རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།
སྤྱིར་བཤད་ན། ལོ་རྒྱུས་ཐོག་ལ་ཡོངས་སུ་གྲགས་པའི་མི་སྣ་ཞིག་འཁྲུངས་ཡོད་མེད་ཐད་ལ་ཡང་བསྐྱར་དོགས་པ་སློང་བ་ནི་ཞིབ་འཇུག་གི་གནས་བབ་ཅིག་ཡིན་པས། སུ་ལའང་དོགས་པ་ནི་ཟ་ཆོག་ཆོག་ཅིག་རེད།
ང་ཚོས་ལོ་ངོ་སྟོང་ཕྲག་གཅིག་དང་ཉིས་བརྒྱ་ཡས་མས་ཀྱི་ཡར་སྔོན་དུ་བྱོན་པའི་གཡུ་ཐོག་རྙིང་མ་ལའང་འཁྲུངས་ཡོད་མེད་ཐད་ནས་དོགས་པ་ཟ་ཆོག་ལ། ཞིབ་འཇུག་ཀྱང་བྱེད་འོས་པ་ཞིག་རེད། འོན་ཏེ། རྩ་དོན་ནི་ཡོངས་སུ་གྲགས་པའི་མི་སྣ་དེ་འདྲ་ཞིག་འཁྲུངས་ཡོད་མེད་ཐད་ལ་ཡང་བསྐྱར་དོགས་པ་སློང་བ་ལ་ངེས་པར་དུ་རྒྱུ་མཚན་གཉིས་མཆིས་ཏེ།
གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།
གཅིག་ནི། དོགས་པ་ཟ་མཁན་གྱི་མི་དག་གིས་དོགས་གཞིའི་སྐོར་གྱི་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་དང་དངོས་པོའི་བདེན་དཔང་གསལ་བོ་ཞིག་གསར་དུ་རྙེད་ནས་དོགས་པ་ཟ་གིན་ཡོད་པ་རེད།
གཉིས་ནི། སོ་སོའི་དགོས་མཁོ་ཕྲན་བུ་ཞིག་ལ་དམིགས་ཏེ། འུར་ལངས་པ་དང་། དཀྲོག་གཏམ་བསླངས་ནས་སྤྱི་ཚོགས་ཟང་ཟིང་ལང་ལོང་དུ་བཏང་བ་དེ་རེད།
གོང་གི་འགྲོ་ལུགས་དེ་གཉིས་ལས་དང་པོ་ནི་ངེས་དོན་གྱི་ཞིབ་འཇུག་པ་ཞིག་གི་འགྲོ་སྟངས་རང་རེད་ལ། རྗེས་མ་ནི་ཁྲམ་པ་དང་གཡོ་ཇུས་པ་ཚོའི་བྱེད་ལས་ཤིག་ཡིན་པ་ལས་རིག་གཞུང་ཞིབ་འཇུག་ལ་འབྲེལ་བ་མེད་དོ།།
སྔོན་གྱི་དུས་སུའང་མཁས་པ་རེ་གཉིས་ཀྱིས་གཡུ་ཐོག་རྙིང་མ་བྱོན་ཡོད་མེད་སྐོར་ལ་དོགས་སློང་མཆིས་པ་ནི་བདེན་ཏེ། དེ་ཡང་༼ལྔ་བ་ཆེན་པོའི་གསན་ཡིག༽་དང་། སྡེ་སྲིད་ཀྱི་༼བཻ་དཀར༽་དང་། ༼མཆོད་སྡོང་འཛམ་གླིང་རྒྱན་གཅིག༽་སོགས་སུ་གསལ་བའི་སྨན་བརྒྱུད་གྲས་སུ་གཡུ་ཐོག་རྙིང་མ་ཟེར་བ་ཞིག་མི་བཞུགས་པས་དོགས་པ་དེ་བྱུང་བ་འདྲ། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་ཀྱང་༼རབ་བྱུང་བཅུ་གཉིས་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་1718ལོར་འཁྲུངས༽གཡུ་ཐོག་རྣམ་ཐར་བཀའ་རྒྱ་མ་ལ་དགག་པ་བརྒྱབ་ནས་གཡུ་ཐོག་རྙིང་མ་བྱ་བ་ཞིག་བྱོན་མེད་ཚུལ་བཤད་ཡོད་སྐད།
ཉེ་སྔོན་ཞིག་ལ་ཨ་རི་ན་ཡོད་པའི་སྨན་པ་རིག་པའི་ཡེ་ཤེས་ལགས་ཀྱིས། “གཡུ་ཐོག་གསར་རྙིང་གི་རྣམ་ཐར་སྐོར་ལ་ཁྱེད་ཀྱིས་ཞིབ་འཇུག་བྱེད་མྱོང་ཡོད་དམ། ཐུབ་བསྟན་ཕུན་ཚོགས་ཀྱིས་གཡུ་ཐོག་རྙིང་མ་ཟེར་བ་ཞིག་འཁྲུངས་མི་འདུག་པའི་སྐོར་བཤད་བྱུང་།” ཞེས་ང་ལ་རྩད་གཅོད་གནང་བྱུང་བས་ངས་འཕྲལ་དུ་དེའི་སྐོར་ཆེད་དུ་དོ་སྣང་བྱེད་མ་མྱོང་ཡང་། གཡུ་ཐོག་རྙིང་མ་བྱ་བ་ཞིག་འཁྲུངས་ཡོད་ཚུལ་གྱི་བདེན་དཔང་ཡིག་ཚང་འགའ་རེ་མཐོང་མྱོང་ཞེས་གསལ་བཤད་བྱས་པ་ཡིན།
ཁ་སང་ཞིག་ལ་འཕྲིན་ཕྲན་སྟེང་དུ་བོད་ལྗོངས་སྨན་རྩིས་ཁང་གི་རྒན་རིན་ཆེན་དོན་གྲུབ་ལགས་ཀྱི་འཕྲིན་ཕྲན་ལས་བཤུས་པའི་རྩོམ་ཡིག་ཅིག་མཐོང་བྱུང་། རྩོམ་ཡིག་དེར་བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་གཡང་དགའ་ལགས་དང་དགེ་རྒན་ཐུབ་བསྟན་ཕུན་ཚོགས་གཉིས་ཀྱིས་གཡུ་ཐོག་རྙིང་མ་འཁྲུངས་མེད་ཚུལ་གྱི་སྐད་ཆ་བཤད་ཡོད་པར་བསྟན་འདུག དེ་མིན་ད་དུང་གྲོགས་པོ་རེ་གཉིས་ཀྱི་ཞལ་ནས་ཀྱང་། རྒན་ཁོ་ཚོས་གཡུ་ཐོག་རྙིང་མ་ཟེར་བ་ཞིག་བྱོན་མེད་ཚུལ་ཐག་བཅད་ནས་ཤོད་བཞིན་འདུག་ཅེས་ཐོས་མྱོང་ཡང་། དེའི་སྐོར་གྱི་རྩོམ་ཡིག་མཐོང་མ་མྱོང་། གང་ལྟར་ཉེ་ཆར་གཡུ་ཐོག་རྙིང་མའི་སྐོར་ནས་དེ་འདྲའི་རྩོད་གཞི་ཞིག་བྱུང་ཡོད་པ་མངོན་གསལ་རེད།
ད་དུང་གཡུ་ཐོག་རྙིང་མ་ཟེར་བ་ཞིག་འཁྲུངས་མེད་པའི་རྒྱུ་རྐྱེན་གཙོ་བོ་གཞན་ཞིག་ནི། གཡུ་ཐོག་གསར་མའི་ལོ་རྒྱུས་དང་འབྲེལ་བ་ཡོད་པར་བཤད། དེ་ནི་གཡུ་ཐོག་རྙིང་མའི་ལོ་རྒྱུས་དང་གཡུ་ཐོག་གསར་མའི་ལོ་རྒྱུས་གཉིས་ཧ་ལམ་ཞིག་གཅིག་ཡིན་པར་འདོད་པའི་ལྟ་ཚུལ་ལས་བྱུང་བ་ཞིག་རེད། དེས་ན་ང་ཚོས་གཤམ་དུ་གཡུ་ཐོག་གསར་རྙིང་གཉི་ཀའི་ལོ་རྒྱུས་ལས་གནད་འགག་སྐོར་ཞིག་བསྡུར་ཏེ་གླེང་བར་བྱ།
གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི། ༼བསྟན་རྩིས་ཀུན་བཏུས༽་སུ་སྤྱི་ལོ་768ལོར་འཁྲུངས་པར་བཤད། ༼དུང་དཀར་ཚིག་མཛོད༽་དུ། སྤྱི་ལོ་ དུས་རབས་བརྒྱད་708་པའི་ས་སྤྲེལ་ལོར་སྟོད་ལུང་སྐྱིད་སྣ་རུ་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་། ཡུམ་རྒྱ་བ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཞེས་གསལ། ༼སུམ་པའི་ཆོས་འབྱུང་༽དུ། 787མེ་ཡོས་ལོར་འཁྲུངས་ཞེས་གསལ། དེས་ན་འཁྲུངས་ལོ་ལ་བཤད་སྲོལ་མི་འདྲ་བ་གསུམ་ཙམ་འདུག སྤྱི་ལོ་785་ཆོས་རྒྱལ་མེས་ཨག་ཚོམ་དང་། ཁྲི་སྲོང་ལྡེ་བཙན་གཉིས་ཀྱི་བླ་སྨན་པ་མཛད། ༼བསྟན་རྩིས་ཀུན་བཏུས༽་སུ། 812་ལོ་སྟེ་ཆུ་འབྲུག་ལོར། ཁྲི་སྲོང་གི་བླ་སྨན་གཡུ་ཐོག་ཡོན་ཏན་མགོན་པོས་སྨན་རྒྱུད་བཞི་གཏེར་ནས་སྤྱན་དྲངས། ཞེས་གསལ་ཞིང་། དེ་ནི་གཡུ་ཐོག་རྙིང་མའི་རྣམ་ཐར་ལྟར་ཡིན་པར་བཤད། ༼ཚིག་གཏེར༽་དུ། དགུང་ལོ་ཞེ་ལྔ་པར་གསོ་རིག་འབུམ་བཞི་གཏེར་ནས་བཏོན། ཞེས་གསལ། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཐོག་འདས།
གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི། གཡུ་ཐོག་རྙིང་མ་ནས་བརྩིས་པའི་གདུང་རབས་བཅུ་གསུམ་པ་ཡིན་ཞེས་བོད་རྒྱ་ཚིག་མཛོད་དུ་བཤད། རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་1126་ལོར་གཙང་ཉང་སྟོད་སྒོ་བཞི་རེ་ཐང་དུ་འཁྲུངས། དགུང་ལོ་བཅུ་གཉིས་ཐོག་རོག་སྟོན་དཀོན་མཆོག་སྐྱབས་ཀྱི་མདུན་ནས་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས། དགུང་ལོ་བཅོ་བརྒྱད་པ་ནས་རྒྱ་གར་ལ་རིམ་བཞིན་ཐེངས་དྲུག་ཕེབས་ཏེ་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་དང་། དྲང་སྲོང་ཙ་ར་ཀ་སོགས་བསྟེན་ནས་དཔྱད་ཀྱི་གཞུང་ལུགས་ཐམས་ཅད་ཐུགས་སུ་ཆུད། རྡོ་རྗེ་གདན་དུ་པཎ་ཆེན་བརྒྱ་ཕྲག་དུ་མའི་ཚོགས་དཔོན་མཛད། སླར་བོད་དུ་ཕེབས་ནས་དཔལ་ལྡན་རྒྱུད་བཞི་གསེར་མཆན་དང་། ཟོང་མཆན་གཉིས་བཏབ། རྒྱུད་འཛིན་གྱི་བུ་སློབ་མང་ཡང་གཙོ་བོ་ནི་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་དབུ་མཛད་པའི་ལྗང་སྨན་ལེབ་སེ་དང་། འབལ་སྨན་ཉི་མ། སྟོན་པ་ཨ་ཚེས། ཤ་རམས་པ་ཉི་མ་དཔལ། གཡུ་ཐོག་བསོད་ནམས་སེང་གེ ༼བསོད་ནམས་སེང་གེ་ཡིན་ཡང་། ཚིག་གཏེར་དུ་བསོད་ནམས་དང་སེང་གེ་གཉིས་ཀྱི་བར་དུ་ཤད་བཞག་ཡོད། དེ་གཉིས་སོ་སོ་ཡིན་མིན་བརྟག༽དགེ་བཤེས་རོག་ཆུང་སོགས་མཁས་པ་མིང་དོན་མཚུངས་པ་སུམ་བརྒྱར་ཉེ་བ་བྱུང་། དགུང་ལོ་བདུན་ཅུ་རྩ་བདུན་སྟེང་དུ་ཕེབས་པའི་རབ་བྱུང་གསུམ་པའི་ཆུ་ཁྱི་སྤྱི་ལོ་1202ལོར་སྐུ་གཤེགས། ཞེས་གསལ།
གོང་འཁོད་ཀྱི་ནང་དོན་གཉིས་ནི་གཡུ་ཐོག་གསར་རྙིང་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་རེ་བཏུས་ནས་སྤེལ་བ་ཡིན། ང་ཚོས་གོང་གི་ལོ་རྒྱུས་མདོར་བསྡུས་ལས་ཤེས་ཐུབ་པ་ཞིག་ནི། གཡུ་ཐོག་རྙིང་མའི་འཁྲུངས་ལོ་ལ། བཤད་ཚུལ་མི་འདྲ་བ་གསུམ་སྟེ། ༼དུང་དཀར་ཚིག་མཛོད༽་དང་། ༼ཚིག་གཏེར༽་སོགས་ཀྱི་བཤད་ཚུལ་ལྟར་ན། སྤྱི་ལོ་708སྟེང་འཁྲུངས་པར་བཤད་པ་དང་། ༼བསྟན་རྩིས་ཀུན་བཏུས༽་ལྟར་ན། སྤྱི་ལོ་ཡང་768ལོར་འཁྲུངས་པར་བཤད་པ་དང་། ༼སུམ་པའི་ཆོས་འབྱུང་༽ལྟར་ན། སྤྱི་ལོ་787ལོར་འཁྲུངས་པར་བཤད། མདོར་ན་ཚང་མས་དགུང་ལོ་བརྒྱ་དང་ཉེར་ལྔ་བཞུགས་པར་བཤད་དོ།།
དེས་ན་འདས་ལོ་ནི་༼དུང་དཀར་ཚིག་མཛོད༽་དང་། ༼ཚིག་གཏེར༽་སོགས་ལྟར་ན། སྤྱི་ལོ་832་གཤེགས་པར་གསལ། ༼བསྟན་རྩིས་ཀུན་བཏུས༽་ལྟར་ན། འདས་ལོ་ནི་892ལོར་འཁེལ་འདུག ༼སུམ་པའི་ཆོས་འབྱུང་༽ལྟར་ན། སྤྱི་ལོ་911ལོར་འདས་པར་བཤད་དོ།།
གཡུ་ཐོག་གསར་མ་ནི་སྤྱི་ལོ་1126ལོར་འཁྲུངས་པ་དང་། སྤྱི་ལོ་1202ལོར་འདས། དེ་གཉིས་ཀྱི་བར་ལ་ལོ་ཚད་ཉིས་བརྒྱ་ལྷག་གི་བར་ཁྱད་ཡོད། གཞན་གཡུ་ཐོག་རྙིང་མའི་འཁྲུངས་ཡུལ་ནི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་པ་དང་། གཡུ་ཐོག་གསར་མའི་འཁྲུངས་ཡུལ་ནི་གཙང་ཉང་སྟོད་ཕྱོགས་སུ་རེད། དེ་བཞིན་དུ། ཁོང་གཉིས་ཀྱི་དགེ་རྒན་བསྟེན་ཚུལ་དང་སློབ་གཉེར་བྱེད་སའི་གདན་ས་ཁག་ཀྱང་རྩ་བ་ནས་མི་གཅིག་པས་དེ་གཉིས་གཅིག་ཡིན་ཚུལ་གྱི་ནོར་བ་དེ་འབྱུང་དགོས་དོན་མེད་དོ།།
ད་ནི་སྐབས་སུ་བབ་པའི་གནད་དོན་དངོས་ནི། གཡུ་ཐོག་རྙིང་མ་འཁྲུངས་ཡོད་མེད་དེ་རེད། དེས་ན་གཡུ་ཐོག་རྙིང་མ་བྱ་བ་ཞིག་འཇིག་རྟེན་འདིར་དངོས་སུ་བྱོན་ཡོད་དམ་ཞེ་ན་ཡོད་དེ། གཤམ་དུ་ངེད་ཀྱིས་གཡུ་ཐོག་རྙིང་མ་བྱ་བ་ཞིག་འཁྲུངས་ཡོད་པའི་སྐོར་གྱི་ཡིག་ཚང་གལ་ཆེན་གཉིས་ལས་འཕྲོས་ཏེ་གཡུ་ཐོག་རྙིང་མ་འཁྲུངས་ཡོད་ཚུལ་གྱི་བདེན་དཔང་བྱེད་ཀྱི་ཡིན།
བདེན་དཔང་ཡིག་ཆ་གཅིག་ནི། ཉེ་ཆར་ཀརྨ་བདེ་ལེགས་ལགས་ནས་མཁོ་སྤྲོད་བྱས་པའི་དུས་རབས་བཅུ་གཉིས་ཡས་མས་ཀྱི་དཔེ་རྙིང་སྟེ་༼བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།༽ བྱ་བ་དེ་ཡིན་ལ། དཔེ་ཆ་དེ་ནི་ད་ཕན་བཞུགས་པའི་༼རྒྱུད་བཞི༽་སྐོར་གྱི་དཔེ་ཆ་རྙིང་ཤས་ཡིན་པར་འདོད། དཔེ་ཆ་དེའི་ལོ་ཚད་ཏག་ཏག་ཅིག་བཤད་དཀའ་ཡང་། ལྷ་སྐུ་དག་གི་འབྲི་སྟངས་དང་། ཡིག་ཚུགས་བཅས་ལ་དཔྱད་ན། མ་མཐའ་ཡང་དཔེ་ཆ་དེ་ནི་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་རེད་བསམ་གྱིན་ཡོད།
དཔེ་ཆ་དེའི་མཇུག་བྱང་དུ། “རྒྱུད་པ་ལོ་རྒྱུས་ཀྱི་ཆིངས་ལ། བྷཱཻ་རོ་ཙ་ན་ཡས་ཆད། སྟོང་ཐུན་མཛེས་པའི་གཞའ་རིས་ནས། བཞུགས་པ་རྒྱ་གར་བརྒྱུད་པའོ།། བོད་དུ་བརྒྱུད་པ་གཡུའ་ཐོག་མགོན་པོ། གཡུའ་རྒ་རྒ། དེས་གཡུའ་ཐོག་དཔལ་བཟངས། དེས་འཁུན་སྨན་ཐང་ཆུང་བ་བསོད་ནམས་འོད་ལ། དེས་ལྷ་རྗེ་ལྷ་སྟོན་དང་གྲགས་པ་ལའོ།།
ཡང་གཡུ་ཐོག་མགོན་པོས། རོག་ཤེས་རབ་དབང་ལ། དེས་རོག་དགོན་གཟུངས། དེས་རོག་བསོད་རྒྱལ་ལ། དེས་བསོད་ནམས་འོད་ལ། དེས་སློབ་དཔོན་དབང་གྲགས་ལའོ།། ” ༼ལྡེབ་མ་78བཞུགས། ༽ ཅེས་གསལ། གཡུ་ཐོག་རྙིང་མའི་རྣམ་ཐར་རྣམས་སུ། གདུང་རྒྱུད་འཛིན་པའི་སྲས་འབུམ་སེང་དང་། དཔལ་འབུམ་དང་། དགའ་དགའ་གསུམ་འཁྲུངས་ཞེས་གསལ་བ་དང་། གོང་གི་རྒྱུད་བཞིའི་བརྒྱུད་ཡིག་ཏུའང་གཡུ་ཐོག་རྙིང་མ་ནས་རྒ་རྒ་ལ་བརྒྱུད་པར་གསལ་བ་དང་། དགའ་དགའ་དང་རྒ་རྒ་གཉིས་ནི་ཡི་གེ་འབྲི་སྟངས་མི་འདྲ་བ་ཙམ་ལས་དོན་དུ་གཅིག་ཡིན་པ་དོན་གྱི་བབ་ལ་གཞིགས་ན་ཤེས་ཐུབ།
ད་དུང་གནད་དོན་གཞན་ཞིག་ནི་གཡུ་ཐོག་གསར་མའི་ལོ་རྒྱུས་ཁག་ཏུ། ཁོང་གིས་རོག་སྟོན་དཀོན་མཆོག་སྐྱབས་ཀྱི་མདུན་ནས་རྒྱུད་བཞི་རྫོགས་པར་སྦྱངས་ཞེས་གསལ། གོང་གི་རྒྱུད་བཞིའི་བརྒྱུད་ཡིག་ཏུའང་རོག་མཚན་ཅན་གྱི་སློབ་བརྒྱུད་གསུམ་བཞི་ཞིག་བྱོན་ཡོད་པ་དེས་ཀྱང་གཡུ་ཐོག་གསར་མའི་གོང་ན་གཡུ་ཐོག་རྙིང་མའི་གདུང་རྒྱུད་ཀྱི་མཚན་ཅན་གསུམ་བཞི་དང་། སློབ་བརྒྱུད་ཀྱི་ཁྲོད་ནས་རོག་མཚན་ཅན་ཡང་གསུམ་བཞི་ཞིག་བྱོན་ཡོད་པ་མངོན་གསལ་རེད། དེས་ན་གོང་གི་ནང་དོན་ཁག་ལས་ང་ཚོས་གསལ་བོར་ཤེས་ཐུབ་པ་ཞིག་ནི་གཡུ་ཐོག་གསར་མ་མ་བྱོན་སྔོན་དུ། གཡུ་ཐོག་མགོན་པོ་དང་གཡུ་ཐོག་དགའ་དགའ་སོགས་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ཆར་ནས་བརྒྱུད་པ་དྲུག་ལྷག་ཅིག་བྱུང་ཡོད་དོ།།
བདེན་དཔང་ཡིག་ཆ་གཉིས་པ་ནི། ཤིན་ཏུ་གལ་ཆེ་སྟེ། དེ་ནི་ཡོངས་གྲགས་སུ་ནག་ཚོ་ལོ་ཙཱ་བའི་ཇོ་བོའི་ལམ་ཡིག་ཏུ་གྲགས་པ་དང་། མཚན་དངོས་ལ་༼ཇོ་བོ་རྗེ་མར་མེ་མཛད་ཡེ་ཤེས་དཔལ་གྱི་རྣམ་ཐར་རྒྱས་པ༽་བྱ་བ་ཡིན་ནོ།།༼ལྡེབ་མ20སྟེང་།༽ དེ་ཉིད་ལས། ” ཇོ་བོའི་ཞལ་ནས་རྒྱའི་སྨན་རེ་ལ་བོད་ན་དོད་པོ་རེ་ཅི་ནས་འདུག་སྟེ་སླར་ལ་བོད་ཀྱི་སྨན་ནུས་པ་ཆེ་ཙམ་འདུག ཁྱད་པར་དུ་དབུལ་ཕོངས་རྣམས་ལ་ཕན་པར་འདུག་གསུང་། ཇོ་བོ་ཐང་སྨན་གྱི་སྦྱོར་བ་ཁ་བསོས་གཅིག་སྡེབ་བྱ་བ། མཁས་པ་གཡུ་ཐོག་གི་བརྒྱུད་པས་ཤེས་ཏེ་ནན་ཏར་སྨན་དཔྱད་ལ་མཁས་པ་ཡིན། ཞེས་པ་དང་། ཡང་དེ་ཉིད་ལས། ཇོ་བོས་བསམ་ཡས་སུ་སྨན་དཔྱད་ཡན་ལག་བརྒྱད་པ་གསུང་བའི་དུས་སུ། ” ཞེས་གོང་འཁོད་ཀྱི་ནང་དོན་དེ་ནི། གཡུ་ཐོག་རྙིང་མ་འཁྲུངས་ཡོད་མེད་ཐད་ནས་འགག་རྩར་ཐུག་པའི་བདེན་དཔང་ཞིག་སྟེ། ལར་ཡིན་ན་གཡུ་ཐོག་རྙིང་མ་འཁྲུངས་ཡོད་ཚུལ་གྱི་བདེན་དཔང་འདི་གཅིག་པུ་ལས་མི་དགོས་སོ།། དེ་ཅི་ཡིན་ཞེ་ན། ནག་ཚོ་ལོ་ཙཱ་བའི་ཇོ་བོའི་ལམ་ཡིག་གམ་༼ཇོ་བོ་རྗེ་མར་མེ་མཛད་ཡེ་ཤེས་དཔལ་གྱི་རྣམ་ཐར་རྒྱས་པ༽་ཞེས་པ་འདི་ནི། ནག་ཚོ་ལོ་ཙཱ་བས་གསུངས་ཤིང་ཕྱག་སོར་བས་ཡི་གེར་བཏབ་པ་ཞིག་རེད། དེའི་ཕྱིར། ཡོངས་གྲགས་སུ་རྣམ་ཐར་དེ་ལ་ནག་ཚོའི་ཇོ་བོའི་ལམ་ཡིག་རྒྱས་པར་གྲགས།
དཔེ་ཆ་འདིར་འཁོད་པའི་གཡུ་ཐོག་པ་ནི་གཡུ་ཐོག་རྙིང་མར་བཤད་པ་ནི་གོར་མ་ཆག་སྟེ། ཇོ་བོ་རྗེ་ནི་སྤྱི་ལོ་1054ལོར་སྐུ་གཤེགས་པ་དང་། ནག་ཚོ་ལོ་ཙཱ་བ་ཡང་སྤྱི་ལོ་1064ལོར་འདས་པ་རེད། གཡུ་ཐོག་གསར་མ་ནི་སྤྱི་ལོ་1126ལོར་འཁྲུངས་པ་ཡིན་པས། དེས་ན་ཇོ་བོ་རྗེས་གསུངས་པའི་གཡུ་ཐོག་སྨན་པ་ནི་གཡུ་ཐོག་རྙིང་མར་གོ་བ་ནི་ལོ་རྒྱུས་ཤེས་བྱའི་རྨང་གཞི་ཙམ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།།
མདོར་ན། གཡུ་ཐོག་རྙིང་མ་ཟེར་བ་ཞིག་བྱོན་ཡོད་པའི་བདེན་དཔང་ནི་གོང་གི་ལོ་རྒྱུས་ཡིག་ཚང་དེ་གཉིས་ཀྱིས་ར་སྤྲོད་བྱས་ཡོད་པས། ད་ནི་གཞན་ཁུངས་ལུང་གང་ཡང་མི་དགོས་ཏེ། གཟུར་གནས་བློ་ལྡན་སུས་ཀྱང་དེ་ལ་རྩོད་པ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མི་འདུག
ལར་ང་ལ་མཚོན་ན། གཡུ་ཐོག་རྙིང་མ་མེད་སོང་ན་བོད་ཀྱི་གསོ་རིག་གི་བསྟན་པ་མཇུག་རྫོགས་སོང་བ་ལྟ་བུའི་འཇིགས་སྐྲག་དང་བྲེད་ཤ་ནི་མི་ལང་ཡང་། འོན་ཏེ། གོང་དུ་བཤད་པ་ལྟར། བདེན་པའི་གནས་ལུགས་ལ་འབད་པས་བཙལ་ནས་བདེན་པ་སྐྱོར་བ་ནི་ལོ་རྒྱུས་སྨྲ་བ་པོ་ཞིག་གི་འགན་འཁྲི་ཡིན་སེམས་ཀྱི་ཡོད།
ཅེས་པ་འདི་ནི། ལྷ་རིས་པའི་མིང་ཙམ་ཐོབ་མཁན་ཚངས་དབང་དགེ་འདུན་བསྟན་པ་ཞེས་འབོད་པ་དེས་སྤྱི་ལོ་2015ཟླ་བ་4ཚེས་15་ལ་བྲིས་པ་དགེའོ།།
རྩོམ་ཁུངས། བཙན་པོ་ཚང་།
རྩོམ་འདིའི་སྦྲེལ་ཐག http://www.tsanpo.com/forum/11876.html
ཇོ་བོ་ཐང་སྨན་གྱི་སྦྱོར་བ་ཁ་བསོས་གཅིག་སྡེབ་བྱ་བ། མཁས་པ་གཡུ་ཐོག་གི་བརྒྱུད་པས་ཤེས་ཏེ་ནན་ཏར་སྨན་དཔྱད་ལ་མཁས་པ་ཡིན།
གཡུ་ཐོག་རྙིང་མ་ཡོད་པར་སྒྲུབ་མཁན་དང་མེད་པར་སྒྲུབ་མཁན་དེང་གི་རྩོད་མཁན་ཚང་མར་ཡིད་ཆེས་འཕེར་བ་མིན་འདུག ཁྱེད་ཚོའི་རྩོད་པ་འདི་ཞིབ་འཇུག་དང་དངོས་ཡོད་བདེན་འཚོལ་གྱི་ལག་ལེན་མ་ཡིན་པར། ཆོལ་ཁ་དང་། ཆོས་ལུགས་ཀྱི་འཐེན་འཁྱེར་སྙིང་གཏིང་ལ་བཞུགས་ནས་སྤེལ་བཞིན་འདུག
ཁྱེད་ཚོའི་ཞིབ་འཇུག་དེ་འཆལ་ཡན་གྱི་ཞིབ་འཇུག་རེད་ཟེར་དགོས་དོན་ནི། ཁྱེད་ཚོས་ཤོག་ལྷེ་རྐང་གཅིག་འཁྱེར་ཡོང་ནས་གཡུ་ཐོག་པ་ཡོད་ཟེར་བ་དང་། གཅིག་ཤོས་ཀྱིས་ཤོག་ལྷེ་གཞན་པ་ཞིག་འཁྱེར་ཡོང་ནས་མེད་ཟེར། འདི་ཞིབ་འཇུག་པ་མ་རེད། དེ་གཞན་གྱི་རྗེས་བྲང་པ་རེད། ཡོད་ཟེར་མཁན་དང་མེད་ཟེར་མཁན་གཉིས་ཀར་ཤོག་ལྷེ་རེ་གཉིས་ལས་སྟོན་རྒྱུ་མིན་འདུག
ཞིབ་འཇུག་གཏིང་ཟབ་བྱེད་མཁན་ཡིན་ན། ཡོད་ཟེར་མཁན་དེ་དག་གི་དཔེ་རྙིང་ཤོག་བུ་དེ་དག་འཕྲུལ་འཁོར་ནང་བཏང་ནས་ཤོག་བུའི་ལོ་ཚད་བཙལ་དགོས། སྣག་ཚའི་ལོ་ཚད་བཙལ་དགོས།