གཡག་རྒྱ་སོ་རྒྱང་གི་ཆུང་མ། Posted on 2023-12-302023-12-30 By ཁ་བརྡ་ No Comments on གཡག་རྒྱ་སོ་རྒྱང་གི་ཆུང་མ། རྔ་བ་ཀུན་བཟང་། ངའི་མིང་ལ་གཡག་རྒྱ་ཟེར།མི་ཚང་མས་ང་ལ་གཡག་རྒྱ་སོ་རྒྱང་ཞེས་འབོད། རྒྱུ་མཚན་ང་ཧ་ཅང་མི་མདོག་ཉེས་ཞིག་ཡིན་པ་མ་ཟད། དེའི་སྒང་ལ་ཁ་ནང་གི་སོ་ཡང་མི་གཞན་དང་མི་འདྲ་བར་ཁ་ཕྱི་ལ་རྒྱང་ཡོད། འོན་ཀྱང་། ལས་དབང་ཞིག་གིས་ང་ལ་ཆུང་མ་ལྷ་མོ་འདྲ་ཞིག་ཡོད། མོའི་མིང་ལ་རོག་འཛི་མ་ཟེར། མིང་འདི་ང་རང་ཉིད་ཀྱིས་བཏགས་པའི་གཅེས་མིང་ཡིན། སྡེ་བའི་ནང་གི་’ནག་ཐོལ’་དང་’ཀོས་རིལ’་སོགས་ཀྱིས་ངའི་ཆུང་མའི་ཆེད་ལ་ཁེར་འདོགས་བྱེད་པ་མ་ཟད། དེང་སང་གཡག་ཀོས་རིལ་མང་པོ་ལག་འདོགས་དང་སྐེ་འདོགས་བྱེད་པའི་དུས་ལ་སླེབས།། གནས་ཚུལ་འདི་དེང་སྐབས་སྡེ་བ་ཡོངས་ལ་ཁྱབ་པས། ད་ཆ་ངའི་ཞི་ལུ་ཆེ་བ་གྭ་ནག་དང་། ཆུང་བ་དུང་མགོ། ཞི་མོ་ཁམ་དཀར་མ་གསུམ་པོས་རྟ་བདུན་དབང་པོ་ནུབ་ཕྱོགས་ལ་མ་འགྲོ་བར། ཨ་མའི་གཡས་གཡོན་ནས་སྐོར་ནས་རྟ་ནོར་ལུག་ཁྱུའི་ཚོགས་ཀྱིས་འབའ་སྐད་དང་འུར་སྐད་ལ་ཉན་ཁོམ་མེད་པར་གྱུར།། ཁ་དཔེར་ལ། ཨ་རིག་གླེན་རུང་མི་རིགས་ཡིན།། བྱེའུ་ཆུང་རུང་བྱ་རིགས་ཡིན།། ཟེར་བ་ལྟར་གཡག་རྒྱ་སོ་རྒྱང་གི་ཆུང་མའི་གནས་ཚུལ་འདི་རྫབ་དྲིས་བརྫད་པའི་དྲི་བཞོན་བཞིན་ནོར་སྡེ་གང་དུ་སོང་ན་དེ་གར་ཁྱབ་པས། སྡེ་བ་ནང་གི་ཐ་མག་དུ་བ་ཕྱུར་ཕྱུར་དུ་འཐེན་བཞིན་པའི་ནོར་བདག་དག་གིས། གཡག་རྒྱ་སོ་རྒྱང་དང་ཆུང་མའི་བར་ཀྱི་འབྲི་རྡང་དང་གཡག་རྡང་རེ་རེའི་བར་ན་གཡག་རོག་རོག་དང་། ཁམ་མཛུག། རྔ་སྐྱ། རྒྱ་ལིང་། ཁམ་འབལ་སོགས་བཏགས་བས་ཆུང་མ་ལ་གློ་བུར་ཏུ་ཉི་མ་མེད་ས་ནས་ཚ་གདུང་མྱོང་དགོས་བྱུང་།། དུས་དེ་ལ་གཡག་རྒྱ་སོ་རྒྱང་གི་རང་ཉིད་ཀྱི་རྡང་དང་ཆུང་མའི་རྡང་གི་བར་ན་བྱེའུ་རྡང་། ཡར་རྡང་། ཤད་རྡང་། ཐུལ་རྡང་། སོ་རྡང་སོགས་ཀྱི་སྟོང་ཆ་མང་བར་དོན་ལ་བསམ་བློ་བཏང་ཡང་། སེམས་འཚབ་ཆེ་དྲགས་བས། དོན་ཆེན་སྒྲུབ་པར་ངང་རིང་དགོས་ཞེས་པ་ཁོང་གི་ཀླད་པའི་ནང་འཁོར་ཡང་། བག་ཕེབས་རང་དབང་གི་འཚོ་བ་གཏོར་མཁན་གྱི་གཡག་རྒོད་འགའ་རང་ཉིད་ཀྱི་ཆུང་མའི་འཁྲིས་སུ་གན་རྐྱལ་དུ་ཉལ་བ་མཐོང་དུས། ། གཡག་རྒྱ་སོ་རྒྱང་གི་ཁོང་ཁྲོ་དང་ང་རྒྱལ་ཆེན་པོ་ལངས་ནས་རྡང་མགོའི་ཕུར་བ་ཀ་ར་འདྲ་བོ་བཅག་པ་མ་ཟད། རང་ཉིད་ཡོད་སའི་རྡང་ཐག་སྐེ་ལ་གྱོན་ནས། ནོར་ལྷས་ནང་ལ་ངར་ལངས་ནས་རྒྱུག་དུས། གན་རྐྱལ་ལོག་པའི་ནོར་ཕྱུགས་ཡོད་ཚད་གཉིད་སད་ནས་གཅིག་གིས་གཅིག་རྡང་ཐག་བཅད་པ་དང་། བྱེའུ་དང་ཡ་རུ་འགའི་རྡང་ཐག་བར་ལྷག་ཡང་། མེ་མདའ་གཏད་པའི་ཇག་ཚོགས་འགའ་ལྷས་ར་ནང་ཡོང་བར་ལྟར། ཤི་གསོན་ལ་ཁ་ཡ་བྱེད་ཁོམ་སུ་ལ་ཡོད། ཚེར་མའི་གདན་སྟེང་དུ་བསྡད་པ་ལྟར་ནོར་ཕྱུགས་རྣམ་རང་རང་ས་ན་ཡར་རྒྱུག་མར་རྒྱུག་བྱེད་ནས་རྡང་ཐག་ལ་ལ་བཅད་པ་དང་། ལ་ལ་འདྲེས་པ། ལ་ལ་སེམས་ཅན་འགའི་རྭ་མགོ་དང་རྐང་མགོ་སོགས་ལ་སྤྲས་ནས་རྒྱུག། སྐབས་དེ་ལ་ཀླད་ནག་ནང་གི་ཨ་ཕ་སྣ་ཆེན་གཉིད་སད་པ། དེ་མ་ཐག་ཕུར་བ་ཞིག་གིས་ཡུག་བརྟེན་བྱེད་ཞོར་སྒོ་ཁ་ཞིག་བུད་དུས། “ཨ་་་་་གནམ་རྒན་མ། མཚན་དཀྱིལ་ལ་ལྷས་ར་ན་སྤྱང་ཀི་ཡོང་བ་རེད་དམ། ཡང་ན་ཇག་ཚོགས་ཡོང་བ་རེད།” འོན་ཀྱང་། གཡག་རྒྱ་སོ་རྒྱང་སྔར་བཞིན་ངར་ལངས་ནས་རོག་འཛི་མའི་གཡས་གཡོན་ལ་ཡང་དང་བསྐྱར་དུ་འཁོར་བ་མཐོང་ཡང་། ཨ་ཕ་སྣ་ཆེན་གྱི་སེམས་ལ་དེ་འདྲ་ཞིག་ག་ལ་དྲན། ཁོང་གི་བསམ་པ་ཇག་ཚོགས་ཞིག་ཡོང་བ་དང་། སྐབས་དེར་རང་ཉིད་ལ་ལྷ་སྲུང་མའི་སྐད་བཏང་བ་རེད་བསམ་ཞོར་ལ་རྡང་རེ་རེའི་ཐོག་གི་ནོར་ཕྱུགས་ཚང་ཡོད་མེད་ལ་ལྟ་འགོ་འཛུགས་པ་ལས། གཡག་རྒྱ་སོ་རྒྱང་གིས་རང་གི་ཆུང་མ་རོག་འཛི་མའི་ཆེད་དུ་ལྷས་ར་གཏོར་བ་བསམ་པའི་ཡུལ་ལ་འཁོར་ཡོད་དམ།། བརྩམས་སྒྲུང་།, རྩོམ་རིག