་ཟེར་ཞོར་ལག་རྙོབ་ཅིག་གིས་ཁོའི་རྒྱབ་ཀྱི་ཉལ་གོས་བཤུས་པ་ན། ཉི་མས་ཨ་ཁུ་ལ་ཞུ་བ་བྱེད་བཞིན་མྱུར་དུ་ལངས་ནས་ཕར་ཕྱོགས་དེར་ཡོད་པའི་གཟན་ཤམ་བླངས་ཏེ་གྱོན་རྗེས་ཤིང་ཟོ་རྙིང་པ་ཞིག་ལས་ཆུ་འཁྱག་སྙིམ་པ་འགའ་གདོང་ལ་གཏོར་རྗེས་རྩིག་ལྡེབས་སུ་བཀའ་བའི་ཐེར་མ་སྨུག་པོའི་ཟླ་གམ་དེ་གྱོན་ནས་སྒོར་བུད། ཤར་ཕྱོགས་ཀྱི་མཁའ་མཐའ་ན་ཐོ་རངས་སྐར་ཆེན་དེ་ཁྲ་སྒོར་རེར་ཡོད་པ་ལས། རྒྱུ་སྐར་གཞན་རྣམས་སྟོང་བའི་དབྱིངས་སུ་རིམ་བཞིན་ཡལ་གྱིན་འདུག ཚོགས་དུང་གཉིས་པ་དང་བསྟུན་ནས་གྲྭ་དམངས་ཀྱིས་འདུ་ཁང་གི་སྒོ་འཕྱོར་འོག་ཏུ་<>མཉམ་སྒྲོག་བྱེད། ཚོགས་དུང་གསུམ་པ་བཏང་ནས་ཡུན་རིང་འགོར་ཞིང་གྲྭ་དམངས་འདུ་ཁང་ནང་འདུས་ཏེ་གསང་སྔགས་ཀྱི་ཆོ་ག་ཞིག་འུར་འདོན་བྱེད། རྐང་ཞབས་ནས་དྲོད་ཅིག་རྒྱས་པ་དང་མཉམ་དུ་ཉི་མའི་མིག་གཉིས་ག་ལེར་ཟིམ་ནས་རྔུར་བ་འཐེན་སྐབས། གར་ཡོང་མོ་ཤེས་པའི་དགེ་བསྐོས་ཁོའི་མདུན་དུ་སླེབས་ཚར་ནས་རྣ་ནང་དུ་སིང་སྒྲ་གྲག་ཅིང་མིག་ལམ་དུ་མེ་སྟག་འབར་བའི་འགྲམ་ལྕག་ལན་འགའ་གཞུས་རྗེས། སྐད་གདངས་དྲག་པོས་“གྲལ་མཇུག་ཏུ་སོང་ནས་ཕྱག་ཚོལ་”ཟེར། ཁོ་སྐྲག་པའམ་ངོ་ཚ་བ་གང་ཡིན་མི་ཤེས་པར་སྙིང་ཁ་འཕར་ཞིང་གདོང་ལ་ཚ་རླབས་ཤིག་འཕྱུར་བཞིན་གྲལ་མཇུག་ཏུ་སོང་ནས་ཧ་ཅང་འཁྱག་པའི་མཁའ་དབུགས་ཀྱི་ཁྲོད་དུ་ཕྱག་འཚལ་སྐབས། གྲལ་མཇུག་དུ་ཡོད་པའི་བན་ཆུང་མ་རབས་འགས་དགེ་བསྐོས་ཀྱིས་མི་མཐོང་སར་ཟླ་གམ་གྱི་ཐུ་འོག་ནས་རྐང་པའི་མཐེའུ་ཆུང་ཕྱིར་བཏོན་ནས་ཁོ་ལ་འཕྱ་སྨོན་བྱས། ཁོ་བན་ཆུང་ཚོའི་སྟེང་ལ་ཁོང་ཁྲོ་ཅི་ཡང་མ་སྐྱེས་པ་མ་ཟད་དེ་ལས་ལྡོག་སྟེ་ཁོ་ཚོའི་དཀའ་སྡུག་གི་འཚོ་བ་རོལ་སྟངས་དེར་གདུང་སེམས་ཆེན་པོ་ཞིག་སྐྱེས་ཏེ་མིག་མཐའ་ནས་མཆི་མ་རྡོག་པོ་འགའ་འཛུམ་བྱུང་། ཞོགས་ཚོགས་ཀྱི་དུས་ཡུན་ནི་ཆུ་ཚོད་གསུམ་ལྷག་ཡིན་ལ་ཕྱི་རོལ་ན་ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག་མོད། ཉི་མས་ད་དུང་དབུགས་ཧལ་བཞིན་གྲལ་མཇུག་ཏུ་མུ་མཐུད་ནས་ཕྱག་འཚལ་འདུག
བྲག་ནག་དགོན་པའི་འདབས་སུ་ཆུ་ཆེན་ཞིག་ནུབ་ཕྱོགས་སུ་བཞུར་བའི་མིང་ལ་འབྲུག་དཀར་གཙང་པོ་ཟེར།
ཉི་མས་ཆུ་ཟེའུ་ཁུར་ནས་གཙང་འགྲམ་དུ་སླེབས་པ་ན་ཤེས་རབ་ཀྱང་དེར་འབྱོར་འདུག ཁོ་གཉིས་ནི་ཤག་མཚེས་ཡིན་ལ་སྔོན་ཆད་སློབ་གྲྭ་གཅིག་གི་སློབ་གྲོགས་ཀྱང་རེད། ད་ནང་ཞོགས་པར་ཉི་ལ་དགེ་བསྐོས་ཀྱིས་ཁྲིམས་ཆད་བཅད་པའི་སྐབས་སུ་ཤེས་རབ་ཀྱང་གཉིད་ཁུག་ཡོད་མོད། ཁོ་རང་གྲལ་མཚེས་ཤིག་གིས་གྲུ་ཕུད་ཅིག་བརྒྱབ་ནས་གཉིད་ལས་བསླངས་པས་དགེ་བསྐོས་ཀྱི་ཐལ་ལྕག་མ་རེག་ཀྱང་སྐྲག་ཐག་ཆོད་ནས་སྙིང་ཡང་ལྟིག་ལྟིག་ཏུ་ལྡིང་དགོས་པ་ཞིག་བྱུང་། ཤེས་རབ་ཀྱིས། “གྲོགས་པོ། རྐང་པ་འཁྱགས་མ་བྱུང་ངམ། ”ཟེར་བ་ན། ཉི་མས་སྐད་གདངས་དམའ་མོའི་ངང་། “ཁྱེད་ཀྱིས་མ་ཤེས་པ་རེད། ཕྱག་འཚལ་བའི་རྗེས་ལ་རྐང་པ་གཉིས་འཁྱགས་ནས་ཤིང་སྐམ་ལྟར་ཚོར་སྣང་མེད་པ་ཞིག་ཏུ་གྱུར་སོང་། དགེ་བསྐོས་ཀྱི་དེ་འདྲའི་བརྙས་བཅོས་གཟེད་ནས་སྡོད་པ་ལས་ཕྱིར་རང་གི་ནང་དུ་ལོག་ན་འདོད་”ཟེར་བཞིན་མིག་མཐའ་མཆི་མས་བསྐོར། གྲྭ་རྐྱང་ལོ་ཆུང་ཚོའི་བར་ན་ཕུ་ནུ་ལྟ་བུའི་བརྩེ་དུང་མཆིས་པས། སྐད་ཆ་དེས་ཤེས་རབ་ཀྱི་སེམས་པ་ཡང་ཧ་ཅང་མི་སྐྱིད་པར་གྱུར་ཏེ། “གྲོགས་པོ་རང་གིས་དེ་འདྲ་བཤད་ན་ང་ཡང་སེམས་པ་སྐྱིད་པོ་མི་འདུག ད་ནི་ལོ་གསར་ཡང་སླེབ་གྲབས་འདུག་པས་ངེད་གཉིས་ཀྱིས་གཟན་ཤམ་གསར་བ་རེ་གྲ་སྒྲིག་བྱེད། ག་རེ། ཁྱེད་ལ་གཟན་ཤམ་ཐབས་གསར་བ་ཞིག་ཕལ་ཆེར་མེད་པ་འདྲ། ཁ་སང་ངའི་ཨ་ཞང་གིས་སྤྲད་པའི་རས་དེས་ཤམ་ཐབས་གཉིས་བཟོས་ན་འདང་ངེས་པས། ངེད་གཉིས་ལ་ཤམ་ཐབས་གསར་བ་རེ་བཟོས་ན་མི་ལེགས་སམ། ད་ལྟ་ངེད་གཉིས་ལོ་ཆུང་དུས་གོས་ཡག་པོ་རེ་གྱོན་མ་ཐུབ་ཚེ། རྒས་དུས་གོས་གསར་བ་རེ་ཕར་ཞོགས་ཇ་ཚ་བོ་རེ་ཡང་ལག་པ་ཡོང་མིན་སུས་ཤེས།” མི་རྒན་པ་ཞིག་དང་འདྲ་བའི་སྐད་ཆ་དེ་བཤད་པ་ན། ཉི་མས་ཆུ་ཟེའུ་པང་ལ་བཀྱགས་ནས་འགྲམ་གྱི་རྡོ་སྟེགས་དམར་མོ་དེའི་སྒང་ལ་བཞག་སྟེ་འཛུམ་ཞོར། “ལོ་གསར་ལ་ཧ་ལས་རྒྱུ་ཅི་ཡོད། ངེད་གཉིས་ལོ་ལོན་ཆགས་རྒྱུར་ལོ་གཅིག་གི་ཇེ་ཉེར་གྱུར་པ་རེད། དེ་ལས་ཁྱེད་ཀྱིས་བྲིས་ཚར་བའི་བརྩམས་སྒྲུང་དེར་ངས་ལོ་གསར་གྱི་གུང་གསེང་སྐབས་ཞལ་མཇལ་ཐེངས་ཤིག་བྱས་ན་མི་ལེགས་སམ།” ཟེར་བཞིན་རེ་བའི་མིག་གིས་ཤེས་རབ་ལ་བལྟས། ཤེས་རབ་ཀྱིས་རྒྱང་རིང་གི་སྨུག་སྤྲིན་གྱིས་བཏུམས་པའི་རི་ཀླུང་ལ་ཡིད་ཙམ་རྒྱང་ལྟ་ཞིག་བྱས་ཏེ། “དེར་བལྟ་སྲོལ་ཞིག་མེད། སློབ་གྲྭ་ཡོད་སྐབས་བྲིས་པའི་རྩོམ་ཡིག་ཅིག་ལ་འགྱུར་བ་མང་པོ་ཞིག་བཏང་རྗེས་ཁ་བྱང་གསར་བ་ཞིག་བཏགས་པ་ཙམ་ཡིན། སྐད་མགོ་དམའ་མོ་བྱས་ནས་མ་གཏོགས་གྲྭ་རྒན་དེ་ཚོས་ཐོས་ན་ངག་འཁྱལ་འབྲི་བཞིན་འདུག་ཟེར་ནས་ཁ་རྡུང་གཏོང་གི་རེད།” ཟེར་བཞིན་ཆུ་ཟེའུ་རྒྱབ་ལ་ཁུར།
ཁ་བའི་ཁྲོད་དུ་ཁོ་གཉིས་ཀྱི་རྐང་རྗེས་ཟབ་མོ་འགའ་འཁྱག་འཁྱོག་ཏུ་ལུས་འདུག་ཅིང་། འོད་མེད་པའི་ཉི་མ་གཅེར་བུ་ཞིག་སྤྲིན་ནག་སྟུག་པོ་ཞིག་གི་གསེབ་ལས་ཡུད་ཙམ་མངོན་རྗེས་མི་སྣང་བར་གྱུར། རྒྱང་རིང་གི་རི་སྒང་དེར་ཁ་དོག་སྣ་ཚོགས་ཀྱི་དར་ལྕོག་བཙུགས་ཡོད་པ་ཡང་གངས་སྨུག་གི་ཁྲོད་དུ་མཐོང་ཙམ་ཡལ་ཙམ་བྱེད།
ཉིན་འདི་དག་གི་རིང་ལ་མིག་གཅིག་གི་ལུས་སེམས་གཉིས་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་འདྲ། ཁོས་མགོ་སྐྲ་རིང་པོ་སོག་འདབས་སུ་སླེབས་པ་དེ་བཞར་ནས་མགོ་རིལ་བཟོས་ཤིང་ཁུག་མ་མང་པའི་གསར་འགོད་པའི་ལྭ་བ་ཐལ་མདོག་དེའི་ཚབ་ཏུ་མདོག་དམར་སྨུག་གི་གཟན་ཤམ་ཆ་ཚང་ཞིག་གྱོན་ནས་གྲྭ་ཤག་རྙིང་པ་ཞིག་ཏུ་“རིག་ལམ་འཕྲུལ་ལྡེ་”ཟེར་བའི་ཚད་མའི་དཔེ་ཆ་སྣ་རིང་ཞིག་ལ་ལྟ་བཞིན་འདུག ཐོག་མར་གཅིན་པ་གཏོང་སྐབས་ཙོག་བུར་སྡོད་དགོས་པ་དང་ལུས་སྟོད་དུ་ལྷེབ་དཀྲིས་བྱས་པའི་གཟན་དེ་ཐང་ལ་ལྷུང་འགྲོ་བ་སོགས་དཀའ་ངལ་མང་ཙམ་བྱུང་ཡང་། རིམ་གྱིས་གོམས་པ་ན་དེ་དག་ཀྱང་རབ་བྱུང་བའི་འཚོ་བ་དང་འདྲ་བར་བབ་ཆགས་དང་སྟབས་བདེ་ཞིག་ཡིན་པའི་ཚོར་བ་ཞིག་སྐྱེས་ཏེ་རང་གིས་སྔོན་ཆད་རོལ་བའི་འཚོ་བ་ནི་དེ་འདྲའི་རྙོག་འཛིང་དང་དོ་མི་མཉམ་པ་ཞིག་ཏུ་མངོན། སྔ་མོར་ལངས་ཏེ་ཞོགས་ཚོགས་ལ་འགྲོ་སྐབས་དང་དགོང་མོར་ཁང་པའི་ཐོག་ཁར་འཛེགས་ཏེ་སྐྱོར་སྦྱོང་བྱེད་སྐབས་ཆོས་སྡེ་འདིའི་གྲྭ་བ་མང་པོ་ཞིག་གིས་སྙན་གྲགས་ཆེ་བའི་རྩོམ་པ་པོ་ཞིག་རབ་ཏུ་བྱུང་སྟེ་དགོན་པ་འདིར་གནས་བཅས་པ་ཤེས་ནས་མིག་གཅིག་ལ་གུས་ཞབས་དང་ཡིད་སྨོན་གྱི་རྣམ་འགྱུར་སྟོན་བཞིན་འདུག་པས། དེ་ནི་མིག་གཅིག་གནས་འདིར་འཆིང་བའི་ཞགས་པ་ཞིག་དང་འདྲ་པར་ཁོ་རང་ལ་ལས་ཁུངས་ནང་གི་གྲོགས་པོ་ཚོའི་རྣམ་འགྱུར་དང་སྐད་ཆ་ནི་བྲོ་བ་མེད་ཅིང་གནས་འདིའི་ཡོིད་ཚད་དེ་འདྲའི་དྭངས་གཙང་དང་མ་བཅོས་པ་ཞིག་ཏུ་སྣང་སྟེ། ཟླ་བ་ཧྲིལ་བོ་བཅུ་གཉིས་མིག་རྡེབ་ཙམ་གྱི་ཡུན་ལ་འདས་སོང་། དེའི་རིང་གི་དུས་ཚོད་མང་ཆེ་བ་ནི་སློབ་སྦྱོང་དང་ལུས་རྩལ་གྱི་ཕྱོགས་སུ་བཏང་བས། ཁོ་ནི་ཞི་དྲག་གཉིས་འཛོམས་གྱི་དགེ་སློང་ཞིག་རེད་ཅེས་གྲྭ་གཞོན་མང་པོ་ཞིག་གིས་བསྔགས་བརྗོད་ཀྱི་མཐེ་བོང་ཀེར།
ལྔ།
གཡག་ཤི་སྲང་ཆེན་གྱི་བཞི་མདོ་རུ་ཕ་བོང་འབྲོང་རོ་ཙམ་ཞིག་ཡོད་ཅིང་། དེ་ཇི་འདྲ་ཞིག་ཡིན་པའི་སྐོར་ལ་གྲོང་ཁྱེར་འདིའི་བགྲེས་པོ་ཚོའི་བསམ་ཚུལ་གཅིག་མཐུན་ཞིག་གནའ་ནས་ད་བར་བྱུང་མེད། གུ་རུ་རྒྱལ་མཚན་ནི་ངོ་མཚར་ཅན་གྱི་སྒྲུང་མཁན་ཞེས་པའི་བྱ་དགའི་མིང་བྱང་ཐོབ་མྱོང་མཁན་ཞིག་ཡིན་ཞིང་། ཁོས་“འཛམ་གླིང་གེ་སར་རྒྱལ་པོའི་ཨ་མི་བྱང་ཆུབ་འདྲེ་འཁོལ་མཆོད་གནས་སུ་གདན་དྲངས་སྐབས་ཁོང་གིས་ཕ་བོང་འདི་ཆིབས་ཏེ་ཕྱོགས་བཞིའི་གདོན་ཆེན་བཏུབ་བ་རེད་”ཟེར་ཞིང་། ཁོང་གི་ལྟ་ཚུལ་དེ་བློར་མ་བབས་པའི་ཞིབ་འཇུག་པ་རྒྱ་མཚོས། “གནའ་རྫས་རྟོག་ཞིབ་བྱེད་དུས་ལོ་རྒྱུས་ཀྱི་བདེན་དཔང་ངེས་པར་དུ་དགོས། འདི་ནི་ཀླུ་འབུམ་མི་རྒོད་ཀྱིས་རྩེ་ཕོ་བྲང་པོ་ཏ་ལ་གཏོར་རྩིས་ཀྱིས་འཕངས་ཀྱང་མ་ཕོག་པའི་རྡོ་ཕ་བོང་དེ་རེད། ཁྱོད་རང་ཡིད་མི་ཆེས་ན་རྨོངས་དད་བྱོས། ཟེར་བ་ན། རལ་པ་མགོར་དཀྲིས་ཤིང་ཁ་མུག་མུག་གིས་བཛྲ་གུ་རུ་བགྲང་བཞིན་པའི་སྔགས་འཆང་བགྲེས་པོ་དེས་བདེན་ཅོག་ཅོག་གིས། “ཁྱོད་རང་གཉིས་ཀྱི་ལྟ་ཚུལ་དེ་ནོར་བ་རེད། ཡིན་ངོ་མ་འདི་ནི་སློབ་དཔོན་ཆེན་པོས་རྗེ་འབངས་ཉེར་ལྔ་ཕུར་བ་ཡང་ཏིག་གི་བཀའ་དབང་གནང་སྐབས་ཀྱི་བཞུགས་ཁྲི་རེད། དེང་སྐབས་ཀྱི་བསོད་ཟད་སུ་ཞིག་གི་རྣར་འགྲོ་”ཟེར་ནས་གདོང་ལ་ཕངས་བའི་ཉམས་ཤིག་ཤར། འགྲམ་དེར་འཇམ་ཅག་གེར་ཉན་འདུག་པའི་རི་ཁྲོད་པ་དེས་ཁ་ཏོན་གྱི་མཇུག་བསྡུས་རྗེས་ཧ་ཅང་འཇམ་པའི་ངག་གིས། “ངོ་མ་བཤད་ན་དེ་འདྲ་རྩ་བ་ནས་མ་རེད། ཕ་བོང་འདི་ནི་རྗེ་བཙུན་མི་ལ་རས་པ་དང་ན་རོ་བོན་ཆུང་གཉིས་ཀྱིས་གྲུབ་རྟགས་འགྲན་སྐབས་རྗེ་བཙུན་གྱིས་ཕ་བོང་གཤགས་ཏེ་ཁང་པ་ཕུབ་དུས་ཀྱི་འགྲམ་སྐྱོར་རེད། རྣར་མི་འགྲོ་ན་འདིའི་སྟེང་གི་རྗེ་བཙུན་གྱི་ཞབས་རྗེས་ལ་ལྟོས་དང་།” ཟེར་ནས་གཞན་དག་ལ་བདེན་ཁ་མི་སྟེར། གང་ལྟར་ཕ་བོང་འདིའི་སྟེང་དུ་འགོས་ནས་རྩེད་མོ་རྩེ་མཁན་གྱི་བྱིས་པ་སུ་ཞིག་ཡིན་ཡང་ཕ་མ་ཚོས་ཤེས་ཚེ་གཤེ་གཤེ་གཏོང་ངེས་ཡིན་ལ། ཉི་མ་དྲོ་སྐབས་རྒན་རྒོན་འགའ་རེས་ལག་ཏུ་ཕྲེང་བ་དང་མ་ཎི་འཁོར་ལོ་ཐོགས་ཏེ་སྐོར་བ་བྱེད་པར་བལྟས་ན། ཕ་བོང་འདིའི་གསང་བ་དེ་ཡང་གྲོང་ཁྱེར་འདིའི་འཚོ་བའི་གྲུབ་ཆར་གྱུར་ནས་མི་ལོ་ཅི་ཙམ་ཞིག་འདས་ཡོད་པ་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད།
དེ་རིང་ཕྱི་དྲོར། ནུབ་ཕྱོགས་ནས་འོངས་པའི་སྤྲིན་པ་ནག་པོ་ཞིག་དཀྱིལ་ནས་ལོའི་འདིའི་ཁ་བ་འབབ་ཐེངས་རྗེས་མ་དེ་དཀར་ཤག་ཤག་ཏུ་ས་གཞིའི་ཕང་བར་བབས་ཤིང་། མཚམས་ཤིག་ལ་འཇམ་ཞིང་དལ་བའི་འབྲུག་སྐད་ཅིག་ཐེངས་འགའ་གྲགས་རྗེས། ཁ་དོག་ལྔ་ལྡན་གྱི་འཇའ་རིས་ཤིག་གཡག་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་མངོན་པའི་སྣེ་གཅིག་བཤད་ཚུལ་མང་པའི་ཕ་བོང་དེའི་སྟེང་དུ་ཟུག་ཅིང་། དེ་མ་ཐག་ཕ་བོང་གི་མཐའ་རུ་སྐོར་བར་འགྲོ་བཞིན་པའི་རྒན་རྒོན་ཚོའི་སྣ་ལམ་དུ་སྔོན་ཆད་མྱོངས་མ་མྱོང་བའི་དྲི་ཞིམ་ཁྱད་པར་བ་ཞིག་འཐུལ་བས། རྒན་རྒོན་ཚོའི་ཁྲོད་དུ་སླར་ཡང་ཕ་བོང་དེའི་རྩ་ཆེན་རང་བཞིན་གྱི་རྩོད་གཞི་ཞིག་འབུས་ཏེ་དད་པ་དང་དོགས་པ་འདྲེས་མའི་རང་རང་གི་གནས་ལུགས་བགྲང་བཞིན་ཆུ་ཚོད་གང་འཚམ་རིང་བསྡད་རྗེས་ཁ་བ་དང་ལྷན་དུ་ལྡང་འོང་བའི་གྲང་ངར་གྱི་རེག་བྱ་མ་བཟོད་པར་རང་རང་གི་ཁྱིམ་དུ་མི་ལོག་ཀ་མེད་བྱུང་།
ཁྱི་སྨྱོན་རྩྭ་ཐང་ནས་མར་རྩམ་དང་ཀོ་ལྤགས་སྣ་ཚོགས་ཁྱེར་ཏེ་གཡག་གྲོང་ཁྱེར་ནང་འཚོང་བར་བསྐྱོད་པའི་འབྲོག་པ་སྐོར་ཞིག་གིས་དེ་རིང་གི་སྣང་ཚུལ་འདི་གསར་འགྱུར་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྱིར་ཁྱི་སྨྱོན་རྩྭ་ཐང་དུ་ལོག་རྗེས་གཅིག་གིས་གཉིས་དང་གཉིས་ཀྱིས་བཞི་ལ་བསྒྲགས་མཐར་རྩྭ་ཐང་འདིའི་ཆོས་དད་ཆེ་བའི་རྒན་རྒོན་ཚོ་གཅིག་བཟུང་གཉིས་ཤོར་གྱིས་ཕ་བོང་རྩ་ཆེན་དེར་མཇལ་དུ་ཡོང་སྟེ་རང་རང་གི་ལུས་སེམས་ཀྱི་སྡུག་བསྔལ་ཡོད་ཚད་དེ་ལ་ཞུས།
གསར་དུ་ལས་གནས་སྤར་བའི་གསར་འགོད་པ་སྤེན་ནོར་གྱིས་གནས་ཚུལ་འདི་ཤེས་མ་ཐག་<>གི་ངོས་སུ་<>ཞེས་པའི་ཕྱེད་ཀ་བདེན་ལ་ཕྱེད་ཀ་སྒྲོ་འདོགས་ཡིན་པའི་གསར་འགྱུར་ཞིག་སྤེལ་བ་ན། གཡག་གྲོང་ཁྱེར་ཧྲིལ་བོའི་ལས་བྱེད་ཆེ་ཆུང་ཚང་མས་ལས་ཁུངས་ལ་དགོངས་པ་ཞཱུས་ཏེ་ཕ་བོང་རྩ་ཆེན་དེའི་བྱིན་རླབས་ཞུ་རྒྱུའི་འདོད་ཚུལ་གླེང་། མི་གཅིག་ཀྱང་མ་ལུས་པར་མཇལ་ཁ་རེག་ཆེད་གཡག་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་བཀོད་སྒྲིག་བཞིན་མི་ཚོགས་ཀྱི་བང་རིམ་བསྒྲིགས་པ་ན། གཡག་གྲོང་ཁྱེར་ལ་དཀྲིས་དགུ་བརྒྱབ་ཀྱང་བང་རིམ་གྱི་མཇུག་མ་རྫོགས་པས། ལྷག་མ་ཁྱི་སྨྱོན་རྩྭ་ཐང་དུ་སོང་ནས་གྲལ་བསྒྲིག་དགོས་བྱུང་ཞིང་། ཉིན་ཞག་ཧྲིལ་བོ་དགུའི་རྗེས་སུ་ལས་བྱེད་མཐོ་ཤོས་ཀྱི་གྲས་ཚར་ན་ཡང་། ལས་བྱེད་འབྲིང་དཀྱུས་དང་སློབ་མ། བཟོ་བ་དང་ཞིང་བ། འབྲོག་པ་དང་གྲྭ་བཙུན་སོགས་རྐང་པ་ཤིང་སྐམ་ལྟར་རེངས་ན་ཡང་ལྟོགས་སྐོམ་གྱི་གདུང་བ་ཁྱད་དུ་བསད་ནས་རང་ཉིད་ཀྱི་རེས་ལ་ནམ་སླེབས་བསྒུགས།
རང་བྱུང་ཁམས་ཀྱི་སྣང་ཚུལ་གྱིས་འགྲོ་བ་མིའི་རིགས་ཀྱི་ཀླད་རྩར་བཀག་སྡོམ་བྱེད་བཞིན་པའི་དུས་རབས་འདིར། ང་ཚོའི་ཁྱི་སྨྱོན་རྩྭ་ཐང་གི་འབྲོག་པ་ཚོ་ཡང་དུས་བཞི་དང་འབྱུང་བཞིའི་རྡུང་རྡེག་ལ་ལ་འཇིགས་ནས་སྙན་གྲགས་ཉིན་བཞིན་འབར་བའི་ཕ་བོང་དེར་བྱིན་རླབས་ཞུ་དུ་སོང་ནས་ཉི་མ་ག་ཚོད་འགོར་མིན་མི་ཤེས་ཀྱང་། གནའ་བོའི་རྩྭ་ཐང་འདི་དང་དེང་རབས་ཅན་གྱི་གཡག་གྲོང་ཁྱེར་གཉིས་ཀྱི་བར་ལ་ཀྱག་ཀྱོག་ཡིན་ལ་ཟབ་ཚད་མི་འདྲ་བའི་རྐང་ལམ་མང་པོ་ཞིག་མཐོང་རྒྱུ་ཡོད་པར་བལྟས་ན། ཧ་ལམ་ཟླ་བ་གསུམ་བཞི་ཙམ་གྱི་རིང་ལ་འདི་འདྲའི་ལམ་ཕྲན་གྱི་གྲངས་ཀ་འཕེལ་ག་ལ་ཐུབ།
དབེན་དགོན་འདིར་གནས་ཚུལ་དེ་ཐོག་མར་ཐོས་མཁན་ནི་ཉིན་དེར་གཡག་གྲོང་ཁྱེར་ནང་གློག་བརྙན་ལ་ལྟ་རུ་སོང་བའི་ཚུལ་ཁྲིམས་ཡིན་ཞིང་། གསར་འགྱུར་དེ་མིག་གཅིག་ལ་བཤད་པ་ན། མིག་གཅིག་ནི་རེ་ཞིག་ཧ་ལས་ནས་སྨྲ་བ་མེད་པར་ལུས་ཤིང་། ཡུད་ཙམ་འགོར་རྗེས། “དད་པ་ཡོད་ན་ཁྱི་སོ་ལས་རིང་བསྲེལ་འབྱུང་ཟེར་བ་ནི་ངོ་མ་རེད། རང་ཅག་གྲོགས་པོ་ཚོ་ཡང་ཕ་བོང་རྩ་ཆེན་དེའི་བྱིན་རླབས་ཞུ་རུ་འགྲོ་”ཟེར་བ་ན། ཚུལ་ཁྲིམས་ཀྱིས་ཐེ་ཚོམ་གྱི་སྒོ་ནས། “གྲྭ་རྒན་ཚོས་ཅི་ཟེར་མི་ཤེས། དགོན་པའི་ནང་གི་གསེར་དངུལ་གྱི་ལྷ་སྐུ་དེ་དག་བཞག་ནས་རྡོ་ལོག་ཅིག་ལ་མཇལ་དུ་སོང་ན་་་་་་་་” ཟེར་ཞིང་གདོང་ཕངས་བའི་ཉམས་ཤིག་ཤར།
མིག་གཅིག་ལ་ཆུང་དུས་ཨུ་ཚུགས་ཆེན་པོ་ཞིག་ཡོད་པས་དེ་མ་ཐག་སྤྲུལ་སྐུ་ཟླ་བའི་གཟིམ་ཁང་དུ་བཅར་ནས་ཕྱག་གསུམ་བཙལ་རྗེས། “དེང་སྐབས་གཡག་གྲོང་ཁྱེར་ན་བྱིན་རླབས་ཅན་གྱི་ཕ་བོང་ཞིག་ཡོད་ཚུལ་གླེང་བཞིན་འདུག་པས། ཁྱེད་ཚང་ལ་ཐུགས་མོས་ཡོད་ན་ང་དང་མཉམ་དུ་་་་་་་” མཚམས་དེར་སྤྲུལ་སྐུ་ཟླ་བས་ཕྱག་བརྡ་ཞིག་བྱས་ནས་ཁོའི་བཤད་མཚམས་བཅད། “ཙིར་”སྒྲ་ཞིག་དང་མཉམ་དུ་གཡོན་ཕྱོགས་ཀྱི་སྒོ་ཆུང་དེ་ཕྱེ་ནས་སྤྲུལ་སྐུའི་ཕྱག་མཛོད་དང་དགོན་པའི་དབུ་མཛད་ཡིན་པའི་ཁོང་གི་ཞང་པོ་དགེ་འདུན་གྱིས་ཤིང་སྡེར་གྲུ་བཞི་ཞིག་གི་ནང་དུ་བོད་ཇ་དཀར་ཡོལ་འབྲུག་རིས་མ་གང་བཞག་པ་ཞིག་ཁྱེར་ཡོང་ནས་མིག་གཅིག་གི་མདུན་དུ་བཞག་རྗེས་གདོང་མདོག་ནག་རོག་གེར་འགྲམ་དེར་བསྡད་སོང་བས། སྤྲུལ་སྐུ་ཟླ་བ་དང་མིག་གཅིག་གཉིས་ཀྱིས་རྒྱུན་ལྡན་གྱི་ཁ་བརྡ་འགའ་བྱས་ནས་ཁ་གྱེས་དགོས་བྱུང་།
སྤྱིར་བཏང་གཡག་གྲོང་ཁྱེར་དང་བྲག་ནག་དགོན་པ་གཉིས་ཀྱི་བར་ཐག་ན་སྤྱི་ལེ་ལྔ་བཅུ་ཙམ་ལས་མེད་ལ། རྟར་བཞོན་ནས་སོང་ན་ཉིན་གཅིག་གིས་སླེབ་ཐུབ་མོད། མིག་གཅིག་ལ་ཞོན་རྟ་མེད་ཅིང་སྐབས་དེར་གཞུང་ལམ་ཡང་ཁ་བས་མནན་ནས་རླངས་འཁོར་གྱི་འགྲུལ་བཞུད་ཀྱང་མཚམས་བཞག་འདུག་པས། ཁོས་ཤ་སྐམ་དང་རྩམ་པ་ཅུང་ཟད་ཁུག་མ་ཞིག་གི་ནང་བླུགས་ཏེ་རྐང་བགྲོད་ཀྱི་ངལ་བ་དང་དུ་བླངས།
གཡས་གཡོན་གྱི་རི་སྒང་ནི་གངས་སྨུག་གིས་བཏུམས་ནས་གསལ་བོར་མཐོང་མི་ཐུབ་ལ། མང་ཆུ་སྔོན་མོ་ཡང་འཁྱག་རུམ་གྱི་བཙོན་དུ་ཚུད་པས་ཤབ་ཤུབ་ཀྱི་སྨྲེ་སྔགས་འདོན་བཞིན་རྒྱང་རིང་ནུབ་ཕྱོགས་སུ་བཞུར། རྒྱང་རིང་གི་གངས་ཐང་དེར་ནོར་ནག་ཁྱུ་འགའ་ནག་སོག་སོག་མཐོང་ཙམ་ཡལ་ཙམ་བྱེད། མིག་གཅིག་ནི་ཕྱི་རོལ་གྱི་ཡུལ་ལྗོངས་ལ་གཡེངས་ཏེ་སོང་བས་ལྟོགས་སྐོམ་གྱི་རེག་བྱ་ཡང་མ་ཚོར་བར་ཁ་བའི་ཁྲོད་ཀྱི་ལམ་ཕྲན་ཞིག་དེད་ནས་མུ་མཐུད་འགྲོ་སྐབས། གློ་བུར་དུ་གཡས་ཕྱོགས་ཀྱི་རི་འདབས་ནས་འབྲོག་ཁྱི་ཆེན་པོ་ཡར་བེའུ་ཙམ་ཞིག་གིས་ཟུག་སྐད་སྐྱི་གཡའ་བ་ཞིག་སྒྲོག་བཞིན་ཁོའི་ཕྱོགས་སུ་མཐོང་ཡོང་བས། ཁོ་ནི་སྐྲག་ཐག་ཆོད་དེ་ཕྱིར་ནུར་འགའ་བྱས་པ་ན། སྟབས་མ་ལེགས་པར་རྐང་པ་རྒྱབ་ཕྱོགས་ཀྱི་རྡོ་བ་ཞིག་ལ་ཐོགས་ཏེ་གན་རྐྱལ་དུ་འགྱེལ་བས། འབྲོག་ཁྱི་དེས་འཇིགས་སུ་རུང་བའི་ཁ་ཆེན་པོ་ཞིག་གདངས་ནས་ཁོའི་སྟེང་དུ་་་་་་་་་
དྲུག
ཉིན་ཞག་ཅི་ཙམ་འགོར་བ་མི་ཤེས་པར་དྲོ་ཞིང་འཇམ་པའི་རེག་བྱ་ཞིག་གིས་མིག་གཅིག་གི་རྨི་ལམ་ལྟ་བུའི་སྣང་བ་དེ་དཀྲོགས་པ་ན། ཐོག་མར་མིག་ལམ་དུ་མངོན་པ་ནི་འོད་ཆེམ་ཆེམ་གྱི་འདྲེན་བྱེད་གཉིས་ཡིན་ཞིང་། དེར་མཐུད་ནས་གཟེངས་མཐོ་བའི་སྣ་དང་དམར་ཞིང་ཆུང་བའི་མཆུ་སྒྲོས། སྤྲིན་དཀར་ལྟ་བུའི་མྱོས་བུམ་་་་་་་་་
“ཨ་་་ ་་་་”ཁོས་སྐད་ཆེན་པོ་ཞིག་བརྒྱབ་ནས་ཡར་ལངས་རྩིས་བྱེད་དུས། ཁོ་ལ་དམ་དུ་འཁྱུད་པའི་མཛེས་མ་དེས་གསེར་གྱི་དྲིལ་ཆུ་འཁྲོལ་བ་ལྟ་བུའི་སྐད་ཀྱིས། “ཨ་ཇོ་ལྷོད་ཙམ་གྱིས་དང་། ངའི་ཡོད་ཚད་ཁྱེད་ཀྱི་རེད་ཡ། ཆུ་ཤེལ་གྱི་ཕོ་བྲང་དང་གསེང་དངུལ་གྱི་བང་མཛོད། བེེ་དཱུརྱའི་་་་་”
ཁ་ཚུམས།” མིག་གཅིག་གིས་མོའི་བཤད་མཚམས་བཅད་དེ་ཡར་ལངས་པ་ན། ཁོའི་ལུས་ན་གོས་སེན་མོ་ཙམ་ཡང་མེད་པར་དམར་ཧྲེང་དུ་འདུག་ཅིང་། ད་དུང་“དེ”ཡང་གྱེན་དུ་འགྲེངས་འདུག་པས་དེ་མ་ཐག་ངོ་ཚ་ནས་མར་བསྡད་དེ། “ངའི་སྡོམ་པ། ངའི་གཟན་ཤམ་་་ ་་་”ཞེས་པ་ཙམ་ལས་ཅི་ཡང་བརྗོད་མ་ཐུབ། བུ་མོ་དེའུ་གཟུགས་བྱད་དང་སྐད་གདངས་ལས་སྒྲོལ་མ་དཀར་མོས་བཞག་པའི་བག་ཆགས་ཀྱི་མྱུ་གུ་ཞིག་འབུས་ན་ཡང་། མོའི་བྲང་ཁ་ན་སྨེ་བ་དམར་པོ་མཐེབ་རྡོག་ཙམ་ཞིག་ཡོད་པ་ལས་འོད་དཀར་པོ་ཞིག་འཕྲོ་བཞིན་ཡོད་པས། མིག་གཅིག་གི་མགོ་བོ་རྨོངས་ཏེ་མིག་རིག་རིག་ཕྱོགས་བཞིར་ལྟ་སྐབས། མིག་གིས་མཐོང་རྒྱུ་ཕར་ཞོགས་མིང་ཙམ་ཡང་གོ་མ་མྱོང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡོ་བྱད་དུ་མ་ལས་དཀར་སེར་དམར་ལྗང་གི་འོད་སྣང་འཕྲོ་བ་དང་། རྣ་བར་སྙན་པའི་སྒྲ་དབྱང་སདང་སྙིང་ལ་སིམ་པའི་བསུང་ཞིམ། ་་་ ་་་
དེ་དང་དེ་ཡིས་ཁོའི་ཡིད་ལ་“ལྷ་ཡུལ་”ཞེས་པའི་ཐ་སྙད་དེ་མི་འཁོར་ཀ་མེད་བྱུང་། འཇིགས་སུ་རུང་བའི་ཁྱི་རྒན་དེས་རང་ཉིད་ཀྱི་ལུས་པོ་དམར་ཟོས་བྱས་པ་མིན་ན་མི་གསོན་པོ་ཞིག་ལྷ་ཡུལ་དུ་ཇི་ལྟ་སླེབས། ཁོས་སེམས་གཏིང་ནས་ཁྱི་རྒན་དེར་བཀའ་དྲིན་ཆེ་ཞུས། བུ་མོ་དེས་དེ་མ་ཐག་ཁོའི་སེམས་ཀྱི་གསང་བ་རྟོགས་པ་ལྟར། “ཨ་ཇོ། ཁྱེད་རང་ནོར་སོང་། ང་ནི་ས་འདིའི་གཞི་བདག་ཅིག་གི་བུ་མོ་ཡིན་ཞིང་མིང་ལ་སྒྲོལ་མ་དཀར་མོ་ཟེར། ངའི་སྐྱེ་བ་སྔོན་མ་དེ་གཡག་གྲོང་ཁྱེར་གྱི་ཁྱིམ་ཚང་འབྱོར་ལྡན་ཞིག་གི་བུ་མོར་སྐྱེས། ཁོ་མོའི་ཕ་རྒན་གྱིས་བཙན་ཤེད་སྤྱད་དེ་མོ་རང་བཙུན་མ་བྱེད་དུ་འཇུག་རྩིས་བྱས་པས། ཁོ་མོས་རང་གི་བརྩེ་དུང་དེ་རྩ་ཆེན་དུ་བརྩིས་ནས་འབྲུག་དཀར་གཙང་པོའི་ནང་མཆོངས་་་ ་་་་་
མིག་གཅིག་གི་སེམས་ཁམས་སུ་མེ་ཕུང་ལྟ་བུའི་འདོད་བརྩེ་ཞིག་འབར་ནས་བུ་མོ་དེར་འཁྱུད་དེ་མིག་ཟུང་ལས་མཆི་མ་དྲག་ཏུ་བཞུར།
མིག་གཅིག་གི་འདོད་པ་རེ་ཞིག་ཚིམ་རྗེས་ད་གཟོད་རང་གི་དམ་བཅའ་དང་གཟན་ཤམ། དབེན་དགོན་དང་ཆོས་གྲོགས་སོགས་གཅིག་འཕྲོར་གཅིག་བྱས་ནས་སེམས་སུ་ཤར་ཞིང་། ཞོགས་ཚོགས་ཀྱི་འདོན་པ་དང་དུང་ཆེན་གྱི་སྒྲ་དབྱངས་ལ་ཞེན་ཆགས་ཤིག་ངམ་ངམ་ཤུགས་ཀྱིས་སྐྱེས་ན་ཡང་། མིའི་སྐྱེ་ཁམས་ཀྱི་ནུས་པ་ནི་གཞན་གང་ཞིག་ལས་ཀྱང་སྟོབས་ཆེ་བས་རེ་ཞིག་འདོད་ཡོན་གྱི་བདེ་བ་འདི་བློས་མ་ཐོངས།
འོད་ཆེམ་ཆེམ་གྱི་ཕོ་བྲང་འདི་ནང་ཉིན་ཞག་གི་དབྱེ་མཚམས་འབྱེད་དཀའ་ན་ཡང་། རོ་བརྒྱ་ལྡན་པའི་ཟ་མ་ཧ་ཅང་མང་པོ་ཞིག་ཟོས་ཀྱང་སྐྱག་པ་གཏོང་མི་དགོས་པ་དེར་མིག་གཅིག་གིས་དོ་སྣང་བྱེད་དགོས་བྱུང་ཞིང་། རང་ལ་ཡོད་ཚད་བསྟུན་པའི་བུ་མོ་དེ་འགྲམ་ན་མེ༣ད་པའི་སྐབས་ཤིག་ཁོ་རྩིག་ཟུར་ཞིག་ཏུ་སོང་སྟེ་དབུགས་ཁོག་ཏུ་བཅུག་ནས་ཤུགས་ཡོད་ཚད་ཀྱིས་སྐྱག་པ་གཏོང་རྩིས་བྱས་ཀྱང་རང་ཉིད་ཀྱི་དཔྲལ་བ་དང་མགྲོན་པ་ནས་ཁྲག་རྩ་སྦོས་པ་ལས་སྐྱག་པ་རྡོག་གཅིག་ཀྱང་མ་ཡོང་།
བརྩེ་བ་ནི་བརྩེ་བ་རང་རེད། མིག་གཅིག་བུ་མོ་དེ་དང་འགྲོགས་ནས་ཅི་ཙམ་བསྡད་པ་དེ་ཙམ་གྱིས་འཚོ་བ་ལ་འོད་སྣང་དང་བདེ་དྲོད་འབར།
འོན་ཀྱང་ཡ་མཚན་པ་ཞིག་ལ་བུ་མོ་དེའི་ལང་ཚོའི་མཛེས་སྡུག་ནི་ག་ལེར་ཉམས་ནས་ཐོག་མའི་ལྷའི་གཟུགས་བརྙན་ལྟ་བུ་དེ་ད་ནི་མི་མོ་ཕལ་བའི་གྲས་སུ་ལྷུང་བས་མིག་གཅིག་གིས་སེམས་ཁུར་ཆེན་པོས་ཡང་ཡང་དྲིས་པས། ཐོག་མར་ཁོ་མོས་ཅི་ཡང་མི་སྨྲ་ནའང་། མིག་གཅིག་གིས་ཨུ་ཚུགས་ཤུགས་ཆེན་བྱས་པས། མཐར་མོས་དབུགས་རིང་ཞིག་འཐེན་རྗེས་ང་ལ་མིའི་གྲིབ་ཕོག་པ་འདྲ་ཟེར། མིག་གཅིག་རྦད་དེ་ཧང་སངས་ཤིང་། ཁོ་ཡུད་ཙམ་འཇམ་ཐིང་ངེར་བསྡད་རྗེས། “བུ་མོ། དགོངས་པ་མ་ཚོམ། ངས་ཁྱེད་ལ་གནོད་བསྐྱལ་འདུག ད་ནི་ང་རང་ཁྱེད་དང་ཁ་འབྲལ་རྒྱུ་ཡིན་”ཞེས་བཤད་པ་ན། བུ་མོ་དེས་བསམ་བློ་ཅུང་ཟད་བཏང་རྗེས། “འོ་ན་དེ་ལྟར་བྱེད། ངེད་གཉིོས་ཚེ་སྔོན་མར་མཛའ་གྲོགས་ཡིན་པས་རྗེས་སུ་ངས་ཁྱེད་ལ་རོགས་རམ་བྱེད། འདུས་མཐར་འབྲལ་བ་འཇིག་རྟེན་ཆོས་ཉིད་རེད། ཨ་ཇོ། ཁྱེད་ཀྱིས་མིག་ཚུམས་ཤིག་”ཟེར་བས། མིག་གཅིག་གིས་སེམས་པ་སྐྱོ་བའི་ངང་མིག་ཟུང་བཙུམས་པ་ན། ངོ་མ་ཁྲོམ་སྲང་ཞིག་ཏུ་འབྱོར་ཞིང་། དེ་རུ་ཟ་ཁང་དང་ཆང་ཁང་སྣ་ཚོགས་ནི་ཚོས་གཞི་འདྲ་མིན་གྱི་སྒོ་དར་གཡོ་བཞིན་གང་སར་ཁེངས་ཤིང་། གཡག་འདྲུད་འཁོར་ལོ་འགའ་རེ་ཡང་ཡར་འགྲོ་མར་འགྲོ་བྱེད། ཁ་གཏད་ཀྱི་ཆང་ཁང་ཞིག་གི་སྒོ་དར་ངོས་སུ་“ལོ་བརྒྱའི་གདུང་སེལ་ཆང་ཁང་”ཞེས་བྲིས་འདུག་པས། ཁོས་ཡིག་འབྲུ་དེ་ཚོ་ཧ་ཅང་རྒྱུས་ཡོད་ཅིག་ཏུ་སྣང་ནས་ཐད་གར་དེའི་ནང་དུ་འཛུལ། གཟུགས་བྱད་མཛེས་པའི་ཆང་མ་ལོ་ཆུང་ཞིག་ཁོའི་མདུན་དུ་ཡོང་ནས། “གྲྭ་པ་ལགས། ང་ཚོའི་འདིར་རབ་བྱུང་བས་མཆོད་འོས་པ་ཅི་ཡང་མེད། དེ་བས་ཁྱེད་རང་ཕར་ཙམ་ཕེབས་ན་བོད་ཇ་འཐུང་སའི་ཇ་ཁང་ཞིག་ཡོད”ཅེས་བཤད་པས། མིག་གཅིག་གིས་འཛེམ་དོགས་ཅི་ཡང་མེད་པར། “རྒུན་འབྲུམ་དམར་པོའི་ཁུ་བ་ཡོད་དམ།”་ཞེས་དྲིས་པས། ཆང་མ་དེས་དགོད་བཞིན། “ཁྱེད་རང་རབ་བྱུང་ཞིག་ཡིན་པས་་་་་་་་་”
མིག་གཅིག་གིས་གློ་བུར་དུ་ལག་པ་གཉིས་ཐལ་མོ་ཞིག་བརྡབས་ཏེ་སྐད་ཆེན་པོས། “གཟན་ཤམ་གྱོན་ན་གྲྭ་པ་ཡིན་པས་ཁྱབ་པར་ཐལ་ལོ།།” ཞེས་ལན་ཞིག་བཏབ་པས། ཆང་མ་དེ་ཞེད་ཐག་ཆོད་ནས་ལམ་སེང་རྒུན་འབྲུམ་དམར་པོའི་ཁུ་བ་ཤེལ་ཕོར་གང་ཁོའི་མདུན་དུ་བཞག་རྗེས་ཆང་སྒྲོམ་གྱི་ཟུར་ཞིག་ནས་ལྐོག་ལྟ་བྱེད་བཞིན་བསྡད། མིག་གཅིག་གིས་རྒུན་འབྲུམ་ཁུ་བ་དེ་དབུགས་ཐེངས་གཅིག་གིས་བཏུངས་རྗེས་ཁ་ཕྱོར་འཁོར་ནས་ཆང་མར། “རྩམ་པ་དང་ཐུག་པ་ཞིག་ཀྱང་ཡོད་ན་ཁྱེར་ཤོག” ཅེས་བཤད་པ་ན། ཆང་མས། “འདིར་ཟ་མ་ཅི་ཡང་མེད། ཁྱེད་རང་ལྟོགས་ནས་མི་བཟོད་ན་ང་ཟོ་ཞིག” ཟེར་བས། ཁོས་ཆིག་ལབ་ལྟ་བུར་གཞང་འཚོང་མ་ཞེས་རྗོད་བཞིན་ཡར་ལངས་ནས་སྒོར་འགྲོ་རྩིས་བྱེད་སྐབས། ཆང་མ་དེ་རྒྱབ་ཕྱོགས་ནས་བརྒྱུགས་ཡོང་ནས་ཁོའི་གཟན་སྣེར་འཇུས་ཏེ་“ཁྱོད་ཀྱིས་དངུལ་སྤྲོད་མི་དགོས་པའི་རྒྱུ་མཚན་གང་ཡིན་”ཞེས་ཟེར་བཞིན་ཁོང་ཁྲོས་དཔྲལ་རྩ་ཡང་སྦོས། མིག་གཅིག་གིས་རང་གི་རྩབ་ཧྲལ་དུ་གྱུར་པའི་གཟན་ཤམ་ལ་མཛུབ་མོ་བཙུགས་ནས། “ངས་དངུལ་སྤྲོད་མི་དགོས་པའི་རྒྱུ་མཚན་འདི་ཡིན་”ཞེས་བཤད་མ་ཐག ཆང་མ་དེས་ཧ་ཅང་མྱུར་བའི་སྒོ་ནས་ཁོར་འགྲམ་ལྕག་མེ་སྟག་འཚེར་བ་ཞིག་གཞུས་རྗེས། “འོ་ན་འདི་བྱོས། ” ཟེར་བས། མིག་གཅིག་གིས་ཚ་བེར་བེར་བྱེད་པའི་འགྲམ་པ་ལག་པས་སྐྱོར་ཏེ་གང་ཞིག་བྱེད་དགོས་མིན་མ་ཤེས་པར་ཡུད་ཙམ་ལུས། ཆང་མ་དེས་ཁོའི་བཟོ་ལྟ་དེ་མཐོང་ནས་ཕྱིར་ཁྱིམ་དུ་སོང་ནས་རས་ཐུམ་ཞིག་ཁྱེར་ཡོང་སྟེ་ཁོའི་ལག་ཏུ་བཞག་རྗེས། ཅུང་ངོ་གནོང་བའི་ངང་། “ཐུགས་རྒྱལ་མ་བཞེངས། འདི་ན་དངུལ་སྒོར་བཅུ་ཡོད་པས་ཁྱེད་ཀྱིས་བཞེས་ཐུག་ཅིག་མཆོད་སྤྱད་བྱོས།” ཟེར་བཞིན་ཁོར་སྐྱེལ་ཐུང་ཞིག་བྱས། ཁོ་གོམ་པ་སུམ་ཅུ་ཙམ་སོང་བ་ན་བྱིས་པ་ཁྱུ་ཞིག་གིས་སྐད་ཅོར་རྒྱག་བཞིན་ཁོའི་རྩར་རུབ་ནས་ནག་དྲེག་ཆགས་པའི་མཐེ་བོང་བསྟན་ཏེ་སློང་མོ་བརྒྱབ་བྱུང་བས། ཁོས་དང་ཐོག་དེ་ཚོར་ཁ་ཡ་བྱེད་རྩིས་མེད་ནའང་བྱིས་པ་འགའ་རེས་ཁོའི་གཟན་ཤམ་གྱི་སྣེ་རུ་འཇུས་ཏེ་ཤུགས་ཆེན་པོས་འཐེན་པ་ན། ཚེར་སྒྲ་དང་བཅས་གཟན་ཤམ་གྱི་དུམ་བུ་འགའ་རང་སར་ཆད་སོང་བས། ཁོར་བྱ་ཐབས་བྲལ་ནས་དངུལ་སྒོར་གཅིག་བླངས་ཏེ་བྱིས་པ་ཆེ་ཤོས་དེའི་ལག་ཏུ་བཞག་ནས། “འདི་ཁྱོད་ཚོས་བགོ་བཤའ་རྒྱོབ་”ཟེར་བ་ན། བྱིས་པ་གཞན་ཚོས་སྣབས་ཁ་ནང་དུ་སླེབས་པ་ཡང་མི་ཚོར་བར་“ཁོས་ང་ཚོར་བགོ་བཤའ་རྒྱག་གི་མ་རེད། ཁོས་ནམ་རྒྱུན་ང་ཚོ་རྡུང་གི་འདུག” ཟེར་བས་ཁོས་དངུལ་སྒོར་ལྷག་མ་ཚོ་ཡང་བྱིས་པ་ཚོའི་དཀྱིལ་དུ་གཡུགས་རྗེས་མྱུར་དུ་ས་དེ་ནས་ཁ་བྲལ།
ད་ནི་མུན་རུབ་ཟིན་པས་ཁྲོམ་ལམ་གྱི་གློག་བཞུ་སྤར་ཞིང་མིག་གཅིག་གིས་ཉལ་ས་ཞིག་མ་རྙེད་པར་ཕར་རྒྱུག་ཚུར་རྒྱུག་བྱེད། མཚམས་ཤིག་ལ་གད་སྙིགས་གཡག་སའི་ལྕགས་སྒམ་སྟོང་པ་ཞིག་ཕར་ཕྱོགས་ཀྱི་རྩིག་འགྲམ་དེར་བཞག་ཡོད་པ་མཐོང་བས། ཁོས་དཀོན་མཆོག་གི་བཀའ་དྲིན་རང་རེད་ཅེས་ཟེར་བཞིན་དེའི་ནང་དུ་འཛུལ་རྩིས་བྱས་པ་ན། ཡིད་ཕངས་པ་ཞིག་ལ་དེའི་ནང་ནས་དངོས་པོ་ཙར་ཙོར་ཞིག་འགུལ་ཙམ་བྱས་རྗེས། “ཨ་ཕའི་རོ། ངའི་གཉིད་དཀྲོག་མཁན་སུ་ཡིན། སང་ཉིན་རྩིས་རྒྱག་གི་ཡིན་ད།” ཟེར་བས། མིག་གཅིག་གིས་ཁོང་ཁྲོ་ཆེན་པོ་ཟོས་ནས་ཤུགས་མེད་པའི་ངག་གིས། “ཨ་མའི་རོ། སུས་ཁྱོད་ཀྱི་གཉིད་དཀྲོགས་སོང་།” ཞེས་བཤད་རྗེས་ཡང་སྐྱར་ཉལ་ས་ཞིག་འཚོལ་དུ་སོང་། གཡས་གཡོན་གྱི་མགྲོན་ཁང་མང་པོའི་སྒོ་ཁར་གློག་བཞུ་སྣ་ཚོགས་སྤར་ཏེ་མགྲོན་པོ་བསུ་བཞིན་ཡོད་ནའང་ཁོ་ལ་དངུལ་མེད་པས་དེ་དག་ནི་བསམ་བཞིན་ཁོར་ཀླན་ཁ་འཚོལ་བ་དང་འདྲ་བས། ཁོས་སྐད་ཆེན་པོས། “ང་འཁྱག་གི་འདུག ཉལ་ས་ཞིག་ཐུགས་རྗེས་གཟིགས། ”ཞེས་ཐེངས་ཁ་ཤས་བོས་ཀྱང་ཁོ་ལ་ཡ་ལན་བྱེད་མཁན་ཞིག་རྩ་བ་ནས་མ་བྱུང་བའི་ཁར་ནམ་མཁར་ཡང་སྤྲིན་ནག་ཅིག་འཁྲིགས་ཏེ་ཆར་བ་ཆེན་པོ་ཞིག་འབབ་རྒྱུའི་སྟ་གོན་བྱེད།
མཐའ་མར་ཁྱིམ་ཚང་ཞིག་གི་རྒྱལ་སྒོའི་གཡོན་ཕྱོགས་སུ་ཡོད་པའི་ཁྱི་ཚང་སྟོང་པ་ཞིག་རེག་བྱུང་བས། མིག་གཅིག་ནི་དགའ་དྲགས་ཏེ་དེའི་ནང་དུ་འཛུལ་ནས་གཟུགས་པོ་སྒོང་སྒོང་བྱས་ཏེ་ཉལ་མ་ཐག་རྨི་ལམ་གྱི་ཞིང་ཁམས་ཉུལ། མཚམས་ཤིག་ལ་ས་གཞི་ཡོམ་ཡོམ་དུ་འདར་བའི་འབྲུག་སྒྲ་ཞིག་གྲགས་པ་དང་མཉམ་དུ་ཆར་བ་ཆེན་པོ་ཞིག་བབས་བྱུང་བས། ཁྱི་ཚང་གི་ཐོག་འགེབས་ཀྱི་སྲུབ་ཀ་ལས་གྲང་སིལ་སིལ་གྱི་ཆུ་ཐིགས་མང་པོ་ཞིག་མིག་གཅིག་གི་ལུས་པོའི་སྟེང་དུ་ཟགས། ཁོས་སྡུག་སྐད་རྒྱག་བཞིན་ཡར་ལངས་ནས་ཁྱི་ཚང་དེའི་རྩིག་ངོས་སུ་རྡོག་རྒྱག་ཅིག་གཞུས་རྗེས་ཕྱིར་བུད་དེ་མི་ཚང་དེའི་སྒོ་སྐྱིབས་སུ་འགྲེངས་ནས་ཡུད་ཙམ་བསྡད་པ་ན། ཆར་བ་ཡང་ག་ལེར་འབབ་མཚམས་ཆད་ཅིང་ཤར་ཕྱོགས་ཀྱི་མཁའ་དབྱིངས་སུ་སྐར་ཚོམ་གྱི་འོད་མདངས་རིམ་གྱིས་མོག་པོར་གྱུར། མི་འགའ་སྲང་ལམ་དུ་འགྲོ་བ་མཐོང་རྗེས་མིག་གཅིག་གིས་ཁོ་ཚོའི་འགྲམ་དུ་སོང་ནས་སློང་མོ་བྱས། “སྐུ་མཁྱེན། སྤྲང་པོ་བདག་ལ་ཐུགས་རྗེས་གཟིགས།”
གསར་བུ་ཞིག་གིས་ཁོང་དགོད་ཅིག་བྱས་ཏེ། “སྤྲང་འཁྱམ་འདི་ཚོ་ཐོ་རངས་ནས་ཡར་ལངས་ཏེ་ག་རེ་བྱེད་བཞིན་ཡོད་དམ།” ཟེར། རྒན་པོ་ཞིག་གིས་མིག་གཅིག་ལ་སྒོར་གཉིས་བྱིན་རྗེས། “དེ་འདྲ་མ་ཟེར། ཁོང་རབ་བྱུང་བ་ཞིག་ཡིན་པ་འདྲ།” ཟེར། ཁོས་སྒོར་གཉིས་པོ་དེ་བཟུང་ནས་ཞོགས་ཇ་ཞིག་འཐུང་དུ་འགྲོ་སྐབས། ལམ་ཟུར་ཞིག་ཏུ་མི་ཚོགས་ཤིག་འཚང་ཁ་ཤིག་ཤིག་གིས་རླངས་འཁོར་ཞིག་གི་ནང་དུ་འཛུལ་བཞིན་པ་མཐོང་བས། ཁོ་དེ་ཚོའི་འགྲམ་དུ་སོང་ནས། “རླངས་འཁོར་འདི་གང་དུ་འགྲོ་རྒྱུ་རེད་”ཅེས་དྲིས་པས། མི་ཞིག་གིས་“གཡག་གྲོང་ཁྱེར་དུ་འགྲོ་རྒྱུ་རེད། ཁྱེད་རང་འགྲོའམ། དེ་རིང་གྲོང་ཁྱེར་སྤྱི་ཁྱབ་པའི་དགུང་ཞག་ཚང་བའི་ཉིན་མོ་ཡིན་པས་སྤྲང་པོ་དང་གྲྭ་བཙུན་ལ་རླངས་འཁོར་གྱི་གླ་ཆ་ལེན་གྱི་མ་རེད།” ཟེར་བས། མིག་གཅིག་གི་སེམས་ཁོང་ཧྲིལ་བོ་ཚོར་སྣང་ཁྱད་པར་བ་ཞིག་གིས་ཁེངས་ནས་རླངས་འཁོར་གྱི་ནང་དུ་འཛུལ། ཆུ་ཚོད་གསུམ་ཙམ་ལ་སོང་བ་ན་གཡག་གྲོང་ཁྱེར་གྱི་ཕྱི་ལྗོངས་དེ་སྨུག་ཞགས་ཀྱི་ཁྲོད་དུ་མིག་སྔར་མངོན་འོང་ཞིང་། གྲོང་ཁྱེར་གྱི་དཀྱིལ་དུ་འབྱོར་བ་ན་སྲང་ལམ་མང་པོ་ཞིག་ལ་བཟོ་བཅོས་བྱས་ནས་འཁོར་ལམ་དང་གཡག་ལམ། རྐང་ལམ་དང་རྟ་ལམ་བཅས་ཁག་བཞིར་ཕྱེས་འདུག་ཅིང་། མི་ཚོགས་ཀྱི་ཁྲོད་དུ་སློག་པ་གྱོན་མཁན་ཉུང་དུ་ཕྱིན་ནས་ཕྱེ་མ་ལེབ་དང་ཉའི་དབྱིབས་ཅན་གྱི་ལ་བ་གྱིན་མཁན་མང་པོས་འཚང་ཁ་ཤིག་ཤིག་བྱེད། སྔོན་ཆད་ལྟར་མར་རྩམ་དང་ཤུག་ལོའི་དྲི་མ་གང་སར་འཐུལ་རྒྱུ་མེད་རྩིག་ཟུར་གང་སར་འགྱིག་སྣོད་དང་ཤོག་ཧྲུལ་སྣ་ཚོགས་མེར་བསྲེགས་པའི་དྲི་ངན་ཞིག་སྣ་ལམ་དུ་རྒྱུ་བ་སོགས་འཇིག་རྟེན་ཞིག་བརྗེས་པ་ལྟ་བུའི་སྣང་ཚུལ་དེས་མིག་གཅིག་གི་མིག་ལམ་ཡང་རབ་རིབ་ཏུ་གྱུར།
སྐབས་དེར་ཁོའི་ཡིད་ལ་སྒྲོལ་མ་དཀར་མོ་དང་བྱིན་རླབས་ཅན་གྱི་ཕ་བོང་དེ་ཤར་བྱུང་བས། རླངས་འཁོར་ཁ་བཀག་མ་ཐག་སར་བབས་ནས་ཐད་ཀར་སྒྲོལ་མ་དཀར་མོའི་ཁྱིམ་དུས་ཕྱིན། སྔོན་ཆད་ཀྱི་ཁང་བརྩེགས་དེའི་སྒོ་ཁར་སླེབས་པ་ན་གསར་འགོད་པའི་ལ་བ་ཐལ་མདོག་ཅན་གྱོན་པའི་གསར་བུ་ཞིག་དང་གདོང་ཐུག་བརྒྱབ། མིག་གཅིག་གིས་དེའི་གདོང་ལ་ཞིབ་ལྟ་ཞིག་བྱས་པ་ན། ཨ་ཙི། དེ་ནི་གསར་འགོད་པ་པ་སངས་རེད། མིག་གཅིག་དགའ་དྲགས་ནས་ཁོའི་ལག་མགོར་འཇུ་གྲབ་བྱེད་དུས། པ་སངས་ཀྱིས་ཧ་ལས་མདོག་གི་མིག་གིས་མིག་གཅིག་གི་གདོང་ལ་ཅེར་ནས། “ཁྱེད་རང་་་་ ་་་་” ཟེར་བ་ན། མིག་གཅིག་གིས་སྐད་ཆེན་པོས། “ང་མིག་གཅིག་ཡིན་ཡ། ཁྱེད་ཀྱིས་ང་ངོ་མི་ཤེས་སམ།” ཞེས་བཤད་མ་ཐག པ་སངས་ཀྱིས་ལམ་སེང་གདོང་མདོག་བསྒྱུར་ནས་ཁོའི་ལག་མགོར་འཐམས་ཏེ། “ཨ་ཙི་མིག་གཅིག ཁྱེད་རང་ད་བར་གང་དུ་སོང་བ་ཡིན། དེ་རིང་སྤྲང་པོ་ཞིག་དང་འདྲ་བར།” ཞེས་པའི་ཚིག་རྔ་མ་རྫོགས་གོང་མིག་གཅིག་གིས་ལག་བརྡ་ཞིག་བྱས་ནས། “སྐད་མ་རྒྱག ཁྱེད་རང་གང་ལ་འགྲོ་གི་ཡིན།” ཞེས་དྲིས་པ་ན། པ་སངས་ཀྱིས། “དེ་རིང་གཡག་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་དགོངས་རྫོགས་ཀྱི་ཉིན་མོ་ཡིན་པས་ཁོང་ལ་མྱ་ངན་ཚོགས་འདུ་ཇི་ལྟར་འཚོག་དགོས་མིན་གྱི་སྐད་ཆ་ཞིག་འདྲི་རུ་སོང་བ་ཡིན། འོན་ཀྱང་ཁོང་གི་ཁ་ཆེམས་ལྟར་ན་ཁོང་གི་རུས་ཐལ་དེ་འབྲུག་དཀར་གཙང་པོའི་ནང་དུ་གཏོར་བའི་ཉིན་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་རྒྱུ་ལས་མྱ་ངན་ཚོགས་འདུ་འཚོག་མི་དགོས་པ་འདྲ། དེང་སྐབས་སྒྲོལ་མ་དཀར་མོ་ཡང་གར་སོང་གི་ཁུངས་ཙམ་ཡང་མ་རྙེད་པའི་སྟེང་དུ་འདི་ལྟ་བུའི་ཆག་སྒོ་བྱུང་བ་ནི་ངོ་མ་གཡག་གྲོང་ཁྱེར་གྱི་བླ་རྡོ་ཕ་བོང་དེ་ཨ་ལགས་ཕ་བོང་ཚང་གིས་གཏོར་བ་དེས་ལན་པ་རེད། གལ་སྲིད་སྒྲོལ་མ་དཀར་མོ་གར་སོང་རི་རྩད་རེ་ཆོད་ན་ང་ཚོའི་མགོ་ལ་འདི་འདྲའི་ཉི་མ་དམར་པོ་ཞིག་ཤར་མེད། ད་ནི་ལས་ཁུངས་ཁག་གི་དཔལ་འབྱོར་མ་རྩ་དང་བཟོ་གྲྭ་ཚོའི་ཐོན་རྫས་ཀྱི་སྤུས་ཀ་ཡང་བཤད་སྲོལ་མེད་པ་ཞིག་ཏུ་འགྱུར་བཞིན་འདུག ཀྱེ་མ། འདི་ནི་གནམ་ནས་བབས་པའི་ཆག་སྒོ་ཞིག་རེད་ཨང་། ཨ་ཙི། མིག་གཅིག་གིས་རང་གི་སྐོར་ལ་ད་བར་བརྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་སོགས་ཀྱིས་གནས་ཚུལ་འདྲ་མིན་སྤེལ་ནས་ཡོད་ཚད་ཀྱི་མགོ་རྨོངས་སུ་བཅུག་སོང་། ད་དེ་དག་གླེང་ནས་ཅི་བྱེད། ཁྱེད་ཀྱི་ཆ་ལུགས་ལ་ཅིག་ལྟོས་དང་། འདི་ལྟར་བྱས་ནས་མི་དྲག་དེ་ཚོའི་མདུན་དུ་ཇི་ལྟར་འགྲོ། དེ་ལས་ཕར་སོང་ནས་ལྭ་བ་བརྗེ་ཙམ་བྱོས་དང་། དེ་རིང་སྦྱིན་བདག་ང་བྱས་ནས་ངེད་གཉིས་ཀྱིས་ཨ་རག་ཝ་སི་ཀི་རེ་འཐུང་རྒྱུ་བྱེད” ཟེར། མིག་གཅིག་གིས་གོང་གི་ཆུ་བཞུར་བཞུར་གྱི་སྐད་ཆ་དེ་དག་ཐོས་རྗེས་རྔན་པ་རིང་པོ་ཞིག་འཐེན་བཞིན་སྒོའི་མ་ཐེམ་སྟེང་གི་རྐང་བ་དེ་ཕྱིར་བསྐུམས་ནས་པ་སངས་ཀྱི་རྗེས་སུ་ལྗིད་ཏིག་ཏིག་གི་གོམ་པ་མི་སྤོ་ཀ་མེད་དུ་གྱུར།
བདུན
“ཏིང་། ཏིང་། ཏིང་།” ངས་ལྕགས་ཕོར་ཆེན་པོ་དེ་ཁྱེར་ནས་དགོང་ཟས་ལེན་ཕྱིར་ཟ་ཁང་གི་སྒོར་སོང་ནས་མི་ཚོགས་ཀྱི་གྲལ་རིང་པོ་དེའིོ་མཚམས་ཤིག་ཏུ་འཛུལ་བ་ན། ཕར་ཕྱོགས་དེར་ཡོད་པའི་མི་མདའ་ཁུར་བའི་དམག་མི་ཤ་སྐམ་དེ་ཚུར་མཆོངས་ཡོང་ནས། “སྒྲིག་ལམ་སྣང་ཆུང་བྱེད་མཁན་ཁྱོད་” ཟེར་བཞིན་ངའི་འགྲམ་པ་གཡོན་པའི་ངོས་སུ་ཁུ་ཚུར་ལྡིང་སྒྲ་གྲགས་པ་ཞིག་གཞུས་རྗེས་ང་དེད་ནས་གྲལ་མཇུག་ཏག་ཏག་རེད་བཞག་སོང་། ངས་ཚ་བེར་བེར་བྱེད་པའི་འགྲམ་པའི་ངོས་སུ་རེག་ཙམ་བྱས་པ་ན། ཨ་ཙི། སྐྲང་འབུར་བྱ་སྒོང་འདྲ་བ་ཞིག་དལ་བུར་ཆེ་རུ་འགྲོ་བ་དང་བསྟུན་ནས་ངའི་མིག་མདུན་གྱི་མི་ཚོགས་འདི་ཡང་འོད་འཚེར་བའི་ཨ་ལོང་ཞིག་ཏུ་གྱུར་ཅིང་། ཨ་ལོང་དེའི་ཁ་དོག་ནག་པོར་གྱུར་མ་ཐག་ང་ཡང་ཅི་དྲན་འདི་དྲན་མེད་པར་གྱུར་སོང་།
ཚ་སོབ་སོབ་ཀྱི་རེག་བྱ་ཞིག་གིས་ངའི་མིག་མདུན་ནས་ཡོལ་བ་ནག་པོ་ཞིག་བཤུས་པ་ན། ཐོག་མར་མིག་ལམ་དུ་མངོན་པ་ནི་སྤྱང་གི་དམར་པོ་ཞིག་གི་གཟུགས་རིས་རེད། ཨོ། དེ་ནི་ང་རང་ཉལ་འདུག་པའི་ཁང་འཁྱག་འདིའི་གནམ་གཅལ་གྱི་རི་མོ་རེད། ལྭ་བ་དཀར་གཙང་གྱོན་པའི་ནད་གཡོག་མ་དེས་ལག་རས་ཚ་རེག་ཅན་ཞིག་ངའི་འགྲམ་པའི་སྒང་ནས་ཕར་ལེན་ཞོར། “སད་བྱུང་ངམ།” ཟེར། ངས་རང་ཉིོད་ག་འདྲ་བྱས་ནས་གཉིད་པ་དང་ཇི་ལྟར་བྱས་ཏེ་སད་པ་མ་ཤེས་ཀྱང་ཨུ་ཚུགས་ཀྱིས་འཛུམ་ཙམ་བྱས་ཤིང་དལ་བུར་མགོ་བོ་ཡང་འགུལ་ཙམ་བྱས་པ་ཡིན། ནད་གཡོག་མས་ངའི་མལ་གོས་ལ་ལག་པས་ཅག་ཅག་ཙམ་བྱས་རྗེས་སྒོར་བུད་སོང་།
ངས་ག་ལེར་ལུས་སྟོད་དགྱེ་ཅི་ཐུབ་བྱས་ནས་གཡས་གཡོན་དུ་ལྟ་ཙམ་བྱས་པ་ན། ཕར་ཕྱོགས་དེར་ལྕགས་ཀྱི་ཉལ་ཁྲི་ཟད་པོ་ཞིག་གི་སྟེང་དུ་མགོ་བོ་ཁྲག་གིས་འཚོས་པའི་རྨ་རས་ཀྱིས་དཀྲིས་པའི་གསར་བུ་ལོ་ན་སུམ་ཅུར་ཉེ་བ་ཞིག་ཉལ་འདུག་ཅིང་། ཁོས་ལུས་པོ་འགུལ་ཙམ་གྱིས་གློ་ལུ་ཐེངས་རེ་བརྒྱབ་པ་ན་ཉལ་ཁྲི་དེའི་མཐུད་མཚམས་ནས་ཙིག་སྒྲ་ཞིག་གྲགས་ཡོང་ཞིང་། ངས་ཁོ་ལ་ལྟ་བཞིན་པའི་སྐབས་ཁོས་ཀྱང་ངའི་གདོང་ལ་ཞིབ་ལྟ་ཞིག་བྱས་ཏེ་འཛུམ་དམུལ་གྱིས་གད་མོ་ཞིག་བགད་རྗེས། “ཁུ་ཚུར་གཅིག་གིས་སྨན་ཁང་དུ་ཉལ་རྒྱུ་རེག་པ་ནི་ངོ་མ་བསོད་ནམས་ཆེ་བའི་རྟགས་རེད། ” ཅེས་ང་ལ་ཀུ་རེ་དང་ཟུར་ཟ་འདྲེས་མ་ཞིག་བྱས་ཤིང་། སླར་ཡང་གདོང་གཤིས་འགྱུར་ནས་སྐད་དམའ་མོས། “དམྱལ་བའི་གྲོང་ཁྱེར་འདི་ལས་ནམ་ཞིག་ལ་ཐར་ཐུབ་བམ།” ཟེར་བཞིན་སྒེའུ་ཁུང་གི་ཕྱི་རོལ་དུ་ལྟ་ཙམ་བྱས་སོང་། ངའི་སེམས་ལ་ཁོ་ནི་འདི་ནས་ཡུན་རིང་བསྡད་མྱོང་བ་ཞིག་ཡིན་རྒྱུ་རེད་བསམས་བྱུང་། ངས་ཅུང་ངོ་ཚ་བའི་ངང་། “དམག་མི་དེ་དྲག་རྩལ་ཅན་ཞིག་ཡིན་པ་འདྲ། དེ་མིན་ང་སྔོན་ཆད་རྒྱ་གར་ན་ཡོད་དུས་དབྱིན་ཇིའི་དམག་མི་ཞིག་གིས་ཁུ་ཚུར་དང་རྡོག་རྒྱག་ལྔ་བཅུ་ཙམ་ཞིག་གཞུས་ཀྱང་ངས་དཔའ་སྐྱེད་ནས་སར་འགྱེལ་རྒྱུ་ཕར་ཞོགས། མིག་རྡེབ་ཙམ་ཡང་མ་བྱས་པས། གྲོགས་པོ་རྒྱ་གར་བ་འགའ་ཡོད་པ་ཧ་ལས་ཏེ་ང་ལ་ཁྱོད་ཚོ་བོད་མི་ནི་ལྷའི་གདུང་རྒྱུད་ཟེར་བ་ངོ་མ་རེད་ཅེས་བསྟོད་བསྔགས་བྱས་ཤིང་། རྗེས་སུ་རྒྱ་གར་གྱི་གཞུང་འབྲེལ་གསར་ཤོག་ཅིག་གི་སྟེང་དུ་བོད་མི་ནི་ཆུ་བོ་གངྒཱའི་འབྱུང་ཁུངས་ལྷ་ཡུལ་ནས་ཡོང་བ་ཞིག་དང་ཁོ་ཚོར་རྫུ་འཕྲུལ་ཇི་ལྟར་ཆེ་ལུགས་སོགས་ཧ་ཅང་དགོད་བྲོ་བའི་གནས་ཚུལ་ཞིག་སྤེབ་བས། བོད་ཀྱི་གནས་ཚུལ་ངོ་མ་མི་ཤེས་པའི་རྒྱ་གར་བ་མང་པོ་ཞིག་ངའི་རྩར་ཡོང་ནས་ང་ལ་རྫུ་འཕྲུལ་སྟོན་རོགས་ཟེར་བ་དང་། འགའ་ཤས་ཀྱིས་རིན་ཐང་ཆེ་བའི་གསེར་དངུལ་མུ་ཏིག་གི་རྒྱན་ཆ་སྣ་ཚོགས་ངའི་ལག་ཏུ་བཞག་སྟེ་ང་རང་ཕྱིར་སོང་ནས་གངས་རིན་པོ་ཆེའི་འདབས་སུ་བཞུགས་པའི་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་ལ་འབུལ་རོགས་ཟེར་མཁན་ཡང་བྱུང་། དེ་ལས་དགོད་བྲོ་ལ་ཞིག་ནི། ཤནྟི་དེ་བ་ཟེར་བའི་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་གྱི་མཛེས་མ་ཞིག་ངའི་རྩར་ཡོང་ནས་པུས་མོ་ས་ལ་བཙུགས་ནས་མཆི་མ་གཏོང་བཞིན། “སྐུ་ཞབས་ལྷའི་ཕོ་ཉ་ལགས། ང་རང་ལྷ་ཡུལ་དུ་འཁྲིད་རོགས་གནོངས་” ཞེས་ཨུ་ཚུགས་དྲག་པོ་བརྒྱབ་བྱུང་བས། ངས་མོ་ལ། “ཁྱེད་རང་ལྷ་ཡུལ་དུ་སོང་ནས་འཆར་གཞི་ག་རེ་ཡོད”ཅེས་དྲིས་པ་ན། ཁོ་མོས་འཛེམ་དོགས་མེད་ཅི་ཡང་མེད་པར། “མི་ཡུལ་གྱི་རྩེ་དགའི་བདེ་བ་ནི་ཆུ་ཚོད་གཅིག་གི་ཡུན་ལས་མི་འདུག དེ་ལས་ལྷ་ཆེན་པོའི་ཆུང་མ་ཨང་ལྔ་བ་ཞིག་ལས་བྱེད་མ་ཐུབ་ཀྱང་ལྷའི་ལོ་སྟོང་ཕྲག་གི་བདེ་དགའ་རེག་པའི་སྐལ་བ་མི་འཐོབ་ག་ལ་སྲིད་ཟེར།” ཞེས་བཤད་པ་ན། ངའི་ཁ་གཏད་ཀྱི་ནད་པ་དེའི་ལུས་ལ་རྣམ་ཤེས་གསར་པ་ཞིག་འཛུལ་བ་དང་འདྲ་བར་མགོ་ཀྲོག་ཀྲོག་དང་ལུས་པོ་དགྱེ་དགྱེའི་ངང་། “དབྱིན་ཇི་ཟེར་བ་དེ་ཅི་ཞིག་རེད། རྒྱ་གར་ལ་ལོ་ངོ་ཅི་ཙམ་གྱིས་འགྲོ་དགོས”ཟེར། ངས། “དབྱིན་ཇི་ནི་ཕྱིའི་རྒྱལ་ཁབ་ཅིག་གི་མིང་རེད། ཁོ་ཚོས་དེང་སྐབས་རྒྱ་གར་གྱི་ས་ཆ་བཙན་བཟུང་བྱས་ཡོད་པ་རེད། ང་ཚོའི་ཕ་ཡུལ་ནས་གཡག་ཞོན་ཏེ་རྒྱ་གར་དུ་སོང་བ་ཡིན་ན་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་ལོ་ངོ་དགུའི་རྗེས་ནས་ད་གཟོད་སླེབས་ཐུབ”ཅེས་ལན་བཏབ་པ་ན། ནད་གཡོག་མ་དེས་ཉིན་གུང་གི་ཟ་མ་ཁྱེར་ཡོང་ནས་ངེད་གཉིས་ཀྱི་ཉལ་ཁྲིའི་བར་གྱི་ཅོག་ཙེ་དམའ་མོ་དེའི་སྒང་ལ་བཞག་རྗེས། “ཟ་མ་ཟོས་རྗེས་ཆུ་ཚོད་ཕྱེད་ཀ་འགོར་བ་ན་བརྟག་དཔྱད་ཁང་དུ་ཤོག”ཟེར་བས། ངས་“ལགས་སོ”ཞེས་ལན་བཏབ་པ་ན། མོས་འཛུམ་ཞིག་སྟོན་བཞིན། “ཁྱོད་ཚོ་ཨ་མདོ་བས་བླ་མ་དང་དཔོན་པོ་ལ་མ་གཏོགས་ལགས་སོ་ཞེས་ཟེར་སྲོལ་མེད་ཀྱང་དེ་རིང་བུ་མོ་ཞིག་ལ་དེ་ལྟར་ལབ་པ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད་”ཟེར། ངས་ལན་མ་བཏབ་གོང་ཕར་ཕྱོགས་ཀྱི་ནད་པ་དེས། “རེད་ཡ། ཡིན་ན་ཡང་། དེ་རིང་ལགས་སོ་དེའི་རིན་ཐང་གཞལ་རྒྱུ་ན་བུ་མོ་ཁྱོད་ཀྱི་སེམས་གཏིང་གི་བརྩེ་བ་ཡོད་ཚད་སྤུངས་ན་ཡང་་་ ་་་” “ཁ་ཚུམས”བུ་མོ་དེ་ཁོང་ཁྲོ་ལངས་པ་འདྲ། མོས་ཁོ་ལ་མིག་ལོག་ཅིག་བལྟས་རྗེས་འཚུབ་ཉིལ་ལེར་སྒོར་བུད་སོང་། ངས་“གྲོགས་པོ། ཁྱེད་ཀྱི་ཁ་དེ” ཞེས་བཤད་པ་ན། ཁོས་དལ་ལྷོད་ལྷོད་ཀྱིས་དབུགས་རིང་ཞིག་ཕྱུངས་རྗེས། “རེད་རེད། བུ་མོ་ཟེར་བ་དེ་ནི་རང་སེམས་ཀྱི་ཁ་དོག་ངོ་མ་དེ་ནམ་ཡང་སྦ་ཅི་ཐུབ་བྱེད་མཁན་གྱི་རིགས་ཤིག་ཡིན་པ་འདྲ”ཟེར།
སྨན་པས་མཐའ་མཇུག་གི་བརྟག་དཔྱད་བྱས་རྗེས་ངའི་ཀླད་རྩར་སྐྱོན་ཆེན་པོ་མེད་པའི་ཐག་གཅོད་བྱས་ཏེ་ངའི་ལག་ཏུ་ཟླ་བ་དགུའི་རིང་བཟའ་རྒྱུའི་སྨན་ཁུག་མ་གསུམ་བཞག་ནས་ཕྱིར་བཙོན་ཁང་དུ་མངགས་བྱུང་། བཙོན་མཁར་ནི་སྔོན་དང་འདྲ་བར་གཤིན་རྗེའི་གདོང་མདོག་ལས་ཧ་ཅང་འཇིགས་སུ་རུང་བའི་ཕྱི་ལྗོངས་ཀྱི་ཁྲོད་དུ་གནས་ཤིང་། ང་དང་འདྲ་བའི་ཉེས་མེད་ཀྱི་ཉེས་ཅན་མང་པོ་ཞིག་གི་ཚེ་སྲོག་ནི་འདི་གའི་གཤིན་རྗེའི་ལས་མཀན་ལྟ་བུའི་བཙོན་སྲུང་བ་ཚོའི་ལག་ནས་ཆུད་ཟོས་སུ་འགྲོ་བཞིན་ཡོད་པས། ང་ནི་དགའ་སྐྱོ་གཉིས་འདྲེས་ཀྱི་ཚོར་སྣང་ཞིག་གིས་མནར་ཏེ་གཟུགས་པོ་ཤ་སྐམ་པགས་སྐམ་དུ་གྱུར་པས། རང་ཉིད་ལ་གཅོང་ནད་བྱུང་བ་ཡིན་ནམ་སྙམ་པའི་འཇིགས་སྣང་ཞིག་སྐྱེས།
བཙོན་མཁར་གྱི་ཕྱི་རོལ་ན་ཡོད་པའི་ལྗོན་ཤིང་དག་གི་ལོ་འདབ་ཡོད་ཚད་གསེར་མདོག་ཏུ་གྱུར་ནས་བསུལ་རླུང་གིས་ཁྱེར་ཏེ་བཙོན་པ་ཚོའི་ཡིད་ལ་མངར་སྐྱུར་གྱི་གཏམ་རྒྱུད་མང་པོའི་བློས་བསླངས་བསྐྲུན།
གྲོགས་པོ་ཚོས་གཡག་གྲོང་ཁྱེར་ནས་བསྐུར་ཡོང་བའི་འཕྲིན་ཡིག་ཀྱང་ཇེ་ཉུང་དུ་སོང་ཞིང་མིག་གཅིག་གི་གནས་ཚུལ་དང་སྒྲོལ་མ་དཀར་མོའི་ཁྱིམ་ཚང་གི་ཆག་སྒོ་སོགས་ཀྱིས་ང་ལ་སྔར་བཞིན་སྒྲུང་གཏམ་འབྲི་བར་སྐུལ་མ་བྱས། ངས་སྔ་དགོང་གི་དུས་ཚོད་དང་གཟའ་ཉི་མའི་གུང་གསེང་བེད་སྤྱད་དེ་སྒྲུང་འབྲིང་<>ཞེས་པ་ཞིག་བྲིས་ཏེ་<>རྩོམ་སྒྲིག་ཁང་ལ་བསྐུར་ནས་ཟླ་གསུམ་གྱི་རྗེས་སུ་རྩོམ་སྒྲིག་ཁང་གིས་སྒྲུང་གཏམ་དེ་ཕྱིར་བསྐུར་འདུག་པ་དང་མཉམ་དུ་ཤོག་འཛར་ཞིག་གི་ངོས་སུ། “སྐུ་ཞབས་དགེ་ཆོས་ལགས། ཁྱེད་ཀྱི་སྒྲུང་གཏམ་དེ་རིང་དྲགས་པས་མུ་འགོད་བྱས་ཀྱང་ང་ཚོའི་དུས་དེབ་ཀྱིས་འཁུར་ཐབས་མི་འདུག་པས། ཁྱེད་ཀྱིས་དཔེ་སྐྲུན་ཁང་གཞན་ཞིག་ལ་བསྐུར་ན་ལེགས།” ཞེས་བྲིས་འདུག ངས་ཁོ་ཚོས་བཤད་པ་ལྟར་སྒྲུང་གཏམ་དེར་སླར་ཡང་བཟོ་བཅོས་ཕྲན་ཙམ་བྱས་རྗེས་གཡག་གྲོང་ཁྱེར་དུ་ཡོད་པའི་<>དུས་དེབ་ཁང་དུ་བསྐུར། དེ་ནས་ཟླ་གཉིས་ཀྱི་མཚམས་སུ་ཡི་གེ་ཞིག་འབྱོར་ཏེ་སྒྲུང་གཏམ་དེའི་ཁ་བྱང་ལ་འགྱུར་བ་ཕྲན་བུ་ཞིག་བཏང་ནས་ཟླ་བ་གསུམ་གྱི་རྗེས་སུ་པར་སྐྲུན་བྱེད་རྒྱུ་ཡིན་ཟེར་བས། ང་རང་ཧ་ཅང་དགའ་དྲགས་པས་དགོང་མོ་དེར་གཉིད་ཡག་པོ་ཞིག་ཀྱང་ཁུགས་མ་བྱུང་། ཁ་བ་བབས་ནས་ས་གཞི་དཀར་ཆེམ་ཆེམ་དུ་གྱུར་ནའང་། བཙོན་མ་སྐོར་ཞིག་གིས་ལག་ཏུ་ལྕགས་ཁེམ་དང་ཐག་པ་བཟུང་ནས་ལས་ཀ་བྱེད་སར་བསྐྱོད། རུ་དཔོན་རྒྱགས་པ་དེས་ཕྲ་ལ་འཛེར་བའི་སྐད་ཀྱིས་“ངོ་རྒོལ་བྱས་ན་དྲག་གནོན་དང་ངོས་ལེན་བྱས་ན་གུ་ཡངས་”ཞེས་འབོད་ཞོར་བཙོན་མ་ཚོའི་དཀྱིན་ནས་ཕར་འགྲོ་ཚུར་འགྲོ་བྱེད། ནག་རུབ་རུབ་ཀྱི་བྱེའུ་ཁྱུ་ཞིག་ཁ་བ་ཕྱགས་ཟིན་པའི་ས་སྟེང་ནག་ཐིག་ཡོད་ས་དེར་བབས་ནས་སྒུམ་བུ་འཐུ་སྐབས། བཙོན་མ་ཞིག་གིས་ཁ་བ་རྡོག་པོ་ཞིག་དེའི་ཕྱོགས་སུ་འཕངས་པ་ན། བྱེའུ་ཁྱུ་དེ་འུར་སེ་འཕུར་ནས་ཕྱོགས་བཞི་བསྐོར་བའི་ལྕགས་ཚེར་གྱི་རིམ་མའི་སྟེང་དུ་བབས་ནས་ཅ་ཅོ་སྣ་ཚོགས་སྒྲོག
ངས་ཡར་དགྱེ་སྟེ་ཤུ་ཞེས་དབུགས་རིང་ཞིག་བཏང་བ་ན། མཁའ་དབུགས་གྲང་བའི་རྐྱེན་ནམ་ཁ་རླངས་སྐྱ་ཆིལ་ཆིལ་དུ་ཐོན་པས། ཉེ་འགྲམ་གྱི་བཙོན་གྲོགས་ཤིག་གིས་གད་མོ་སིག་སིག་ཅིག་བགད་རྗེས་ངའི་རྣ་རྩར་ཁ་སྦྱར་ཏེ། “གཡག་གྲོང་ཁྱེར་གྱི་དགའ་རོགས་དང་གཡག་ཤའི་ཐུག་པ་དྲན་ནམ”ཟེར། ངས་“ཁྱི་སྨྱོན་རྩྭ་ཐང་གི་འབྲི་ཞོ་དང་རྩམ་པ་དྲན་བྱུང་”ཞེས་ཀུ་རེ་འདྲེས་པའི་ལན་ཞིག་བཏབ་པ་ཡིན། ཁོས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་སྐད་ཆུང་ངུས། “གོ་ཐོས་ལྟར་ན་གཡག་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་རང་སྲོག་བཅད་པའི་གནས་ཚུལ་ཞིག་ཁ་སང་རླུང་འཕྲིན་ནས་བསྒྲགས་ཡོད་ཚོད་རེད། ད་ནི་སྒྲོལ་མ་དཀར་མོ་སྙིང་རྗེ། ཨ་མ་ཆུང་དུས་ནས་གྲོངས་པའི་སྒང་ལ་འཇིག་རྟེན་གྱི་འགྲོ་སྟངས་ཀྱང་མ་བཟོས་གོང་ཕ་རྒན་ཡང་ཤི་སོང་། ད་ཆ་མོ་ལ་སུ་ཞིག་གིས་བདག་སྐྱོང་བྱེད། ནམ་རྒྱུན་མེ་ཏོག་སྟེང་དུ་སྦྲང་མ་འཁོར་འཁོར་བྱེད་མཁན་གྱི་ཕོ་གསར་རྐྱལ་སྟོང་དེ་ཚོས་ཀྱང་ཕ་མ་མེད་པའི་དྭ་ཕྲུག་ཅིག་ལ་སེམས་འཁུར་ག་ལ་བྱེད། སྤྱིར་མོ་རང་ལ་ཡང་གཤིས་ཀ་གྱོང་བོ་ཞིག་ཡོད་པས་དེང་སྐབས་འཚོ་བ་ཇི་ལྟར་སྐྱེལ་རྩིས་ཡོད་མིན་སུས་ཤེས” ཟེར། ཟེར་ནས་མིག་མདངས་ལས་རྟོགས་དཀའ་བའི་འོད་མདངས་ཤིག་འཕྲོ་བཞིན་འདུག ངས་སྔོན་ཆད་ནས་བསམ་བློ་བཏང་མྱོང་། སྒྲོལ་མ་དཀར་མོ་དང་མིག་གཅིག་གཉིས་ཨ་འགྲིག་ཆ་འགྲིག་ཏུ་ཡོད་པས། གལ་སྲིད་ཁོ་གཉིས་ཀྱིས་གཉེན་སྒྲིག་བྱས་པ་ཡིན་ན་མིག་གཅིག་གི་སྙན་ངག་དང་སྒྲོལ་མ་དཀར་མོའི་སྙན་གྲགས་གཉིས་ཀྱི་རིན་ཐང་འཕར་རྒྱུ་ཙམ་དུ་མ་ཟད། ང་ཚོའི་གཡག་གྲོང་ཁྱེར་གྱི་མི་རྐྱང་ཚོར་ཡང་ཆང་འཐུར་འུར་རྒྱག་གི་རྟེན་གཞི་བརྟན་པོ་ཞིག་ཡོད་པ་ཡིན་པས་འདི་ལ་མི་དགའ་གང་ལ་དགའ། ངས་རང་ཉིད་ཀྱི་སྟོང་བསམ་དེར་རྫོགས་ཚིག་འདི་འདྲ་ཞིག་བྲིས་ཡོང་བསམ་པ་ནི་རྨི་ལམ་དུ་ཡང་མེད་པས། གནས་ཚུལ་དེ་ཐོས་པའི་ཉིན་ནས་ངའི་ལུས་སྟོད་ནས་ཚ་བ་འབར་ཞིང་ལུས་སྨད་ནས་གཅིན་སྐྱག་འགགས་ཏེ་སྨན་ཁང་དུ་འགྲོ་དགོས་བྱུང་། བློ་ཕམ་པ་ཞིག་ལ་སྨན་པའི་ཚོད་ལྟའི་སྨན་ཁབ་གཅིག་ཀྱང་ལུས་ལ་མ་འཕྲོད་པར་ཁྲག་རྩ་ཡོངས་སུ་ན་ཟུག་སྐྱེས་ཤིང་། སྨན་ཁང་གི་དཀར་གཙང་གི་ཉལ་ཆས་དང་སྨན་པའི་ལྭ་བ་ཆ་ཚང་ཁྲག་མདོག་ཏུ་མཐོང་བས། རང་གི་སེམས་ལ་ད་ནི་ནད་ངན་འདིས་ལུས་སྲོག་གི་འབྲེལ་ཐག་གཅོད་རྩིས་རེད་སྙམ་སྟེ་རང་གི་གྲོགས་པོ་ཚོར་ཁ་ཆེམས་ཀྱི་ཡི་གེ་མདོར་བསྡུས་རེ་ཡང་བྲིས་ཏེ་སྔས་འབོལ་གྱི་འོག་ཏུ་སྦས། ཡིན་ཡང་ཉིན་དགུ་བཅུའི་རྗེས་ནས་སྔོན་ཆད་ཀྱི་དཀར་གཙང་ཡོད་ཚད་དམར་པོར་སྣང་བའི་འཁྲུལ་སྣང་དེ་མེད་པ་ཆགས་པས་སྨན་ཁང་གི་ཕྱིར་ཕུད་བྱུང་།
ད་ལྟ་ནི་དགུན་དཀྱིལ་ཡིན་པས་ས་གཞི་ཧྲིལ་བོ་ཁ་བས་མནན་ཏེ་གྲག་འགུལ་ཅི་ཡང་མི་འདུག རུས་རྐང་ལ་ཟུག་པའི་གྲང་རླུང་རེ་ལྡང་བ་ན། ལོ་འདབ་གཅིག་ཀྱང་མེད་པའི་ལྗོན་ཤིང་གི་ཡལ་ཀའི་སྟེང་ནས་ཁ་བའི་འདབ་མ་མང་པོ་དཀར་སབ་སིབ་ཏུ་མར་ཟགས་ཡོང་ཞིང་། མི་ཕྱུགས་ཀྱི་འགྲོ་འོང་དབེན་པའི་ལམ་ཕྲན་དག་ཀྱང་སྔ་མོ་ནས་ལྐོག་གྱུར་གྱི་ཡུལ་གྲུ་ཞིག་ཏུ་ཟུག་འདུག
ཐེངས་འདིར་ང་ལ་སྨན་ཁང་དུ་ཉལ་བ་ལས་བཙོན་ཁང་དུ་བསྡད་པ་དེ་ཧ་ཅང་སྐྱིད་པོ་ཞིག་ཡིན་པའི་ཚོར་སྣང་གསར་བ་ཞིག་སྐྱེས། སྨན་པ་དང་ནད་གཡོག་གི་སྡང་མིག་དང་སྐད་ཅོར་སྣ་ཚོགས། སྨན་ཁབ་ཀྱི་ན་ཟུག་དང་སྨན་རིལ་བྱི་བྲོ་བ། གཡས་གཡོན་གྱི་ནད་པ་ཚོའི་སྡུག་སྐད་དང་འཚམས་འདྲིར་ཡོང་བའི་མི་ཚོགས་ཀྱི་ངུ་སྒྲ་སོགས་ཀྱིས་མི་ནད་མེད་ཀྱི་སེམས་ཁམས་ཀྱང་ཟང་ཟིང་དུ་གཏོང་ན། ང་ལྟ་བུའི་ནད་སྙིང་གི་ཁུར་བོ་ཅན་ཞིག་གིས་འདི་ལྟ་བུའི་རྡུང་རྡེག་ག་ལ་བཟོད།
ཕྱིར་བཙོན་ཁང་དུ་ལོག་པ་ན། ང་འདུག་སའི་ཁང་མིག་དེའི་ནང་དུ་གཡག་གྲོང་ཁྱེར་ནས་འོངས་པའི་བཙོན་མ་གསར་བ་འགའ་བསྡད་འདུག་ཅིང་། གཅིག་ནི་ཨ་ལགས་ཕ་བོང་ཚང་གི་ཚ་བོ་གྲྭ་ལོག་ཅིག་ཡོད་པ་དེ་རེད་འདུག ངས་ཁོ་ལ་དེང་སྐབས་ཨ་ལགས་ཕ་བོང་ཚང་གིས་མཛད་པ་ཅི་ཞིག་མཛད་བཞིན་འདུག་པའི་སྐོར་དྲིས་པ་ན། ཁོས་རེ་ཞིག་ཅི་ཡང་མི་སྨྲ་བར་བསམ་བློ་བཏང་ནས་ཡུད་ཙམ་འགོར་རྗེས་ད་གཟོད་གནས་ཚུལ་འདི་འདྲ་ཞིག་བཤད་བྱུང་།
མུན་རུབ་ནས་ཡུད་ཙམ་འགོར་བ་ན། ཕྱི་རོལ་ནས་ཁྱིའི་ཟུག་སྐད་ཅིག་ཇེ་དྲག་ཏུ་སོང་བ་དང་མཉམ་དུ་རྟའི་རྨིག་སྒྲ་ཞིག་ཀྱང་གྲང་རླུང་གིས་འཁྱོར་བཞིན་པའི་སྦྲ་ནག་འདིའི་སྒོ་རུ་གྲགས། “ཨ་རོགས་ཚང་།” མུན་ཁྲོད་ནས་སྐྱེས་པ་སྐད་སྦོམ་པོ་ཞིག་གིས་དེ་ལྟར་བོས་པ་ན། སྦྲ་ནང་གི་གོ་ཁའི་དམར་ཆེམ་ཆེམ་གྱི་མེ་མུར་ལ་ལྡེ་བཞིན་པའི་གསར་བུ་ལུས་ལ་དགུན་སླག་མཐུག་པོ་གྱོན་པ་ཞིག་གིས་འགྲམ་དེར་ཡོད་པའི་མདེའུ་ཉེར་ལྔ་ཅན་གྱི་མེ་མདའ་དེ་བཟུང་ནས་ག་ལེར་སྦྲ་སྒོར་བུད། “འདི་ཨ་ལགས་ཕ་བོང་ཚང་གི་སྦྲ་ཨེ་རེད།” མི་དེའི་སྐད་གདངས་ལ་བརྟགས་ན་བྱ་བ་གལ་ཆེན་ཞིག་ཡོད་པ་ཐག་གིས་ཆོད། གསར་བུ་དེས་ཧ་ཅང་ལྷོད་པའི་སྒོ་ནས། “ཅི་རེད། ཨ་ལགས་ཚང་གིས་དགོང་ཟས་བཞེས་ཚར་ནས་གཟིམ་གྲུབ་འདུག”ཅེས་བཤད་པ་ན། རྟ་ཞོན་དེ་ལྟིག་གེས་སར་བབས་ནས་གསར་བུ་དེར་ཤབ་ཤུབ་ཅིག་བཤད་རྗེས་རྒྱབ་ལ་འཁུར་བའི་མེ་མདའ་ཁོའི་ལག་ཏུ་བཞག་ནས་སྦྲ་ནང་དུ་འཛུལ། སྐབས་དེར་ཨ་ལགས་ཕ་བོང་ཚང་གིས་དགུང་ཟས་ཟོས་ཚར་ནས་ཁ་ཏོན་འདོན་བཞིན་ཕྱི་རོལ་གྱི་མི་དེའི་སྐད་ཆར་ཉན་བཞིན་གདོང་ལ་འཛུམ་མདངས་དཔོག་དཀའ་བ་ཞིག་ལངས། འགྲུལ་བ་དེས་ཁྱིམ་དཀྱིལ་ནས་ཡར་ལ་གཏད་དེ་ཕྱག་གསུམ་བཙལ་རྗེས་རུམ་ནས་ཁ་བཏགས་དཀར་བོ་འདོམ་གང་ཡོད་པ་ཞིག་བླངས་ཏེ་ཨ་ལགས་ཕ་བོང་ཚང་ལ་ཕུལ་རྗེས་པུས་མོ་གཉིས་ཀ་སར་བཙུགས་ཏེ་སྐྱབས་འཇུག་མང་པོ་ཞིག་ཞུ་བཞིན་མིག་ཟུང་ལས་མཆི་མའི་རྒྱུན་དྲག་ཏུ་བརྡོལ་བ་ན། ཨ་ལགས་ཕ་བོང་ཚང་གིས་མྱུར་དུ་ཕྱུ་བ་སྐ་རབས་བཅིངས་ནས་སྒོར་བུད་དེ་འགྲུལ་བ་དེའི་རྟ་རྒན་ལ་ཞོན་ནས་ཧ་ཅང་ནག་པའི་མུན་པའི་ཁྲོད་དུ་ཡལ།
མཆོད་མེ་ཆུང་ཆུང་ཞིག་གི་འོད་མདངས་འོག ཨ་ལགས་ཕ་བོང་ཚང་ཁྱིམ་ཕུག་གི་འབོལ་གདན་དེའི་སྒང་ལ་བསྡད་ནས་ཁ་མུར་མུར་དུ་ཅི་ཞིག་བཏོན་ཏེ་ཡུད་ཙམ་འགོར་རྗེས། གློ་བུར་དུ་“ཕཊ”ཅེས་སྐད་ཆེན་པོ་ཞིག་བརྒྱབ་པ་ན། གསར་བུ་བཞིས་རྐང་ལག་བཞི་ཀ་ནས་འཇུས་ཏེ་མནན་ཀྱང་འཆི་ཁའི་ན་ཟུག་དྲག་པོས་གདུང་ཏེ་འགྲེ་ལྡོག་རྒྱག་བཞིན་པའི་རྒན་པོ་དེའི་སྤྱི་གཙུག་ནས་འོད་དཀར་པོ་བྱ་སྒོང་ཙམ་ཞིག་སྦྲའི་ཁ་ཚུབ་བརྒྱུད་ནས་ནམ་མཁར་ཡལ་བ་དང་མཉམ་དུ་རྒད་པོ་དེ་ཡང་ལྷོད་ཤིག་གེར་གྱུར། ཨ་ལགས་ཕ་བོང་ཚང་གི་དཔྲལ་བ་ནས་རྔུལ་ཆུ་ཐོན་ནའང་དུས་ཚོད་གསུམ་གྱི་རིང་ལ་ཕོ་བའི་དམིགས་རིམ་བསྒོམས་པས་ད་གཟོད་དད་ལྡན་གྱི་རྒན་པོ་དེའི་རྣམ་ཤེས་དག་པའི་ཞིང་ལ་འདྲེན་ཐུབ་བྱུང་བས། ཁོང་གི་བཞིན་མདངས་ལྷོད་དུས་སོང་ནས་གཤིན་པོ་དེའི་བེམ་པོ་ཁྱིམ་དུ་ཞག་ཏེ་རང་ལས་ཉར་མི་དགོས་པར་“དུར་ཁྲོད་གཡག་གཉའི་”ནང་དུ་བསྐྱལ་ཆོག་ཚུལ་གྱི་ལམ་སྟོན་བྱས་པས། ཁྱིམ་ཚང་དེའི་མི་རྣམས་ཀྱིས་ཁོང་ལ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ངོར་གཤིན་པོའི་བེམ་པོ་དུར་ཁྲོད་དུ་སྐྱེལ་བར་ཡང་འགྲོ་དགོས་བྱུང་།
ནག་ཡོར་ཡོར་གྱི་རི་བོ་འགའི་འདབས་སུ་རོ་སྐྱེལ་ཚོགས་པ་འདི་དལ་བུར་ལམ་དུ་ཆས་བཞིན་འདུག “”དུར་ཁྲོད་གཡག་གཉའ་”ནི་ལོ་ངོ་ཆིག་སྟོང་ཙམ་གྱི་སྔོན་དུ་སོག་དམག་གི་བཙན་རྫོང་ཞིག་ཡིན་ཚུལ་བཤད་པ་བདེན་ཤས་ཆེ་སྟེ། ལོ་འདི་ཚོའི་རིང་ཕྱུགས་རྫི་ཚོས་ས་འདི་ནས་གནའ་བོའི་མདའ་མགོ་དང་གྲི་ཆག་སོགས་གནའ་རྫས་མང་པོ་ཞིག་རྙེད་པ་གཡག་གྲོང་ཁྱེར་གྱི་གནའ་རྫས་འགྲེམས་སྟོན་ཁང་ཞིག་ཏུ་བཞག་ཡོད། གློ་བུར་དུ་མདུན་ཕྱོགས་ནས་གསར་བུ་ཞིག་གིས་རྟ་ཁ་འཐེན་ཏེ། “ཨ་རོགས་ཚོ། ཅིག་གྲག་གིན་འདུག”ཟེར་བ་ན། ཚང་མའི་བྲང་གཞུང་ཚ་ལོང་ངེར་གྱུར་ཏེ་རེ་རེ་བཞིན་རྟ་ཁ་མི་འཐེན་ཀ་མེད་དུ་གྱུར། ཨ་ལགས་ཚང་གི་ཞོན་རྟ་དེས་ཀྱང་སྣ་ཕུ་བརྒྱབ་ཅིང་འཚེར་སྐད་བསྟུད་མར་ཕྱུངས་ནས་མདུན་ཕྱོགས་སུ་གོམ་པ་གང་ཡང་མི་སྤོ་བས། ཁོང་ཡང་ཅུང་ཟས་འཚབ་འཚུབ་ཏུ་གྱུར་ནས་“ཨེ་བདེན་ནམ། ཚང་མས་ཉོན་དང་”ཟེར། ངོ་མ་སྟོང་འཇགས་ཀྱི་དུར་ཁྲོད་འདིའི་སྟོད་ཕྱོགས་ནས་མིའམ་ཅི་ཞིག་གིས་སྐབས་རེར་གད་མོ་དགོད་ཅིང་མཚམས་རེར་ངུ་སྒྲ་སྒྲོག ད་དུང་མེ་འོད་ལང་ལོང་ཞིག་ཀྱང་མཐོང་ཙམ་ཡལ་ཙམ་བྱེད། ཁོ་ཚོ་ཚང་མའི་བསམ་བློ་གཅིག་མཐུན་བྱུང་ནས་གཡག་རོག་ཅིག་ལ་ཕྱེད་ཀར་ས་སྒྱེ་བཀལ་བའི་བེམ་པོ་དེ་དུར་ཁྲོད་ཀྱི་འདབས་སུ་བཞག་ནས་རྟབ་རྟབ་པོར་ཕྱིར་ལོག་དགོས་བྱུང་། ལམ་ཁར་ཨ་ལགས་ཚང་གིས་ཚང་མར་དོ་དགོང་གི་གནས་ཚུལ་འདི་མི་གཞན་སུ་ཞིག་ལ་ཡང་བཤད་མི་ཆོག་ཅེས་ཧ་ཅང་གཟབ་ནན་གྱིས་སྨྲས་པས། གཙོ་བོས་ཅི་ལྟར་བཀའ་བསྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི་ཟེར་བཞིན་ཚང་མས་གཞན་ལ་མི་བཤད་པའི་དམ་བཅའ་བཞག
ཕྱོགས་བཞིའི་རི་ཚོགས་ཀྱི་རྩེ་རུ་ཞོགས་པའི་ཉི་འོད་ཕོག་བྱུང་། ཤར་ཕྱོགས་ཀྱི་མཁའ་དབྱིངས་ནས་རྒོད་པོ་འགས་ལྡིང་སྐོར་རྒྱག་བཟིན་དལ་བུར་ཇེ་དམའ་རུ་སོང་ནས་དུར་ཁྲོད་ཀྱི་ཕྱོགས་སུ་འཕུར། རྡོ་དཀར་མང་པོ་ཞིག་གྲུ་བཞིར་བརྩིགས་པའི་སྟེང་དུ་མིའི་བེམ་པོ་ཞིག་གན་རྐྱལ་དུ་བཞག་ཡོད་ཅིང་། དེའི་སྐེ་རུ་རིང་ཚད་སོར་བརྒྱད་ཙམ་ཡོད་པའི་གཟི་མིག་དགུ་བ་ཞིག་བཏགས་འདུག་པ་ནི་གཞིན་པོའི་དེ་འཇིག་རྟེན་འདིར་འཚོ་གཞེས་ཀྱི་སྐབས་སུ་མི་རབས་གོང་མའི་ཡང་གོང་མ་ཞིག་ནས་བརྒྱུད་པའི་རྩ་ཆེན་གྱི་རྒྱུ་ནོར་ཡིན་ཟེར་ནས་ཧ་ཅང་གཙིགས་ཆེན་དུ་འཛིན་སྟབས། གལ་སྲིད་དེ་ཉར་བ་ཡིན་ན་གཤིན་པོ་དེའི་རྣམ་ཤེས་ཕྱི་མར་བདེ་བླག་ཏུ་འགྲོ་བའི་བར་ཆད་བཟོ་བར་དོགས་ཏེ་བེམ་པོའི་སྐེ་ནས་རང་སོར་བཞག
བྱ་རྒོད་སུམ་ཅུ་ཙམ་ཞིག་ཕྱོགས་བཞིའི་མཁའ་དབྱིངས་སུ་འདུས་ཏེ་བེམ་པོའི་ཐག་ཉེ་ས་རུ་བབས་ཡོད་ཅིང་། བྱ་རྒོད་གཅིག་ཀྱང་བེམ་པོའི་འགྲམ་དུ་བཅར་མི་ནིས་པར་རང་རང་སར་ལྟོགས་སྐོམ་གྱིས་གཟིར་བའི་ངར་སྐད་འབྱིན་བཞིན་གཤོག་རྡེབ་བྱེད།
ཉིན་བྱེད་གཞོན་ནུ་ནུབ་རིའི་རྒྱབ་ཏུ་ལྷུང་ལ་ཉེ། བྱ་རྒོད་ཀྱི་ཚོགས་ནི་དམར་རོང་ངེར་འདུག་པའི་བེམ་རོར་ཕྱི་མིག་ལྟ་བཞིན་ཕྱོགས་བཞིིའི་ནམ་མཁའི་དབྱིངས་སུ་འཕུར།
ཉིན་གཉིས་པ་དང་གསུམ་པར་ཡང་དེ་བཞིན་བྱས། བྱ་རྒོད་ཀྱིོས་མཆུ་མ་བཙུགས་པའི་བེམ་པོའི་སྟེང་དུ་སྔོ་ཐག་བབས།
ཉིན་གསུམ་གྱི་རྗེས་སུ་གསར་བུ་འགའ་བེམ་པོའི་ཤུལ་དུ་བདག་ཉར་བྱེད་དུ་སོང་བ་ན། བེམ་པོ་ནི་ཉི་འོད་དང་གྲང་ངར་གྱིས་གཙེར་ཏེ་མདོག་འགྱུར་ནས་ཧ་ཅང་འཇིགས་སུ་རུང་བར་སྣང་བ་ལས་བྱ་རྒོད་ནི་ཕྱོགས་བཞིའི་རི་སྒང་ན་ནག་རུབ་བེར་མཆིས།
ཨ་ལགས་ཕ་བོང་ཚང་ཡང་བསྐྱར་དུར་ཁྲོད་དུ་ཐེངས་ཤིག་ཕེབས། ཁོང་གིས་རྙོབ་ཐེངས་གཅིག་གིས་བེམ་པོའི་སྐེ་རུ་བཏགས་པའི་གཟི་མིག་དགུ་པ་དེའི་ཐག་པ་བཅད་རྗེས་གཟི་ཁྱེར་ནས་ཕྱིར་ཕེབས། དེ་མ་ཐག་བྱ་རྒོད་ནི་ཁ་བ་བབས་པ་ལྟར་བེམ་པོའི་སྟེང་དུ་རུབ་བྱུང་།་་་་ ་་་་
ཤུལ་དུ་ལུས་པའི་གསར་བུ་ཚོས་ཨ་ལགས་ཕ་བོང་ཚང་གི་རྗེས་སུ་གཅིག་བལྟས། ཉེ་འགྲམ་ན་བྱ་རྒོད་ཚོས་ཡར་འདྲུད་མར་འདྲུད་བྱེད་བཞིན་པའི་བེམ་རོར་གཅིག་བལྟས་རྗེས་གདངས་མི་སྙོམས་པའི་གསོལ་འདེབས་ཤིག་སྐྱོར་བཞིན་ཁྱི་སྨྱོན་རྩྭ་ཐང་ལ་ཟུག་པའི་ལམ་ཕྲན་དེའི་སྟེང་དུ་བྲུག་ཤ་རྒྱས་པའི་རྟ་རྒན་ཚོར་ལྕག་གིས་བྲབས།
བརྒྱད།
“ཡ། ད་སྐྱེལ་མཚམས་འདི་ནས་ཞོག གྲོགས་པ་ཚོ་བདེ་མོ་བྱོས།”
“རྗེས་སུ་ཡི་གེ་བསྐུར་རྒྱུ་མ་བརྗེད”
ངས་བཙོན་མཁར་གྱི་ཕྱི་ལོགས་ནས་ཡུད་ཙམ་གྱི་སར་སླེབས་ཁ་ཕྱིར་འཁོར་ཏེ་མཐོ་ཞིང་བརྗིད་པའི་བཙོན་མཁར་མཐོན་པོ་དེར་རྒྱང་མིག་ཅིག་བལྟས་པ་ན། སེམས་ཁོང་ཧྲིལ་བོ་སྐྱོ་སྣང་ཞིག་གིས་བསྡམས་བྱུང་ལ། མིག་མཐའ་ཡང་ག་ལེན་ཅི་ཞིག་གིས་བརླན་བྱུང་།
རླངས་འཁོར་ཇི་འདྲ་མགྱོགས་ན་ཡང་དེས་ངའི་སེམས་ཀྱི་རྗེས་ག་ལ་ཟིན། གཤོག་ཐོགས་དང་འདྲ་བའི་སེམས་པ་ནི་གཡག་གྲོང་ཁྱེར་གྱི་ཁང་བརྩེགས་བརྒྱུད་ནས་ཁྱི་སྨྱོན་རྩྭ་ཐང་གི་སྦྲ་ནག་ཚོའི་ཁྱིམ་ཕུག་ཏུ་ཡན་ཞིང་། རང་གི་གྲོགས་པོ་ཚོ་དང་གཉེན་ཉ་ཚོའི་རབ་རིབ་ཀྱི་འཚོ་བའི་གནས་ཚུལ་ཡང་ཤེས་འདོད་ཆེན་པ་བྱུང་།
ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ་གཞི་ནས་གཡག་གྲོང་ཁྱེར་གྱི་ནུབ་མཐར་ཡོད་པའི་རླངས་འཁོར་ས་ཚིགས་སུ་སླེབས་སོང་། ཡར་མར་བྲེད་སྟངས་ཀྱིས་བཞུད་པའི་མགྲོན་པོ་དང་གདོང་ལ་ཉོབ་མདངས་ཤར་བའི་ཚོང་བ་སོགས་ཀྱིས་ངས་ས་འདིའི་འཚར་བར་བཅངས་པའི་དུང་སེམས་ཀྱི་འཕྱོ་འཇགས་ཚད་གཅིག་ཏུ་གནས་མ་ཐུབ་ལ། རང་གི་ཉེས་མིང་དེ་ནི་སྤྱི་རྒྱ་སྟོང་ཕྲག་ལོངས་པའི་ཞྭ་མོ་ཞིག་དང་འདྲ་བར་མགོ་བོ་འདེབས་མ་ཐུབ་པའི་ཚོར་སྣང་ཞིག་ཀྱང་སྐྱེས་ཡོང་།
སྔོན་དང་མི་འདྲ་བ་ཞིག་ལ་གཡག་གྲོང་ཁྱེར་གྱི་ཁང་བརྩེགས་ཡོད་ཚད་ཀྱི་རྩེ་རུ་ཚོན་མདངས་ལྔ་ལྡན་གྱི་དར་ལྕོག་སྣ་ཚོགས་བསུལ་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད་ཅིང་། སྲང་བར་གང་སར་སྟག་སེང་ཁྱུང་འབྲུག་གི་རི་མོ་དཔར་པའི་རླུང་རྟའི་ཤོག་བུ་སྣ་ཚོགས་ཀྱིས་ཁེབས་ཏེ་གོམ་པའང་སྤོ་རྒྱུར་དཀའ་ངལ་བཟོ། “ང་ཚོའི་མི་རིགས་འདིའི་རླབས་ཆེ་བའི་དད་འདུན་ཡ།” ངས་དབང་མེད་དུ་དེ་འདྲའི་ཆིག་ལབ་ཅིག་བརྒྱབ་རྗེས་གྲོགས་པོ་མིག་གཅིག་ཡོད་སའི་<>ཁང་དུ་སོང་བ་ཡིན།
སྔོན་ཆད་ཀྱི་འདུ་འཛི་ཆེ་བའི་ལས་ཁུངས་དེའི་སྒོ་རུ་ཆེ་ཆུང་ཁུ་ཚུར་ཙམ་ཡོད་པའི་ལྕགས་ཟྭ་ནག་པོ་ཞིག་དཔྱངས་འདུག་པའི་སྟེང་དུ་འབུ་སྡོམ་གྱིས་དྲ་རྒྱ་འཐེན་ནས་ལག་པ་འཆང་སའང་མི་རྙེད། གཡས་ཕྱོགས་དེར་སྒོ་བྱང་གི་ངོས་སུ་“མར་རྩམ་ཟ་ཁང་”ཞེས་བྲིས་པའི་ཁང་མི་ཆུང་ཆུང་ཞིག་འདུག་ཅིང་། སྒོ་འགྲམ་དུ་གཡག་རོག་གསུམ་བཞི་ཞིག་གི་རྒྱབ་ཏུ་ཀོ་བས་བཟོས་པའི་སྒྲོ་བ་འགའ་བཀལ་འདུག
ངས་ཚིལ་དྲེག་ཆགས་ནས་རི་མོའང་མི་མཐོང་བའི་སྒོ་ཡོལ་དེ་ཡར་བཀྱགས་པ་ན། འགྲམ་པ་དམར་ཞིང་ཤ་རྩ་དཀར་བའི་འབྲོག་མོ་ཞིག་གིས་ཧ་ཅང་གུས་ཞབས་དང་བཅས། “ཕེབས་ཤོག ཨ་ཙི། དེ་རིང་མགྲོན་པོ་མང་པ་ལ་”ཟེར། ཤིང་གི་ཅོག་ཙེ་འབྲུག་རིས་ཅན་ཞིག་གི་གཡས་གཡོན་དུ་དགུན་སླག་གྱོན་པའི་འབྲོག་པ་གསུམ་གྱིས་མདོག་དམར་ནག་གི་ཤིང་ཕོར་རེའི་ནང་དུ་རྩམ་པ་རྫི་བཞིན་འདུག ང་སྒེའུ་ཁུང་གི་འཁྲིས་སུ་བསྡད་པ་ན། འབྲོག་མོ་དེས་ཤིང་སྡེར་ཞིག་གི་ནང་དུ་རྩམ་པ་དང་ཕྱུར་བ་འདྲེས་མ་བླུགས་པའི་སྒང་ལ་མར་རྡོག་རྡོག་ཅིག་བཞག་ཡོད་པ་ཁྱེར་ཡོང་ནས་ངའི་མདུན་དུ་བཞག་རྗེས་ཟངས་དམར་གྱི་ཇ་དེམ་ཞིག་དང་ཤིང་ཕོར་ཞིག་ཀྱང་ཅོག་ཙེའི་སྒང་ལ་འཇོག་ཞོར་འཛུམ་དམུལ་བཞིན་“རྩམ་པ་བརྒྱགས་ཆད་ཅིག་ཟོ་”ཟེར།
ངས་བྱང་ཆ་ལྡན་འི་ངང་ཐོག་མར་ཤིང་ཕོར་ནང་འོ་ཇ་ཉུང་ཙམ་བླུགས་པའི་ནང་དུ་མར་རྡོག་ཅིག་འཕངས་ཤིང་། དེའི་སྟེང་དུ་རྩམ་པ་དང་ཕྱུར་བ་འདྲེས་མ་རན་ཙམ་བླུགས་ཏེ་ལག་གཡས་ཀྱིས་རྩམ་པ་གཡོན་དང་ལག་གཡོན་གྱིས་ཕོར་བ་གཡས་སུ་བསྐོར་ཏེ་རང་གིས་རྩམ་པ་རྫི་སྟངས་བརྗེད་ཡོད་མེད་ཚོད་ལྟ་བྱེད་ཞོར་རྩམ་རྡོག་རེ་ཁ་ནང་དུ་གཅིག་རྗེས་གཉིས་མཐུད་ཀྱིས་འཕངས་པ་ཡིན།
“གྲོང་ཁྱེར་སྤྱི་ཁྱབ་པ་ལགས། ད་ལོའི་ཁ་བ་འདིའི་འབབ་ཤུགས་ལ་བརྟགས་ན་འདི་ལོར་ཡང་སླར་ཡང་ཨ་ལགས་ཕ་བོང་ཚང་གི་ཁྱི་སྨྱོན་རྩྭ་ཐང་ལ་གདན་འདྲེན་མི་ཞུ་ཀ་མེད་ལ་ཐུག་རྒྱུ་ཡིན་པ་འདྲ། ཨ་ཧུ་་་ ་་་”
ཕར་ཕྱོགས་ཀྱི་འབྲོག་པ་ཚོའི་སྐད་ཆའི་ཁྲོད་ནས་ཚིག་དེ་འདྲ་ཞིག་ངའི་རྣ་ལམ་དུ་ལྷུང་སོང་། ཡུད་ཙམ་འགོར་རྗེས། ཁོ་ཚོའི་ནང་གི་གྲོང་ཁྱེར་སྤྱི་ཁྱབ་པ་དེས་རུམ་ནས་ཕལ་ཆེར་དགོ་ལྤགས་ཀྱིས་བཟོས་པའི་དངུལ་ཁུག་ཅིག་ཕྱིར་བཏོན་ཏེ་དཀར་སིལ་སིལ་གྱི་དངུལ་སྒོར་གསུམ་ཟས་རིན་དུ་སྤྲད། དེ་ནས་ཁོ་ཚོ་སྒོར་བུད་དེ་སོ་སོའི་གཡག་རོག་ལ་ཞོན་ནས་གངས་སྨུག་གི་ཁྲོད་དུ་ཡལ་སོང་། ་་་ ་་་
ང་སྒོར་བུད་པ་ན། ཕྱི་ལོགས་ཀྱི་འཇིག་རྟེན་འདི་ཁ་བས་གཡོགས་ཏེ་སྔོན་ཆད་ཡོང་སའི་ལམ་ཁ་ཡང་གང་དུ་ཡོད་མེད་ཤེས་ཐབས་མེད་པ་ཞིག་ཏུ་གྱུར་འདུག
ད་ནི་ཕྱོགས་གང་ཞིག་ཏུ་ངའི་གྲོགས་པོ་མིག་གཅིག་དང་ཁོའི་མཛའ་མོ་སྒྲོལ་མ་དཀར་མོ་འཚོལ་དུ་འགྲོ་དགོས།
ང་ངོ་མ་མགོ་འཐོམ་སོང་། ་་་ ་་་
སྒྱུ་མ་ལྟ་བུའི་འཇིག་རྟེན་འདི་ནས།
ཀློག་གི་མིན། ངོ་རྒོལ་བྱེད་ཀི་ཡིན། ཁྱོད་གཅིག་པོའི་རྩོམ་ལ་མགོ་འཁོར་ནས་བསྡད་ན། རྩོམ་ཐུང་གཞན་ཀློག་པའི་དུས་ཚོད་ཅིག་དང་རང་གིས་མཆན་ཆག་ཡ་ལོ་མ་ཞིག་སྤེལ་བའི་དུས་ཁོམ་ཞིག་གང་ནས་རག་གི་རེད།
དུས་ཚོད་ནི་གསེར་རེད། ང་ཚོས་ཁྱོད་ལ་སྤྲད་པ་ནི་གསེར་ཡིན། ཁྱོས་ང་ཚོ་ལ་སྤྲད་པ་ནི་ཚིག་ཉོག་རེད། བྱས་ཙང་། ཐུང་ཐུང་མ། སྙིང་རྗེ་མོ་མ། དོན་ཆེན་མོ་མ། ཁ་གསལ་མོ་མ། ཡིད་སྤྲོ་མོ་མ་དེ་འདྲ་འབྲི་མི་ཤེས་ནེ།
ཨ་ཁུ་རྒས་རུ་རྒས་རུ། དུས་ཚོད་མང་རུ་མང་རུ། ཁ་བརྡ་རིང་རུ་རིང་རུ་འགྲོ་འི་ཡོད་ས་མ་རེད་པེ།
ཀློག་མཁན་གནམ་ནི་སྟུ་དང་གཅིག་པ་རེད། །
ཧ་ཅང་རིང་ན་ན་ཟུག་སྟེར་བ་དང་། །
ཧ་ཅང་ཐུང་ན་འདོད་པ་མི་ཚིམ་པས། །
རྗེས་སུ་རིང་ཐུང་འཚམ་པའི་རྩོམ་མཇེ་སྦྱིན། །
ཆ་ཚང་ཞིབ་བཀླགས་བྱས་ཟིན། མཐེ་བོང་གནམ་ལ་ཀེར་བཞིན་བུད་སོང་ང་།
གཡག་རྒན་གྲོང་ཁྱེར་ནང་གི་གཏམ་རྒྱུད་འདིའི། །
མགོ་ནས་བཟུང་སྟེ་མཐའ་ལ་མ་ཐུག་པར། །
ཀློག་རྒྱུའི་སྐལ་བ་བྱུང་ན་དུས་ཚོད་ཟོག །
གསེར་ལས་ལྷག་ཡང་གཏོང་རྐྱང་བྱེད་རྒྱུ་ཡིན། །
ཨ་ཁུའི་མཇེ་དེ་མཇེ་ཟིག་ཡིན་མིན་མི་ཤེས་རེད།
ཨ་ཁུའི་ཁ་འདི་ཁ་ཟིག་ཡིན་ནོ་ལ་ཁོ་ཐག་རེད།
དཔེ་དེ་མོ་ཡག་པ་ཟིག།
ཁ་དེ་མོ་རྣོ་པོ་ཟིག་ཁྱོས་དགོན་པ་གང་ཟིག་ནས་སྦྱང་ཡིན།
ཨོ། ཡང་གཅིག་བརྗེད་སོང་ཟིག། བུ་མོ་ཚང་ལ་དཀྱིལ་མཛུག་གི་རིང་ཐུང་དང་སྦོམ་ཕྲས་འགྲིག་ནི་རེད། ཨ་ཁུས་མ་ཤེས་ན་གསལ་བཤད་ཙམ་ཟིག་ཡིན།
ཡག་པོ་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡོད་པའི་བཟོ་འདྲ་མེད་པའི་བཟོ་འདྲ། གང་ལྟར་རྩོམ་དེ་ཡང་ཁོ་པ་ནང་བཞིན་གཅིག་འདུག
ཀློག་འདོད་མེད་པ་ཞིག་བྲིས་འདུག་པས་མགོ་ནས་ཚིག་འགའ་མ་གཏོགས་བཀླགས་མེད།