རྫ་ཚེ་རིང་བཀྲ་ཤིས།
(ཞུས་དག་ཅི་བཞིན་མ་གྲུབ་པས་ཡིག་ནོར་ཡོད་ངེས)
༡ གཡག་ཡ་སོ་ཅན།
ཧོབ་སྟེ་བལྟས་ན། སྤྱིར་བཏང་འབྲི་ལ་གཡག་ལབ་པ་དེ་ངན་པ་རྫབ་ཆེན་རེད། ང་ཚོ་གསར་འབྱོར་རྣམས་དང་པོ་རྒྱ་གར་ལ་བསླེབས་སྐབས། ཕྱི་རྒྱལ་ནས་འཚར་ལོང་བྱུང་བའི་བོད་པ་གཞོན་སྐྱེས་འགས་གཡག་གི་འོ་མ་ལབ་སྐབས་ཧ་ཅང་ཚབས་ཆེ་བའི་ནོར་འཁྲུལ་ཞིག་ལྟར་བལྟས་ནས་འཕྱ་ལད་བརྒྱབ་ཡོད། དེ་བཞིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ལས་རྟགས་སུ་གཡག་ཡ་སོ་ཅན་ཞིག་བྲིས་པ་རེད། དེར་ཡང་ང་ཚོས་སྐྱོན་བརྗོད་བྱས་པ་ཡིན། འདི་ལོ་ཁོང་ཚོས་དེར་འགྱུར་བ་བཏང་ནས་ཡ་སོ་མེད་པ་ཞིག་བྲིས་འདུག་པར་ངས་ཀྱང་དོ་སྣང་བྱས་པར་མ་ཟད། ངོ་དེབ་ཐོག་ཀུ་རེ་དང་སྦྲགས་ནས། “ལོ་ངོ་གཉིས་གསུམ་(2019-2022)རིང་ལ་བོད་རིག་པའི་གཡག་རྒན་གྱི་ཡ་སོ་གཅིག་ཀྱང་མེད་པར་གྱུར་པ་ནི་གཡག་རྒན་ལོ་ལོན་པའི་མཚོན་རྟགས་ཤིག་རེད་ལ། ལོ་གཉིས་ཀྱི་ནང་དུ་གཡག་ལ་ཡ་སོ་མེད་པར་ངོས་ལེན་གནང་བ་ནི་བོད་རིག་པའི་ཞིབ་འཇུག་གི་གོམ་སྟབས་གསར་པ་ཞིག་རེད།” ཅེས་བྲིས་པ་ཡིན། དེ་ཡང་ཁོང་ཚོས་གཡག་གི་རི་མོ་ནོར་འཁྲུལ་ཅན་དེ་འགྱུར་བ་བཏང་བ་ནི་དོན་དངོས་དང་མཐུན།
༢ གཡག་ལ་འོ་མ་ཡོད་མེད།
ཡིན་ན་ཡང་། འབྲི་གཡག་ཐུན་མོང་ལ་གཡག་ཅེས་འབྲི་བ་འདིའི་རྒྱབ་ལྗོངས་ནི་དེ་ལས་བརྒལ་ཡོད། དེས་ན་འདི་དག་ལ་ཚོར་བ་ཁོ་ན་བཤད་པས་མི་འོང་ལ། རང་ཉིད་ཀྱི་བསམ་བློ་དང་གོམས་གཤིས་ཀྱི་ཁྱབ་ཁོངས་སུ་ཚུར་ལོག་ནས་རང་གི་རང་ལ་བདེན་ཁ་སྦྱིན་པ་ཁོ་ནའང་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་དུ་མ་མཐོང་། ད་ནི་ང་ཚོས་གཡག་ལ་འོ་མ་ཡོད་མེད་ཀྱི་དོན་དག་འདི་ལའང་ངོས་གཞན་ཞིག་ནས་བསམ་བློ་མ་བཏང་ཐབས་མེད་ཡིན།
༣ རྒྱལ་སྤྱིའི་ཚིག་མཛོད་ཀྱི་ངོས་འཛིན།
ངས་ནོར་མེད་ན། རྒྱལ་སྤྱིའི་དབྱིན་ཡིག་གི་ཁྱབ་ཁོངས་སུ་གཡག་ནི་ང་ཚོའི་འབྲི་གཡག་ཐུན་མོང་གི་བརྡ་ལ་ཡོངས་སུ་གཏན་ལ་ཕབ་ཟིན་པར་མ་ཟད་གྲགས་ཤིང་གྲུབ་པ་ཞིག་རེད།
ང་ཚོའི་གྷོ་གྷལ་ཡིག་བསྒྱུར་མཉེན་ཆས་དང་། ཡང་ན་རྒྱལ་སྤྱིའི་ཚད་ལྡན་གྱི་ཚིག་མཛོད་ཁོ་ལནསི་Collines སོགས་སུའང་། གཡག་ནི་བོད་ལྟེ་བར་བྱས་པའི་ཧི་མ་ལའི་མཐོ་སྒང་དུ་འཚོ་ཞིང་། ལྟོ་བའི་ངོས་སུ་རྩིད་པ་རིང་པོ་སྐྱེས་པའི་གཡུང་དྭགས་རིགས་ཤིག་ཡིན་པ་བྲིས་ཡོད།
ང་ཚོས་དེ་ཁོང་ཚོས་ཞིབ་ཆ་མ་ཐོན་པ་རེད་ཅེས་བསམ་ཆོག་མོད། ཅིག་བྱས་ན། དེ་ལའང་རྒྱུ་མཚན་ཞིག་ཡོད་ས་རེད། ཁོང་ཚོའི་སྲོག་ཆགས་ཀྱི་མིང་བརྡའི་ཁྱབ་ཁོངས་ནས་འབྲི་གཡག་གཉིས་ཁོ་ནར་སྤྱོད་རྒྱུའི་ཐ་སྙད་ཅིག་མ་རྙེད་པ་འདྲ།
༤ འབྲི་གཡག་ཐུན་མོང་ལ་སྤྱོད་པའི་ཐ་སྙད་ཚད་ཐུབ་ཅིག་ཡོད་དམ།
དེ་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། ང་ཚོར་སྐྱེས་པ་དང་བུད་མེད་གཉིས་ལ་ཐུན་མོང་དུ་མཚོན་པའི་ཐ་སྙད ་“མི་”ཞེས་པ་ཞིག་ཡོད་པ་བཞིན། བྱེད་ལས་དང་ནུས་པ་གཅིག་མཚུངས་ཡོད་པའི་འབྲི་གཡག་གཉིས་ཀ་མཚོན་པའི་གཞན་ལྡན་རྣམ་གཅོད་ཀྱི་མིང་ཚིག་ཅིག་ཨེ་ཡོད། ང་ཚོས་དེར་བསམ་བློ་འཁོར་ཨེ་མྱོང་། དེ་འདྲ་ཡིན་ན། ནོར་འཁྲུལ་དེ་ང་ཚོའི་མགོར་ཚུར་ལྷུང་རྒྱུ་ཡིན་ནམ། ཕྱུགས་དང་། ཟོག །ནོར་གནག་སོགས་ནི་འབྲི་གཡག་ཁོ་ན་མཚོན་པའི་མིང་མིན་པ་བོད་པའི་ཚིག་མཛོད་ཚོས་ཀྱང་ཁས་ལེན། དེ་རྣམ་པ་ཚོས་ཀྱང་ལོས་ཤེས། འོ་ན། ང་ཚོར་འབྲི་གཡག་གཉིས་ཀྱི་ཐུན་མོང་མིན་པའི་སྲོག་ཆགས་ཀྱི་ངོ་བོ་མཚོན་པའི་མིང་གཞན་ཞིག་ཡོད་དམ། ངས་ནི་ཡག་པོ་ཞིག་རག་མ་སོང་། “འབྲི་གཡག་”ཅེས་པ་འདི་ཐུན་མོང་གི་ཐ་སྙད་ཙམ་དུ་བྱས་མོད། དེ་ཡང་ཐ་སྙད་མི་འདྲ་བ་གཉིས་མཉམ་དུ་སྦྱར་བ་ལས་སྲོག་ཆགས་ཤིག་མཚོན་པའི་ཐུན་མིན་གྱི་ཐ་སྙད་རང་རྐྱ་བ་ཞིག་ཁྱོན་ནས་མ་རེད།
༥ བཀའ་བསྟན་ལས་བྱུང་བའི་གཡག །
ངས་འདི་ལྟར་ལྟ་དུས་བསམ་ཡུལ་ལས་འདས་པའི་གྲུབ་དོན་གཞན་ཞིག་ཐོབ་བྱུང་། དེ་ཡང་སྔོན་གྱི་བཀའ་བསྟན་དག་གི་ནང་གི་གཡག་གི་བརྡ་ཆད་དག་སྐབས་མང་པོར་འབྲི་གཡག་ཐུན་མོང་གི་ངོ་བོ་མཚོན་པར་བཀོལ་འདུག་སྙམ་པར་དོ་སྣང་བྱུང་། སྤྱིར་བཀའ་བསྟན་དུ་གཡག་ཅེས་པའི་ཐ་སྙད་འདི་ཉུང་མཐའ་ཡང་ཐེངས་ཉིས་བརྒྱ་བརྒལ་བ་བྱུང་འདུག་ལ། ཕལ་ཆེར་འབྲི་གཡག་ཐུན་མོང་ལ་གཡག་ཅེས་གསུངས་འདུག་སྙམ་པའང་ཧ་ཅང་མང་།
༦ རྒྱུད་སྡེ་ལས་བྱུང་བའི་གཡག །
དཔེ་མཚོན་ཙམ་ཞུས་ན། དཔལ་ཧེ་རུ་ཀ་སྙིང་རྗེ་རོལ་པའི་རྒྱུད་ལས། སྲིན་མོ་དམར་སེར་ཤིང་ཆེན་ཏྲི་ཤཱུ་གཡག་མགོ་མ། ཞེས་འབྱུང་ཞིང་། དེ་དང་འདྲ་བར་སྒྱུ་འཕྲུལ་ཞི་ཁྲོའི་ལྷའི་གྲས་སུའང་གཡག་གི་མགོ་བརྙན་ཅན་བྱུང་མོད། དེ་དག་ལྷ་མོ་རྒྱུད་ཡིན་པས། མགོ་བརྙན་དེའང་དོན་ལ་མོ་གཤིས་སུ་གནས་དགོས་པ་སྟེ། ཐད་ཀར་བཤད་ན། འབྲིའི་མགོར་ཡོད་དགོས་པ་ལྟ་བུ་ཞིག་མ་རེད་དམ། དེ་མིན་ན། སེང་གདོང་མའི་དབུ་དེའང་སེང་ཕོ་ཡིན་ནམ་སེང་མོ་ཡིན་སོགས་རྣམ་རྟོག་སྤྲོས་ན་དགོད་བྲོ་བ་ཡོང་། དེ་ཙམ་གྱིས་ཀློག་པ་པོའི་སྐོམ་ཁ་མི་སོད་པ་ངས་ཤེས་ཀྱི་ཡོད་པས་ང་ཚོས་མུ་མཐུད་བལྟས་ན།
ཡང་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་བྱེད་ཀྱི་འགྲེལ་པ་རྡོ་རྗེའི་ཚིག་འབྱེད་པ་ལས།
རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི། བསེའི་པགས་པ་དང་། སྟག་ལྤགས་དང་། དོམ་ལྤགས་དང་། ནེའུ་ལེའི་པགས་པ་དང་། གཡག་གི་པགས་པ་དང་། ཅེ་སྤྱང་གི་པགས་པ་དང་། སྲམ་ལྤགས་དང་། བྱི་ལའི་པགས་པའོ། །ཞེས་གསུངས། འདིའང་གཞན་དག་ལ་ཕོ་མོ་ངེས་བཟུང་མེད་བཞིན། གཡག་ཁོ་ན་ཕོ་ཡིན་དགོས་པའི་ཁྱད་པར་ཡོད་དམ། དུས་འཁོར་བསྡུས་རྒྱུད་སོགས་སུའང་དེ་འདྲ་མང་པོ་འབྱུང་མོད། རེ་རེ་ནས་འདྲེན་མི་དགོས།
༧ མདོ་འདུལ་ལས་བྱུང་བའི་གཡག །
ཡང་འདུལ་བ་གཞུང་དམ་པ་ལས། བཅོམ་ལྡན་འདས་ཀྱིས། ཞེས་པ་ནས། གླང་ངམ། རྟའམ། མ་ཧེའམ། གཡག་ལ་འཇུས་ཤིང་ཀླུང་རྒལ་ན་ཉེས་པ་མེད་དོ། །ཞེས་གསུངས་ཤིང་། འདིའང་སྐྱལ་མི་ཤེས་མཁན་གྱི་གྲྭ་པས་ཆུ་ཀླུང་བརྒལ་བར་ཕྱུགས་རིགས་འདི་དག་གི་རྔ་མ་འཇུས་ནས་བརྒལ་ཐབས་བྱེད་ཆོག་པར་གསུངས་པའི་ལུང་ཡིན་མོད། འདིའང་ཕོ་ཁོ་ནའི་དབང་དུ་བྱས་པའི་སྒྲུབ་བྱེད་མི་འདུག་ལ། གཡག་ཁོ་ན་དམིགས་སུ་བཀལ་ནས་ཕོ་ཡིན་དགོས་པར་དེ་བས་ཀྱང་བཤད་དཀའ།
ཡང་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པའི་མདོ་ལས། རྟའི་གཟུགས་དང་། གཡག་གི་གཟུགས་དང་། གླང་གི་གཟུགས་དང་། ཕག་གི་གཟུགས་དང་། སྤྱང་ཀིའི་གཟུགས་དང་། ཕྱུགས་ཀྱི་གཟུགས་དང་། བསེའི་གཟུགས་དང་། མ་ཧེའི་གཟུགས་དང་། ཝའི་གཟུགས་བསྡུས་པས་བདག་བྱོལ་སོང་གི་སྐྱེ་གནས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སྐྱེ་གནས་རེ་རེ་ཐོབ་པས་ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་འཁོར་ལ་མཆོད་སྦྱིན་བྱས་སོ། །ཞེས་མཆོད་སྦྱིན་གྱི་དངོས་པོ་བགྲངས་པའི་ཁོངས་ཀྱི་གཡག་འདིའང་འབྲི་གཡག་གཉིས་ཀྱི་བཟླས་ཕྱེ་བའི་གཡག་ཁོ་ན་ཡིན་པར་འགྲུབ་དཀའ།
དེ་བཞིན་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་ལས །གཟུགས་སྐུ་གཉིས་ནི། དཔེར་ན་གཡག་གི་རྭ་བཞིན་ནོ། །ཞེས་རི་བོང་གི་རྭའི་ལྡོག་ཕྱོགས་ཀྱི་དཔེར་བཞག་མོད། འདིའང་གཡག་ཕོ་ཁོ་ནར་གོ་དགོས་པའི་ཁུངས་མི་སྣང་།
༨ སྐྱེས་རབས་སོགས་ལས་བྱུང་བའི་གཡག
ཁྱད་པར་དུ། སེང་གེ་ཞབས་འབྲིང་པའི་སྐྱེས་རབས་ཞེས་པའི་སྙན་ངག་གི་བསྟན་བཅོས་ལས། ཁ་བ་ཉེ་བར་འཕེལ་བས་ཤིན་ཏུ་རགས་པའི་རྩེ་མོ་སྟོང་ཉིད་ཀྱིས། དངུལ་གྱི་ཀ་བ་དང་འདྲ་བར་སྟེང་གྱི་ཕྱོགས་ཀུན་ནས་ཁྱབ་པ་དང་གཉའ་རལ་ཅན་ལས་ཀུན་ནས་སྐྲག་པའི་གཡག་གི་ཚོགས་རབ་ཏུ་ཞུགས་པ་སྤྲོ་བཞིན་པའི་རྔ་མའི་ཚོགས་ཀྱིས་གཡོབ་བཞིན་པའི་རི་སུལ་དབུ་མ་དང་། རི་ལ་འབབ་པའི་ཆུས་བྲག་རྣམས་ཀྱི་མཐིལ་བཀྲུས་བཞིན་པ་དང་། མེ་ཏོག་སྐྱེས་པའི་ལྕུག་མ་རྣམས་ཀྱིས་མཐར་འཁོར་བཞིན་པ། ཞེས་རི་གངས་ཅན་གྱི་གཡག་གི་ཚོགས་ཀྱིས་རྔ་མ་གཡོབ་བཞིན་ཁྱུར་བྱེད་པ་དང་། ཆུ་བྲག་ཁ་ནས་འབབ་པ། མེ་ཏོག་ལྡན་པའི་ལྕུག་ཕྲན་གྱི་ནགས་ཡོད་པ་སོགས་ཞིབ་བྲི་མཛད་སྐབས་ཀྱི་གཡག་འདིའང་འབྲི་གཡག་གཉིས་ཀྱི་བཟླས་ཕྱེ་བའི་གཡག་ཁོ་ན་ཨེ་ཡིན།
ཡང་གནས་བརྟན་སྤྱན་དྲངས་པ་ལས། །གང་དག་གཡག་གི་རྨིག་པས་རྡོ་བཅག་ཡོད་ཅིང་སྤྲིན་ལྡིངས་ལྡན་གྱུར་ལ། །མཐའ་མར་སཱ་ལ་ཐང་ཤིང་སྐྱེས་ལ་ཆུ་བསིལ་མི་ཁེབས་འབབ་ཡོད་ཅིང་། །ཞེས་གོང་དང་མཚུངས་པར་མཐོ་སྒང་གི་གཡག་ཁྱུ་གཟས་ལ་ཡན་པའི་ཐང་ཤིང་གི་ཁོར་ཡུག་ཞིབ་ཏུ་བརྗོད་པ་དེའང་། ཕོ་གཡག་རྐྱང་པ་ལོགས་སུ་བསྐལ་ནས་འཆད་པ་ཞིག་ཨེ་ཡིན།
༩ ཧི་མ་ལའི་བསྟན་བཅོས་ལས་བསྟན་པའི་གཡག
བགྲོས་འདི་དགེ་འདུན་ཆོས་འཕེལ་གྱིས་ཀྱང་གླེང་སློང་གནང་ཡོད་དེ། ཁོང་གིས་མཛད་པའི་ཧི་མ་ལའི་བསྟན་བཅོས་ལས། གནས་བརྟན་སྤྱན་དྲངས་པ་ལས་ཀྱང་། གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་། གཡག་གི་རྨིག་པས་རྡོ་བཅག་པ་སོགས་བྱུང་ལ། གཞན་ཡང་རི་བོ་གངས་ཅན་ལ་སྦྱར་བའི་རྒྱ་གར་གྱི་སྙན་མངགས་རྣམས་ལ་ལྟོས་དང་། གངས་ཅན་རི་ལ་ནགས་ཚལ་དང་། མེ་ཏོག་གི་ཐང་ག་དང་། གཡག་ལ་སོགས་པ་དེར་ཡོད་ཚུལ་ཤ་སྟག་འབྱུང་། ཞེས་གསུངས་ལ་འདི་ཡང་འབྲི་གཡག་གཉིས་ཀྱི་བཟླས་ཕྱེ་བའི་གཡག་ཙམ་དེ་ལ་ཡོད་ཚུལ་གསུངས་པ་ག་ལ་ཡིན། འདིས་ཀྱང་རིགས་ཀྱི་སྒོ་ནས་འབྲི་གཡག་གཉིས་མཚོན་བཞིན་ཡོད་པ་གསལ་པོ་རེད།
༡༠ ལེགས་སྦྱར་གྱི་གཡག་གི་ཐ་སྙད།
འཇམ་མགོན་མི་ཕམ་པས་མཛད་པའི་སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་ལས། ལེགས་སྦྱར་དུ། གཡག་ལ་ཙ་མ་རཿ འབྲི་ལ་ཙ་མཱ་རཱི་ཞེས་འབྲི་བར་གསུངས་པར་བརྟགས་ན་ཡང་། རྒྱ་གར་གྱི་སྐད་དུ་འབྲི་གཡག་གཉིས་ཆར་ལ་མིང་མཐའ་ཙམ་ལས་ཁྱད་པར་མེད་པར། ལྷ་དང་ལྷ་མོ་ལ་དེ་ཝ་དང་དེ་ཝི་ཞེས་པ་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ།
༡༡ དེང་དུས་མིའི་བསམ་ངོའི་གཡག
ལར་སྲོག་ཆགས་འགའ་རེར་ཤྭ་བ་དང་ཡུ་མོང་ཞེས་ཕོ་མོའི་ཐ་སྙད་ཡོད་ལ། ལུག་དང་མ་མོའང་དེ་བཞིན་རེད། རྟ་དང་རྒོད་མའང་དེ་བཞིན་རེད། རེད་དེ། སྤྱི་ཙམ་དུ་ལུག་དང་ཤྭ་བ། རྟ་སོགས་སུ་བརྗོད་དུས་མ་མོ་དང་ཡུ་མོང་རྒོད་མ་སོགས་མི་ཚུད་པ་ཡིན་ནམ། མ་འོངས་པར་ང་ཚོར་ཕྱི་རྒྱལ་བ་དང་། ཡང་ན་ཕྱི་ལོགས་ཀྱི་བོད་པའི་མི་རབས་རྗེས་མ་ཚོས་རིགས་པ་འདི་ཁུར་ནས་ང་ཚོར་ཚུར་རྩོད་ལན་གནང་སྲིད་དམ།
ངས་བསམ་ན། ཁོང་ཚོས་ང་ཚོར། མ་མོ་ཡང་སྤྱི་ཙམ་དུ་ལུག་ཡིན་པའི་ཆ་ནས་དེའི་འོ་མ་ལུག་གི་འོ་མ་ཞེས་བརྗོད་པ་བཞིན། བྱེ་བྲག་འབྲི་གཡག་གཉིས་སུ་ཕྱེ་ཡང་་སྤྱི་ཙམ་དུ་གཡག་ནི་འབྲི་གཡག་གཉིས་སུ་ཡོད་པའི་ཐུན་མོང་མ་ཡིན་པའི་སྲོག་ཆགས་དེའི་མིང་བརྡའོ་ཞེས་བརྗོད་སྲིད།
མ་མཐའ་ཡང་། བོད་པ་དབྱིན་ཡིག་སྐད་ཡིག་དང་པོ་བྱེད་མཁན་ཚོས་ངེས་པར་དུ་དབྱིན་ཡིག་གི་ཚིག་མཛོད་དང་བསླབ་དེབ་ལྟར་གོ་བ་ལེན་ངེས། ཁོང་ཚོའི་ངོས་ནས་ནི་གཡག་ལའང་འོ་མ་ཅིས་ཀྱང་ཡོད། དེ་ལ་དགེ་རྒན་གྱི་སློབ་དེབ་ནས་རྒྱལ་སྤྱིའི་ཚིག་མཛོད་ཚུན་ཆད་ཀྱིས་ཤར་རེར་རྒྱབ་སྐྱོར་ཡོད།
ད་ནི་ངས་ཀྱང་ཁོང་ཚོར་ནང་ཚགས་ཀྱི་ཚུལ་དུ། ཁྱོད་ཚོའི་བོད་པ་ནང་ཁུལ་དང་། ཁྱད་པར་དུ་ཕ་ཡུལ་གྱི་རྒན་པ་ཚོ་དང་སྐད་ཆ་ཤོད་སྐབས། རེ་ཞིག་གཡག་གི་འོ་མ་དང་། གཡག་ལ་བེའུ་སྐྱེས་ལབ་རྒྱུར་འཛེམས་ཙམ་གནང་རོགས། ཞེས་བར་འདུམ་ཙམ་བྱ་རྒྱུ་ལས་གཞན་ཆེར་ལྷག་མེད།
ངའི་རྩོམ་ཡིག་འདི་ཀུ་རེ་ལྟ་བུ་ཞིག་ཏུ་སྣང་མོད། དོན་དངོས་ཐོག་འདི་ནི་ཐ་སྙད་དང་ངེས་ཚིག་འགྱུར་བའི་གོ་རིམ་ཞིག་ཡིན། ངས་འདི་ནས་འབྲེལ་ཡོད་བསམ་གཞིག་གི་ཁུངས་སྣེ་གཞན་འགའ་ཞིག་གི་ཐོག་ཁྱེད་ཚོར་ཁ་བརྡ་བྱེད།
༡༢ གཡག་བརྡས་བསྐྱེད་པའི་བསམ་གཞིག །
ངོ་མ་བཤད་ན། འདི་ནི་ང་ཚོའི་མི་རབས་དང་དུས་རབས་བརྗེ་བཞིན་པ་དང་མཉམ་དུ་མིང་བརྡ་ཐ་སྙད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་སྔོན་བརྡ་ཞིག་རེད།
ང་ཚོའི་གཅེས་སུ་འོས་པའི་སྲོལ་རྒྱུན་གྱི་ཐ་སྙད་མང་པོ་ཞིག་བརླགས་བཞིན་ཡོད་པའི་ཉེན་བརྡའང་ཡིན། བློ་ཡུལ་ལ་མེད་པའི་བསམ་ཚུལ་དང་། བཤད་སྟངས་གསར་པ་མང་པོ་དང་ལེན་བྱ་དགོས་ཀྱི་ཡོད་པའི་བསམ་བློའི་སྦྱོང་བརྡར་ཞིག་ཀྱང་རེད།
ད་དུང་འདིའི་ཁྲོད་ནས་གནད་དོན་གཞན་ཞིག་ང་ཚོའི་མཐོང་ཐུབ་དགོས་པ་ནི། ད་ལྟའི་དུས་རབས་འདིའི་གཙོ་རྒྱུག་གི་རིག་གནས་དང་བསམ་བློ་མང་པོ་ཞིག་གི་ངེས་ཚིག་དང་མཚན་ཉིད་དེ་ཚོ་དེང་རབས་རང་གི་འགྲོ་སྟངས་ཤིག་ཡོད་ཅིང་། སྐད་ཆ་སྡུག་ས་ནས་བཤད་ན་ནུས་ཕྱོགས་པའི་བསམ་ཚུལ་གྱིས་ཤུགས་ཆེར་དབང་བསྒྱུར་བ་ཞིག་ཡིན། ང་ཚོས་ཤེས་ས་རིག་ས་ནས་འབྲི་འོ་གཡག་འོར་འགྱུར་བཞིན་པ་འདིའང་ངོས་དེའི་ཆ་ཤས་ཙམ་ཞིག་རེད།
ད་དུང་རིག་གནས་དང་བསམ་བློ། ཤེས་ཡོན་ལམ་ལུགས་དང་། རིན་ཐང་གི་ལྟ་བ་སོགས་མང་པོ་ཞིག་ང་ཚོས་ཁ་ཡ་མ་བྱས་པའི་སྔོན་ནས་རྒྱལ་སྤྱིའི་ཅན་དུ་འགྱུར་བཞིན་ཡོད། བོད་ཀྱི་སྐད་ཡིག་རིག་གཞུང་ནས་ཆོས་ཀྱི་སློབ་གསོ་ཚང་མར་གནད་དོན་འདི་འཕྲད་བཞིན་ཡོད།
༡༣ རྒྱལ་སྤྱིའི་ཚད་ལྡན་ངོས་འཛིན་གྱི་འགལ་འདུ།
རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་གཞི་འཛིན་སའི་ཡིག་ཆ་མང་པོ་ཞིག་ཀྱང་། བོད་ཀྱི་ཤེས་ཡོན་བསྟི་གནས་ཁག་ཏུ་ལོ་གཉིས་གསུམ་སློབ་སྦྱོང་བྱས་པའམ། དེ་མིན་ཡང་། སོ་སོའི་ངོས་ནས་བོད་རིག་པའི་བརྗོད་གཞི་གང་རུང་རེའི་ཐོག་ནས་འབུམ་རམས་སོགས་ཞིབ་འཇུག་གི་ལག་འཁྱེར་བླངས་ཟིན་པ་དག་གི་ཡིག་ཆ་ཁོ་ན་རྒྱལ་སྤྱིའི་ཚད་འཛིན་ཡིག་ཚགས་སུ་གྱུར་ཡོད། མཚམས་མཚམས་དེ་དག་གི་ནོར་འཁྲུལ་ཅན་གྱི་འགྲེལ་བརྗོད་དེ་དག་ང་ཚོའི་བདེན་པའི་འགྲེལ་བརྗོད་ལས་ཀྱང་ཁྲིམས་མཐུན་གྱི་ནུས་པ་ཆེ་བ་ཡིན།
དེའི་དོན་ནི་ཞིབ་འཇུག་པ་གཞན་དག་གིས་ལུང་འདྲེན་དང་བཀོལ་སྤྱོད་བྱེད་པར་གཙུག་ལག་སློབ་ཆེན་དག་གི་གཞུང་འབྲེལ་ངོས་ལེན་ཡོད་པའི་ཡིག་ཆ་ཡིན་དགོས་པའི་དོན་རེད། ང་ཚོའི་མཁས་ཆེན་དག་ལ་དམངས་ཁྲོད་ཀྱི་མཁས་པ་ཞེས་བྱ་ཞིང་། ཁོང་ཚོའི་རྩོམ་ཡིག་ནི་ཐ་ན་དེ་ལྟ་བུའི་དཔེ་མཛོད་དང་དུས་དེབ་སོགས་སུའང་འཁོད་ཐུབ་ཀྱི་མེད། རྩོམ་ཡིག་གི་ཆེའི་མཐོའི་ཚད་གཞི་དེ་ང་ཚོའི་སྲོལ་རྒྱུན་གྱི་ཐོག་ནས་འགྲོ་བ་མིན་པར། དེང་རབས་ཞིབ་འཇུག་གི་ཚད་གཞིས་འཇལ་དགོས་ཞིང་། དེའང་དོན་ལ་ནུབ་ཕྱོགས་པའི་ཤེས་ཡིན་ལམ་ལུགས་ཀྱི་སྒྲོམ་གཞིས་ཐག་བཅད་པ་ཞིག་ཡིན། འདིའི་སྐོར་གླེང་དགོས་པ་ཧ་ཅང་མང་མོད་དེ་རིང་འདི་ཙམ་ཡིན།
༡༤ མ་འོངས་པའི་གྲ་བསྒྲིགས།
མདོར་ན། ནམ་ཉི་མ་ཞིག་ལ། ང་ཚོའི་རིག་གཞུང་གི་ངོས་འཛིན་དང་། དེའི་སྤྱི་དང་བྱེ་བྲག་གི་མཚན་ཉིད། དེ་ཉིད་དུས་རབས་ཀྱི་བསམ་བློའི་ཁྱབ་ཁོངས་སུ་བཅུག་ནས་གོ་བ་ལེན་སྟངས། བཀོལ་སྤྱོད་བྱེད་སྟངས་བཅས་ཀྱི་ཐད་ཁོང་ཚོས་ང་ཚོར་ཚུར་སློབ་ཚན་འཁྲིད་སར་ཡོང་གི་རེད། ང་ཚོས་ཀྱང་གནས་བབས་དེ་ཡོངས་སུ་དང་ལེན་བྱ་དགོས་ཁེལ་གྱི་རེད། དེ་ལ་ཁྱེད་གྲ་བསྒྲིགས་ཡོད་དམ།
ང་ཚོ་དྲ་ཐོག་ལ་ཡོང་ནས་ལྕག་ཀྲེན་ཐོག་གི་ “གཡག་གི་འོ་མ”ཡི་གེ་དེར་དམག་ཐིག་བརྒྱབ་ནས་འགྲེམ་སྤེལ་བྱས་པ་དང་། མདོ་སྨད་པ་ཟླ་གྲགས་ལྟ་བུའི་སྤུན་ཟླ་ཆུང་ཆུང་ཞིག་གི་ཐོག་ལ་ཧ་ལས་ལས་བྱས་པ། གླུ་ཚིག་ཅིག་གི་ནང་དུ་འབྲི་ལ་འབྲུག་བྲིས་པའི་ཡིག་ནོར་ཞིག་ལ་བདའ་འདེད་བྱས་པ་ཙམ་གྱིས་གནད་དོན་འདིའི་ཁ་ཕྱོགས་བསྒྱུར་ཐུབ་ཀྱི་མེད། གང་ཡིན་ཟེར་ན། གནད་དོན་འདིའི་རྒྱབ་ཏུ་གནད་དོན་གཞན་ཞིག་ཡོད་པས་རེད། འདི་ཚང་མས་སེམས་ལ་འཁོར་དགོས། (ལར་མདོ་སྨད་པ་ཟླ་གྲགས་ཀྱིས་ཀུ་རེ་ཡིན་མིན་མ་ཤེས་མོད། ཁོང་གི་འགྲེལ་བཤད་དེའང་དོན་ལ་གནས་པ་ཞིག་ཏུ་མ་མཐོང་།)
༡༥ དྲ་ཐོག་གི་རྣམ་འགྱུར་དང་སེམས་ཚོར་གྱི་རིན་ཐང་།
འོན་ཀྱང་། ངས་ང་ཚོའི་གནའ་ནས་ཡོད་པའི་འབྲི་དང་འབྲི་འོ་སོགས་ནོར་ཡོད་པའམ། ཁྱེད་རྣམ་པས་དེའི་ཐད་ལ་སེམས་ཁུར་གནང་བ་དེ་ཆོ་མེད་ཅིག་རེད་ནམ་ཡང་ཞུ་གི་མེད། ངོ་མ་བཤད་ན། དྲ་ཐོག་གི་རྣམ་འགྱུར་་འདི་དག་གིས་ཕྱོགས་ཡོངས་ནས་ང་ཚོར་བློ་སྐྱེད་སྤྲོད་ཀྱི་ཡོད་ལ། མདུན་སྐྱོད་དང་ལེགས་བཅོས་ཀྱི་ཕྱོགས་ལ་བློ་སྒོ་མང་པོ་འབྱེད་ཀྱི་ཡོད།
དགེ་ཆོས་མཁས་པས་གངས་སེང་མེད་པར་དགོངས། །
རྫ་ཚེ་སྨྱོན་པས་གཡག་འོ་ཡོད་པར་བསམས། །
བདེན་རྫུན་རྟོག་པས་བརྟགས་པའི་འཇིག་རྟེན་འདིར། །
བློ་གྲོས་སྒྱུ་མའི་རྩེད་འཇོ་སུ་ཡིས་འགོག །ཅེས་ཀྱང་སྨྲས་སོ།།
ཞེས་པ་འདིའང་། ཤེས་བྱའི་གནས་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཡངས་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་རི་བོ་སྔོན་པོའི་རང་མལ་དུ་སྤྱི་ལོ་༢༠༢༢ ཟླ་ ༧ ཚེས་༢༢ ཕྱི་དྲོ་བྲིས་སོ།། རྫོགས་སོ།།
བོད་ཀྱི་གཡག་ལ་ཆ་རྒྱུས་ཡོད་པ་བོད་ལས་ལྷག་ཅིག་མེད། དེ་ལས་ཀྱང་འབྲོག་པ་དག་ནི་གཡག་གི་འགྲོ་རོགས་འདུག་རོགས་རེད། དེ་དག་གི་ངོས་འཛིན་ཕར་ཙམ་བཞག་ནས། འབྲི་དང་གཡག་ལ་ཆ་རྒྱུས་མེད་པའི་རྒྱ་གར་བའི་སྐད་ཆ་འགའ་རེ་ཁུངས་སུ་བཅོལ་ཏེ་སྐད་ཆེན་པོ་སྒྲོག་པ་ནི་རྒྱ་མཚོ་འཁྲིས་ལ་བཞག གོ་གྱོང་མཆིལ་མས་སྦང་ཟེར་བ་དེ་རེད། ཡང་ཅིག་བཤད་ན་གང་དྲངས་བའི་ལུང་དེ་དག་གིས་གཡག་ཅེས་པ་འབྲི་གཡག་ཐུན་མོང་གི་མིང་ཡིན་པ་ཟུར་ཙམ་ཡང་བསྒྲུབ་ཐུབ་མི་འདུག
བོད་ཡུལ་མཐོ་སྒང་དུ་ཆགས་པའི་རྫ་་རི་དང་གཡའ་རི་ལ་གནས་པའི་བདག་མེད་སྲོགས་ཆགས་འབྲོང་ལས་མཆེད་པའི་སེམས་ཅན་གཡག་མི་གི་བདག་ཏུ་བཟུང་ནས་གཡག་ཕོ་དང་མོ་ཡོད་པ་ནས་ཕོ་ལ་ཕོ་གཡག་དང་མོ་ལ་འབྲི་དང་གཡག་ཕོ་ཆེན་ལ་སྤོ་བ་ཟེར་བ་གཡག་གི་ཕྲུ་གུ་ལ་བེའུ་ཟེར་བ་དང་ལོ་གཉིས་ལོན་པ་ལ་ཡ་རུ་ཟེར་བ་སོགས་འབྲོག་པའི་འཚོ་་བ་ལ་རོགས་འདེགས་བྱེད་མཁན་གྱི་དུད་འགྲོ་གཡག་ནི་མེད་དུ་མི་རུང་བའི་སེམས་ཅན་དཀའ་སྡུག་མྱོང་ཐུབ་མཁན་ཞིག་ཡིན་པ་ནས་གཡག་ནི་སྤྱི་མིང་ལ་ངོས་འཛིན་བྱས་ན་མ་འགྲིག་པ་ཨ་ཡོད་ན་།
གཡག་དང་བ་ལང་བསྡེབས་པའི་བེའུ་ལ་མཛོ་ཟེར་བ་དང་།
རྟ་དང་བོང་བུ་བསྡེབས་པའི་རྟེའུ་ལ་དྲེལ་ཟེར་བ་སོགས་མཛོ་དང་དྲེལ་ལ་ཕྲུ་གུ་མི་སྐྱེ་བ་ནས་གཡག་དང་བ་ལང་བསྡེབས་ནས་མཛོ་སྐྱེས་པ་དང་རྟ་དང་བོང་བུ་བསྡེབས་ནས་དྲེལ་སྐྱེས་པའོ་།
ངས་རྫ་་ཚེ་ཟེར་བ་འདི་མཁས་པ་ཞིག་ཡིན་ཆགས་བྱས་ཡོད། ད་བལྟས་དུས་ཁོང་ཡང་དེ་འདྲ་ཞིག་རེད། ནུབ་ཕྱོགས་པ་ཚོས་གཡག་གི་འོ་མ་ཟེར་དུས་གླེན་པ་འགས་ནུབ་ཕྱོགས་པ་ཚོའི་གཡག་དང་འབྲི་ཡི་ཁྱད་པར་མ་ཤེས་ཟེར་ནས་དགག་པ་རྒྱབ། དོན་ལ་ནུབ་ཕྱོགས་པ་ཚོས་གོ་བདེའི་ཆེད་དུ་དེ་ལྟར་བཏགས་པ་རེད། དཔེར་ན་ར་མའི་འོ་མར་རའི་འོ་མ་ཟེར་བ་ལྟ་བུ་རེད། སུས་བལྟས་ཀྱང་ར་མའི་འོ་མ་ཡིན་པ་ཞོར་ནས་ཤེས་སོ། གཡག་གི་འོ་མ་ཟེར་དུས་གཡག་ལ་འོ་མ་ཡོད་མེད་རྩོད་ན་ལྐུག་པ་རེད། །